བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ།
ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༦ཚེས་༨ཉིན། དེ་རིང་ཞོགས་པར་བཞུགས་སྒར་དྷ་རམ་ས་ལར་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་༢༢པ་དེ་འགོ་འཛུགས་བྱས་ཡོད་པ་དང༌། ཚོགས་འདུ་དེར་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང༌། ༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྣམ་གཉིས་ཀྱིས་གཙོས། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་བཅས་མཉམ་ཞུགས་བྱས་ཡོད་པ་རེད།
བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་འདི་ནི་ཕྱི་ལོ་༡༩༩༩ལོར་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་འཛུབ་སྟོན་འོག་གསར་འཛུགས་བྱས་པ་ཞིག་དང༌། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་༢༡པ་དེ་འདི་ལོ་ཕྱི་ཟླ་༣པའི་ནང་བོད་མི་མང་སྤྱི་འཐུས་སྐབས་༡༤པའི་གྲོས་ཚོགས་ཚོགས་དུས་༩པ་མཇུག་སྒྲིལ་མཚམས་སུ་ཚོགས་ཡོད་པ་རེད།
འོན་ཀྱང་ཉིན་གཉིས་རིང་གི་ཚོགས་འདུ་དེར་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་དང༌། ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་བློན་བསྟན་པ་ཚེ་རིང་མཆོག་དང༌། ལྷོ་ཨ་རི་འབྲེལ་མཐུད་ལས་ཁུངས་ཀྱི་ཚེ་དབང་ཕུན་ཚོགས་ལགས། སྐུ་སྒེར་ཟུང་དྲུང་བསྟན་འཛིན་སྟག་ལྷ་བཅས་མཉམ་ཞུགས་གནང་ཐུབ་མེད་པ་རེད།
འདི་ལོ་ཕྱི་ཟླ་༡ཚེས་༢༦ནས་༣༡བར་བོད་རྒྱ་འབྲེལ་མོལ་ཐེངས་༩དེ་གནང་ཡོད་པ་དང༌། སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཚབ་ཚོས་རྒྱ་ནག་གི་དབང་འཛིན་པ་ཚོར་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་༼བསམ་འཆར་༽ཞིག་བཀའ་མོལ་དང་འབྲེལ་བརྗོད་ཇི་ལྟར་བྱས་ནའང༌། རྒྱ་ནག་གི་དབང་འཛིན་པ་ཚོས་༼བསམ་འཆར་༽དེ་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་འགལ་ཚུལ་གྱིས་ངོས་ལེན་བྱས་མེད་པ་རེད། འོན་ཀྱང་ཕྱོགས་གཉིས་ནས་ད་དུང་ཡང་མུ་མཐུད་ནས་འབྲེལ་མོ་གནང་འཆར་ཡོད་སྐོར་བརྗོད་བཞིན་ཡོད་པ་རེད།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།