གཞོན་སྐྱེས་ཚོས་ངེས་པར་དུ་དབུ་མའི་ལམ་གྱི་ངོ་བོ་ཤེས་དགོས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༦ཚེས་༣ཉིན། དབུ་མའི་ལམ་ལ་དགག་ནའང་དབུ་མའི་ལམ་གྱི་ངོ་བོ་ཤེས་དགོས་པ་དང༌། དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་ནང་དོན་མ་ཤེས་པའི་ཐོག་ནས་རྒྱབ་སྐྱོར་གནང་བ་ཡིན་ན་རྨོངས་དད་ཆགས་ཀྱི་ཡོད་པ་རེད་ཅེས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་རིགས་གཞོན་སྐྱེས་རྣམས་ལ་གསུངས།

དེ་རིང་སྔ་དྲོ་དྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་བདེ་སྐྱིད་ཚེ་རིང་ཚོགས་ཁང་དུ། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས། བོད་རིགས་གཞོན་སྐྱེས་སྟོང་ཕྲག་ལས་རྒལ་བར་ཆོས་སྲིད་ཟུང་འབྲེལ་དང༌། དབུ་མའི་ལམ་གྱི་སྲིད་ཇུས། བོད་རྒྱ་འབྲེལ་མོལ་བཅས་ཀྱི་སྐོར་བཀའ་སློབ་དང་གསུང་བཤད་རིམ་པ་གནང་ཡོད་པས་མ་ཚད། དེ་རྗེས་དྲི་བར་དྲིས་ལན་ཡང་གནང་ཡོད་པ་རེད།

དེ་ཡང་བཀའ་བློན་ཁྲི་པ་མཆོག་གིས། ཆོས་ལུགས་རིས་མེད་དང་ཆོས་སྲིད་ཟུང་འབྲེལ་ཅིག་བྱས་ན་སྟབས་བདེ་པོ་རང་མེད་འགྲོ་བསམ་གྱི་ཡོད་པ་རེད། འོན་ཀྱང་ད་ལྟ་ང་ཚོའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ལ་ཆོས་སྲིད་ཟུང་འབྲེལ་ཟེར་བའི་ཚིག་དེ་ཡོད་པ་རེད། ད་ལྟ་ང་ཚོས་ཆོས་སྲིད་ཟུར་འབྲེལ་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་བཅའ་ཁྲིམས་ཀྱི་དོན་ཚན་དེ་ག་རང་དུ་ཆབ་སྲིད་ཀྱི་ངོ་བོ་བཤད་པའི་སྐབས་སུ་ཆོས་སྲིད་ཟུང་འབྲེལ་ཟེར་བ་དེ་འཁོད་པ་རེད་མ་གཏོགས། བཅའ་ཁྲིམས་རང་གི་སྒྲོམ་གཞིའི་ཟུར་བཅད་ལ་བལྟས་པ་ཡིན་ན། ཆོས་ལུགས་རིས་མེད་ཀྱི་སྒྲོམ་གཞི་དེ་ཡོད་པ་རེད། ཆོས་སྲིད་ཟུང་འབྲེལ་ཟེར་བའི་ཚིག་དེར་འབྲེལ་བཤད་ཡོད་པ་མ་རེད་ལ། ཆོས་དང་སྲིད་ཟུང་དུ་འབྲེལ་བའི་ཆོས་དེ་ག་རེ་ཡིན་མིན་གྱི་ངོས་འཛིན་ཡང་བཅའ་ཁྲིམས་ནང་ཡོད་པ་མ་རེད། ངས་གོང་དུ་ཞུས་པ་ནང་བཞིན་ནུབ་ཕྱོགས་སུ་ཆབ་སྲིད་ཀྱི་གནས་བབ་ཡར་རྒྱས་ཕྱིན་པའི་སྐབས་སུ། གང་མཚམས་ཤིག་ནས་ཆོས་དང་ཆབ་སྲིད་གཉིས་མཉམ་དུ་འགྲོ་མ་ཐུབ་པ་ཆགས་ནས། ཆོས་དང་སྲིད་ལོགས་སུ་དབྱེ་དགོས་པའི་དུས་ཚོད་ཅིག་ཤར་བ་རེད། དེའི་སྐབས་སུ་འཇིག་རྟེན་སྲིད་ལུགས་རྐྱང་པ་ཟེར་བ་སྲིད་ལུགས་རྐྱང་པའི་རྣམ་བཞག་དར་བ་རེད། དེ་ཡང་དབྱིན་ཇིའི་སྐད་དུ་ secular ཟེར་གྱི་ཡོད་པ་རེད། སྤྱིར་ secular ཟེར་བའི་ཚིག་དེར་འབྲེལ་བཤད་མང་པོ་ཡོད་པ་རེད་ལ། འབྲེལ་བཤད་རྒྱག་རྒྱུ་ཁག་པོ་ཡང་ཡོད་པ་རེད། འོན་ཀྱང་ཁོང་ཚོས་རྒྱུན་དུ་བཤད་སྟངས་བྱས་པ་ཡིན་ན། དགོན་པ་དང་ཆབ་སྲིད་ལོགས་སུ་དབྱེ་བ་ཡིན་ཞེས་ཟེར་གྱི་ཡོད་པ་རེད།

དགོན་པ་དང་ཆབ་སྲིད་ལོགས་སུ་ཕྱེ་བ་ཡིན་ཟེར་བ་ལས་ཆོས་དང་ཆབ་སྲིད་ལོགས་སུ་ཕྱེ་བ་ཡིན་ཞེས་ལབ་ཀྱི་ཡོད་པ་མ་རེད།  The separation of church state ཟེར། church ཟེར་དུས་དགོན་པ་ཡང་ཟེར་གྱི་རེད་ལ་ལྷ་ཁང་ཟེར་གྱི་རེད། ཆོས་ལུགས་ཀྱི་སྒྲིག་འཛུགས་ཀྱང་ཟེར་གྱི་ཡོད་པ་རེད། ཇི་ཙམ་ཆོས་ལུགས་ཀྱི་སྒྲིག་འཛུགས་དང་ཆབ་སྲིད་ཀྱི་སྒྲིག་འཛུགས་ལོགས་སུ་ཕྱེ་བའི་དགོས་མཁོ་ཞིག་བྱུང་བ་རེད། དེའི་རྗེས་ལ་ཆབ་སྲིད་ཀྱི་གནས་བབ་ཇེ་བཟང་དུ་ཕྱིན་པ་རེད། མ་གཏོགས་དགོན་པ་དང་རྒྱལ་ཁབ་ལོགས་སུ་ཕྱེ་ནས། ལུང་པ་དང་གཞུང་ལོགས་སུ་བཟོས་ནས་ཆབ་སྲིད་ཀྱི་གནས་བབ་སྡུག་ཏུ་ཕྱིན་ཡོད་པ་མ་རེད། འོན་ཀྱང་ཁྱོན་ཡོངས་ཀྱི་སྤྱི་ཚོགས་ཀྱི་གནས་བབ་ཉམ་ཆགས་ཕྱིན་པ་དེ་གནས་ཚུལ་གཞན་ཞིག་རེད།

བོད་ནང་ལ་ནང་པའི་ཆོས་དེ་ཁྱབ་སྤེལ་བྱུང་བ་ནས་བཟུང་སྟེ། བོད་ཀྱི་ཆོས་རྒྱལ་རིམ་བྱོན་དང་ཆབ་སྲིད་ཀྱི་དབང་འཛིན་པ་མང་ཆེ་བ་ནང་པའི་ཆོས་ལ་མོས་པ་ཡོད་པའི་དབང་གིས། བོད་ཀྱི་ཆབ་སྲིད་སྐྱོང་སྟངས་དེ་གང་ལ་གང་འཚམ་གྱིས་ཆོས་དང་མཐུན་པ་ཆགས་ཡོད་པ་རེད། འོན་ཀྱང་བརྒྱ་ཆ་བརྒྱ་ཐམ་པ་ཆོས་དང་མཐུན་པ་བྱུང་ཡོད་པ་མ་རེད། གཅིག་བྱས་ན་བརྒྱ་ཆ་བརྒྱ་ཐམ་པ་ཆོས་དང་མཐུན་པ་བྱེད་སྟངས་ཀྱང་མ་ཤེས་པ་ཡིན་གྱི་རེད། གང་ལྟར་ཆོས་དང་མཐུན་པའི་ཆོས་ཀྱི་རྒྱལ་སྲིད་སྐྱོང་ཟེར་བ་དེའི་གོ་དོན་དེ་ཆབ་སྲིད་ཀྱི་དབང་འཛིན་པ་ཚོས་ཆོས་བྱེད་པ་ཚོ་ལ་སྲུང་སྐྱོབ་དང༌། མཐུན་རྐྱེན་སྐྲུན་ཡ་སོགས་ལ་ཆགས་བཞག་རྒྱུ་ལས་ཆབ་སྲིད་ཀྱི་ལས་དོན་གང་ཡིན་པ་ཆ་ཚང་ཆོས་དང་མཐུན་པ་བྱེད་རྒྱུའི་བསམ་བློ་འཁོར་ཡོད་པ་མ་རེད།

རྒྱལ་ཁབ་ནང་ལ་ཆོས་ཡོད་པ་རེད་ལ་སྲིད་ཀྱང་ཡོད་པ་རེད། ཆོས་སྲིད་གཉིས་ལྡན་རེད། འོན་ཀྱང་རྒྱལ་ཁབ་ཀྱི་ཆབ་སྲིད་ཡོངས་སུ་རྫོགས་པ་དེ་ཆོས་དང་མཐུན་པ་ཞིག་བྱུང་ཡོད་པ་མ་རེད། དམག་བརྒྱབ་པ་རེད་ལ་འཚེ་བ་ཡང་བྱུང་བ་རེད། མི་ཡང་བསད་ཀྱི་ཡོད་དུས་ཆོས་དང་མི་འཐུན་པ་མང་པོ་ཞིག་ཆབ་སྲིད་ཀྱི་མིང་ཐོག་ནས་བྱས་པ་དེ་ཚོ་རེད། དེར་བརྟེན་བོད་ཀྱི་འདས་པའི་བྱུང་རབས་ལ་བལྟས་པ་ཡིན་ན། བོད་པའི་ཆབ་སྲིད་དེ་འདྲ་མིན་སྣ་ཚོགས་ཤིག་ཆགས་བསྡད་ཡོད་པ་རེད། དེའི་དབང་གིས་ད་ལྟ་བོད་པའི་གནས་བབ་འདི་འདྲ་ཞིག་ཡོང་དགོས་པ་དེ་འདས་པའི་ལོ་༢༠༠ནས་༢༥༠ ཡས་མས་སུ་ང་རང་ཚོ་བོད་སྤྱི་པའི་བྱེད་ཚུལ་དང་ཉེས་པ་བསགས་ཡོད་པའི་གྲུབ་འབྲས་ཤིག་ཡིན་པ་བཤད་མི་དགོས་པ་རེད།

ཆབ་སྲིད་ཀྱི་སྲིད་ཇུས་གང་འདྲ་ཞིག་གཏན་ལ་ཕབ་ཡིན་ནའང༌། ཕྲལ་ཕུགས་རྒྱང་གསུམ་གྱི་གནས་ཚུལ་མང་པོ་ཞིག་ལ་བསམ་ཤེས་དང་གོ་རྟོགས་ཆེན་པོ་ཡོད་པའི་ཐོག་ནས་བྱེད་མ་ཐུབ་པ་ཡིན་ན། རྒྱལ་ཁབ་དང་མི་རིགས་ལ་དཀའ་ངལ་འཕྲད་རྒྱུ་ཡིན་པ་དེ་རང་བཞིན་ཞིག་རེད། ཕྱི་ལོ་བརྒྱ་ཕྲག་༡༧པའི་འཇུག་ཙམ་ནས་ཕྱི་ལོ་བརྒྱ་ཕྲག་༢༠པའི་འགོ་སྟོད་ཙམ་གྱི་བར་དུ་ང་ཚོ་བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་ཇི་བཞིན་ཚང་བ་མེད་པ་དང༌། སྲིད་ཇུས་འདི་འདྲ་ཞིག་ཡིན་ཟེར་བ་ཡང་མེད་པ། ཉིན་རེ་ཉིན་རེ་ཆབ་སྲིད་དབང་འཛིན་པ་ཚོས་རང་གི་་་ཁེ་བཟང་་་ཆེ་མཐོང་་་་གཅིག་པུར་འབད་པ་དེ་བྱུང་བ་རེད། ཕྱོགས་གཅིག་ནས་ང་རང་ཚོས་མ་བྱུང་བ་རེད། ཕྱོགས་གཅིག་ནས་སོག་པོས་བཙན་འཛུལ་དང་རྒུལ་ཤུགས་དེ་འདྲའི་རྐྱེན་གྱིས་བྱུང་བ་ཞིག་རེད།

གང་ལྟར་ཕྱི་ལོ་༡༦༤༢ལོར་དགའ་ལྡན་ཕོ་བྲང་གི་གཞུང་བཙུགས་པ་ནས་བཟུང་ཆོལ་གསུམ་བོད་རིགས་སྤྱི་ལ་དབང་བའི་དབུས་ཀྱི་གཞུང་༧གོང་ས་སྐྱབས་མགོན་ཆེན་པོས་དབུ་ཁྲིད་པ་དེ་ཡང་གནས་བབ་ཅིག་གི་ཐོག་ནས་འགོ་འཛུགས་དེ་ཧ་ཅང་གི་ཡག་པོ་ཞིག་བྱུང་བ་རེད། འོན་ཀྱང་༧རྒྱལ་དབང་ལྔ་པ་དགོངས་པ་གཞན་དོན་དུ་བཤེགས་སྐབས་དུས་ཡུན་རིང་པོ་ཞིག་ལ་གསང་རྒྱ་བྱས་ནས། ༧རྒྱལ་མཆོག་དྲུག་པའི་ཡང་སྲིད་ངོས་འཛིན་དེ་ཧ་ཅང་ཕྱི་པོ་ཆགས་པ་རེད། ༧རྒྱལ་མཆོག་དྲུག་པ་ངོས་འཛིན་གནང་བའི་རྗེས་ལ་གོ་ཤྲིར་དང་སྡེ་སྲིད་དབར་ཐུགས་མ་འཆམ་པ་བྱུང་བ་རེད། ཡང་བསྐྱར་སོག་པོ་གཞན་པ་ཞིག་གིས་མངའ་ཐང་ནས་དམག་བརྒྱབ་པ་དེ་འདྲའི་རྐྱེན་གྱིས་༧རྒྱལ་མཆོག་དྲུག་པས་རྒྱལ་སྲིད་བཞེས་མ་ཐུབ་པ་དང༌། རྒྱལ་མཆོག་དྲུག་པ་རྒྱ་ནག་ཏུ་གདན་འདྲེན་ཞུས་པའི་ལམ་བར་དུ་དགོངས་པ་རྫོགས་པ་དང་༧རྒྱལ་མཆོག་བདུན་པའི་ངོས་འཛིན་དེ་ཡང་སོག་པོས་དཀའ་རྙོག་ལ་བརྟེན་ནས་མགྱོག་པོར་གདན་འདྲེན་ཞུས་མ་ཐུབ་པ། ༧རྒྱལ་མཆོག་བདུན་པ་ཁྲི་ལ་བཀོད་པའི་རྗེས་སུའང་བོད་ཀྱི་བཀའ་བློན་ནང་ཁུལ་མ་འཆམ་པ་སོགས། དེ་འདྲའི་རྐྱེན་གྱིས་༧རྒྱལ་མཆོག་བདུན་པ་ནས་བཟུང་༧རྒྱལ་བ་སྐུ་ཕྲེང་༡༢པའི་བར་དུ་བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་འཐུས་ཤོར་མང་ཤོས་འགྲོ་བའི་དུས་སྐབས་ཤིག་རེད།

༧རྒྱལ་བ་སྐུ་ཕྲེང་༡༣པའི་སྲིད་དབང་བདག་གིར་བཞེས་པ་ནས་བཟུང་སྟེ། སྐུ་ངལ་མང་པོ་ཞིག་བཀྱོན་ནས་བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་དེ་བསྐྱར་གསོ་གནང་རྒྱུར་འབད་བརྩོན་ཆེན་པོ་གནང་ཡོད་ནའང༌། ༧རྒྱལ་བ་རིན་པོ་ཆེའི་དགོངས་བཞེས་གང་ཡོད་པ་དེ་སྲིད་ཞུ་སྣེ་མོ་བ་ཚོས་བསྒྲུབས་མ་ཐུབ་པའི་གནས་སྟངས་མང་པོ་ཞིག་བྱུང་བ་རེད།

དེ་ནས་༧རྒྱལ་བ་སྐུ་ཕྲེང་༡༤པ་ཆེན་པོས་ཆབ་སྲིད་བདག་གིར་བཞེས་པའི་སྐབས་སུའང་ཆབ་མདོ་མན་ཆད་བོད་རྒྱ་མིས་དབང་སྒྱུར་བྱས་ཚར་བ་རེད། ༧རྒྱལ་བ་སྐུ་ཕྲེང་༡༤པའི་ཆབ་སྲིད་བདག་གིར་བཞེས་པའི་རྗེས་ནས་གནས་ཚུལ་མང་པོ་ཞིག་གཞན་དབང་སྟབས་བསྟུན་དགོས་པའི་གནས་སྟངས་ཤིག་བྱུང་བ་རེད། འོན་ཀྱང་གནས་ཚུལ་སྡུག་ཤོས་དེ་ཚོའི་ནང་ནས་ཕུགས་རྒྱང་རིང་པོའི་གནས་ཚུལ་མང་པོ་ཞིག་བང་སྒྲིག་གནང་ཐུབ་པ་བྱུང་ཡོད་རེད། དེའི་ནང་ནས་གནད་འགག་ཆེན་ཤོས་ཤིག་ནི་ད་ལྟ་ང་ཚོས་སྐྱོང་བཞིན་པའི་དབུ་མའི་ལམ་གྱི་སྲིད་ཇུས་ཟེར་བ་དེ་རེད། དབུ་མའི་ལམ་གྱི་སྲིད་ཇུས་དེ་ད་ལྟ་བོད་གཞིས་བྱེས་གཉིས་ཀྱི་ཆབ་སྲིད་ཀྱི་ལམ་ཕྱོགས་གལ་གནད་ཆེ་ཤོས་ཤིག་ཆགས་བསྡད་ཡོད་པ་རེད། འདིས་མ་འོངས་པར་མི་རབས་ནས་མི་རབས་བརྒྱུད་དེ་ཕུགས་རྒྱང་རིང་པོ་བར་དུ་བོད་མི་རིགས་ཀྱི་བདེ་ཐབས་དང༌། བོད་ཀྱི་ཆོས་དང་རིག་གཞུང་གི་འཛིན་སྐྱོང་ལ་ཕན་ཐོགས་ཡོད་པའི་ཆབ་སྲིད་ཀྱི་ལམ་ཕྱོགས་ཧ་ཅང་ཕུན་སུམ་ཚོགས་པ་ཞིག་རེད་བསམ་གྱི་ཡོད།

དེར་བརྟེན་ན་གཞོན་ཚོས་དབུ་མའི་ལམ་གྱི་སྲིད་ཇུས་དེ་ག་རེ་ཡིན་པ་གསལ་པོ་མཁྱེན་དགོས་པ་དེ་གལ་ཆེན་པོ་རེད། གསལ་པོ་མ་མཁྱེན་པ་ཡིན་ན། མིང་ལབ་ཤེས་པ་ཙམ་གྱིས་ཕན་ཐོགས་ཡོད་པ་མ་རེད། དབུ་མའི་ལམ་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་གནང་རྒྱུའི་ཐུགས་འདོད་ཡོད་པ་ཡིན་ནའང༌། རྒྱབ་སྐྱོར་དེ་རྒྱུ་མཚན་དང་ལྡན་པའི་ཐོག་ནས་གནང་དགོས་ཀྱི་ཡོད་པ་རེད། དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་ནང་དོན་མ་ཤེས་པའི་ཐོག་ནས་རྒྱབ་སྐྱོར་གནང་བ་ཡིན་ན་རྨོངས་དད་ཆགས་ཀྱི་ཡོད་པ་རེད། དེ་ནི་རྒྱབ་སྐྱོར་ངོ་མ་དེ་ཆགས་ཀྱི་ཡོད་པ་མ་རེད།

དབུ་མའི་ལམ་གྱི་སྲིད་ཇུས་ལ་མོས་མཐུན་མེད་མཁན་དང་དེར་དགག་པ་གནང་བ་ཡིན་ནའང༌། དགག་པ་གནང་མཁན་དེས་ཀྱང་དགག་པ་རྒྱག་སའི་ཡུལ་དབུ་མའི་ལམ་གྱི་ངོ་བོ་དེ་མཁྱེན་དགོས་པ་རེད་མ་གཏོགས། དབུ་མའི་ལམ་གྱི་ངོ་བོ་ག་རེ་ཡིན་མ་ཤེས་པའི་ཐོག་ནས་དེ་ཡག་པོ་མ་རེད་ཅེས་དགག་པ་དང་སྐྱོན་འཛུགས་ཞུས་པ་ཡིན་ནའང༌། དེ་ལ་བྱེད་རྒྱུ་གང་ཡང་ཡོད་པ་མ་རེད། དེ་ནི་མུན་ནག་མདའ་འཕེན་ཟེར་བ་དེ་རེད། ང་ཚོ་མཚན་ཉིད་པའི་ལབ་སྲོལ་ཞིག་ཡོད་པ་རེད། ཕྱོགས་འགལ་ནམ་མ་ལང་པའི་སྔོན་ནས་དགག་པའི་ཉི་མ་ཤར་ཟེར་བ་ཞིག ཕྱོགས་སྔ་མའི་དོན་ག་རེ་ཡིན་པ་མ་ཤེས་པའི་ཐོག་ནས་དགག་པ་ཞུས་པ་ཡིན་ན། གད་མོ་ཤོར་བ་ཆགས་ཀྱི་ཡོད་པ་རེད་ཅེས་དང༌།

དེ་རྗེས་བཀའ་ཁྲི་མཆོག་ནས་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་ངོ་བོ་དང༌། བྱུང་རིམ། དགོས་པ་རྒྱུ་མཚན། གྲུབ་འབྲས། དེར་དགག་སྒྲུབ་ཀྱི་ཕན་གནོད་བཅས་ཀྱི་སྐོར་རིམ་བཞིན་འབྲེལ་བརྗོད་དང་མཐའ་མཇུག་དེར། མདོ་དོན་༧གོང་ས་སྐྱབས་མགོན་ཆེན་པོའི་རླབས་ཆེན་གྱི་ཐུགས་སྟོབས་དང་རྣམ་དཔྱོད་ལ་བརྟེན་ནས་ཡང་དག་པའི་སྲིད་ཇུས་ཤིག་དགོངས་པར་འཁོར་བ་དེ། བོད་གཞི་ལུས་རྒྱ་ཆེ་མང་ཚོགས་ཀྱི་ལྷག་བསམ་རྣམ་པ་དག་པའི་རང་དབང་ལྡན་པའི་རྣམ་དཔྱོད་ཀྱིས་རྒྱབ་སྐྱོར་གནང་ནས། ང་ཚོས་སྲིད་ཇུས་འདི་དག་གཏན་ལ་ཕབ་ཐུབ་པ་དང་ཟིན་ཐུབ་པ་དེ་བོད་ཀྱི་གནས་བབ་གཅིག་པུར་གཞིགས་པའི་གཟི་བརྗིད་དང་བློ་སྤོབས་བྱ་འོས་པ་ཞིག་ཆགས་བསྡད་ཡོད་པ་རེད། དེར་གཞི་རིམ་མང་ཚོགས་ཀྱིས་རྒྱབ་སྐྱོར་གནང་བ་དེ་རྒྱུ་མཚན་ལྡན་པ་ཞིག་རེད། རྒྱབ་སྐྱོར་གནང་བ་དེ་ཚོ་ཡང་རང་རང་སོ་སོ་གཞན་དབང་དུ་མ་སོང་བ་རང་དབང་གི་རྣམ་དཔྱོད་བེད་སྤྱོད་བཏང་ནས། མཁས་མཛངས་ལྡན་པའི་ཐོག་ནས་གནང་བ་ཞིག་རེད་མ་གཏོགས། དེ་ནི་རྨོངས་དད་བྱས་པ་ཞིག་དང༌། འུར་རྒྱུག་བྱས་པ་ཞིག་རྩ་བ་ནས་མིན་པ་ངོས་ལེན་བྱེད་བཞིན་ཡོད། དེར་བརྟེན་ང་ཚོའི་ངོས་ནས་མང་ཚོགས་ཀྱི་རྣམ་དཔྱོད་ལ་ཡིད་ཆེས་བརྒྱ་ཆ་བརྒྱ་ཐམ་པ་ཞུ་བཞིན་ཡོད། དེ་འདྲ་ཡིན་དུས་ཁྱེད་རང་ཚོ་ན་གཞོན་ཚོ་ལའང་༧རྒྱལ་བ་རིན་པོ་ཆེས་དབུ་མའི་ལམ་ནི་ངའི་བཀའ་རེད་ངེས་པར་དུ་ཉན་དགོས་རེད་ཅེས་གསུང་གི་ཡོད་པ་མ་རེད།

སངས་རྒྱས་ཀྱིས་ཀྱང་སངས་རྒྱས་ཀྱིས་གསུངས་པ་དེ་ཚོ་ཡང་ངེས་པར་དུ་ཉན་དགོས་ཅེས་གསུངས་ཡོད་པ་མ་རེད། སོ་སོས་བརྟག་དཔྱད་བྱོས་ཞེས་གསུངས་ཡོད་པ་རེད། དེ་འདྲ་གསུངས་པ་ཙམ་དུ་མ་ཟད་དངོས་སུ་ཕྱག་ལན་དུ་བསྟར་ནས། ཕྱི་ལོ་༡༩༨༨ལོར་ཚོགས་ཆེན་འཚོགས་ནས་དྲིས་གནང་བ་རེད། ཕྱི་ལོ་༡༩༩༦དང་༡༩༩༧ལོར་མང་མོས་སྔོན་འགྲོའི་འོས་བསྡུ་གནང་བ་རེད། ན་ནིང་དམིགས་བསལ་ཚོགས་ཆེན་བཀོངས་པ་རེད། ད་ལོ་གྲོས་ཚོགས་ནང་བགྲོ་གླེང་གནང་བ་རེད། དེ་ཚོ་ཚང་མ་ཡང་ཡང་མི་མང་གི་མངོན་འདོད་གསལ་པོ་བཟོ་རྒྱུའི་ཆེད་དུ་ཡིན་པ་རེད།

བཙན་བྱོལ་གཞུང་གི་ངོས་ནས་དབུ་མའི་ལམ་ལ་ཡོན་ཏན་ག་རེ་ཡོད་པ། རྒྱུ་མཚན་ག་རེ་ཡོད་པ། སྲིད་ཇུས་དེ་ལྟར་བཟུང་དགོས་པའི་གནད་འགག་གང་འདྲ་ཞིག་ལ་ཐུག་ཡོད་པ་དེ་ཚོ་འགྲེལ་བརྗོད་དང་གསལ་པོ་བཟོ་དགོས་པ་དེ་ང་ཚོའི་ལས་འགན་རེད། འོན་ཀྱང་བོད་རིགས་ཚང་མས་དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་དགོས་པ་རེད་ཅེས་ང་ཚོས་བཀའ་གཏོང་གི་ཡོད་པ་མ་རེད།

ང་ཚོ་མང་གཙོ་ཡིན་དུས་སུ་དང་སུ་ཡིན་རུང་ཆབ་སྲིད་ཀྱི་ལངས་ཕྱོགས་མི་འདྲ་བ་བཟུང་རྒྱུར་ཐོབ་ཐང་ཡོད་པ་རེད། འོན་ཀྱང་རྒྱུ་མཚན་ཤེས་དགོས་པ་ལས། གནོན་ཤུགས་ཀྱི་ཐོག་ནས། དྲག་ཤུགས་ཀྱི་ཐོག་ནས། ཡང་ན་སེམས་ཚོར་ཙམ་གྱི་ཐོག་ནས་དབུ་མའི་ལམ་ལ་དགག་བྱ་དང་ཐབས་ལམ་གཞན་པར་བཟུང་བ་ཡིན་ན་ཕན་ཐོགས་གང་ཡང་ཡོང་གི་མ་རེད་ཅེས་བཀའ་གནང་སོང༌།

 

༡༽ བོད་པའི་གཞོན་སྐྱེས་སློབ་ཕྲུག་ཚོས་བཀའ་ཁྲི་མཆོག་ལ་ཕྱི་ལོ་༢༠༠༨ལོར་རྒྱ་ནག་གཞུང་ལ་༼བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་ཡོང་ཐབས་ཀྱི་བསམ་འཆར་༽འབུལ་སྐབས། རྒྱ་ནག་གཞུང་གིས་དེ་ནི་༼རྣམ་པ་འགྱུར་བའི་རང་བཙན་༽དང་༼ཕྱེད་རང་བཙན་༽ ཡིན་ཚུལ་གྱིས་ངོས་ལེན་གནང་མེད་པ་རེད་ཟེར། འོན་ཀྱང་ང་ཚོས་མུ་མཐུད་ནས་བོད་རྒྱ་ཞི་མོལ་བྱ་རྒྱུ་ཡིན་ཟེར་གྱི་ཡོད་དུས། མ་འོངས་པར་གནས་བབ་གང་འདྲ་ཞིག་དང༌། ཆ་རྐྱེན་གང་འདྲ་ཞིག་གི་ཐོག་ནས་ཞི་མོལ་བྱེད་དགོས་པ་རེད་ཅེས་བཀའ་འདྲི་ཞུས་སྐབས། བཀའ་བློན་ཁྲི་པ་མཆོག་གིས། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་བསམ་འཆར་ཡིག་ཆ་དེར་མ་འོངས་པའི་གོ་སྡུར་བྱེད་པའི་གྲོས་གཞིར་ཡོང་ཐབས་ཡོད་པ་མ་རེད་ཅེས་ལབ་ཡོད་པ་མ་རེད། ༼བསམ་འཆར་༽ཡིག་ཆ་ནང་ཁྲིམས་དང་མི་མཐུན་པ་འདུག རྩ་ཁྲིམས་ཀྱི་འགྲེལ་བཤད་རྒྱག་སྟངས་འགྲིག་མི་འདུག རང་སྐྱོང་གི་སྲོལ་ཡིག་འགྲེལ་བཤད་རྒྱག་སྟངས་འགྲིག་མི་འདུག་ཟེར་གྱི་ཡོད་པ་རེད། དེར་བརྟེན་མ་འོངས་འབྲེལ་མོལ་ཐེངས་༡༠པ་དང་༡༡སྐབས་སུའང་བཀའ་སྡུར་གནང་རྒྱུའི་གཞི་རྩ་༼བསམ་འཆར་༽ཡིག་ཆ་ཁོ་ནའི་ཐོག་ནས་གཞི་བཞག་རྒྱུ་ཡིན་དུས། ད་ལྟ་ནས་གནས་ཚུལ་གཞན་ཞིག་ལ་བསམ་བློ་གཏོང་དགོས་པའི་རྒྱུ་མཚན་ཆགས་ཀྱི་ཡོད་པ་མ་རེད་ཅེས་གསུངས་སོང༌།

༢༽ ན་ནིང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་རྒྱ་ནག་ཏུ་འཚམས་གཟིགས་སྐབས་སུ་ཁོང་གིས་བོད་དེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་རེད་ཅེས་བཤད་ཡོད་པ་རེད། ཁོང་གིས་བོད་དེ་རྒྱ་ནག་མི་མང་སྤྱི་འཐུས་རྒྱལ་ཁབ་ཀྱི་ཆ་ཤས་རེད་ཟེར་བ་དང༌། བོད་དེ་རྒྱ་ནག་གི་ཆ་ཤས་རེད་ཟེར་བ་དེ་གཉིས་དབར་ཁྱད་པ་ཡོད་པ་རེད་དམ་ཅེས་བཀའ་འདྲི་ཞུས་པར།

བཀའ་ཁྲི་མཆོག་གིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དང་རྒྱ་ནག་གཉིས་དབར་ཁྱད་པ་ཆེན་པོ་ཡོད་པ་རེད། ཕྱི་ལོ་༡༩༤༩རྗེས་ལ་རྒྱ་ནག་དང་མཉམ་དུ་གཞུང་ཚབ་བཙུགས་མཁན་མང་ཆེ་བ་ཞིག་གིས་བོད་དེ་རྒྱ་ནག་གི་ཆ་ཤས་རེད་ཅེས་ཁས་ལེན་ཡོད་པ་རེད། དེའི་སྔོན་ལ་གཞུང་ཚབ་ཀྱི་འབྲེལ་བ་ཡོད་པ་དེ་ཚོས་བོད་ཀྱི་སྐོར་ག་རེ་ཡིན་པ་གནས་ཚུལ་གསལ་པོ་མ་བཟོས་པ་དེ་ཚོར་ད་ལྟ་གསར་པ་ལབ་རྒྱུའི་གོ་སྐབས་ཤིག་ཡོད་དུས། དམིགས་སུ་བཀར་ནས་རྒྱ་ནག་མི་མང་སྤྱི་འཐུས་རྒྱལ་ཁབ་ཀྱི་ཆ་ཤས་རེད་ཅེས་ལབ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་པ་རེད། དེའི་གོ་དོན་ག་རེ་རེད་ཟེར་ན། རྒྱ་ནག་མི་མང་སྤྱི་འཐུས་རྒྱལ་ཁབ་དེ་ཕྱི་ལོ་༡༩༤༩སྔོན་ལ་ཡོད་པ་མ་རེད། དེའི་རྗེས་ལ་བོད་དེ་རྒྱ་ནག་མི་མང་སྤྱི་འཐུས་རྒྱལ་ཁབ་ཀྱི་ཆ་ཤས་ཆགས་པ་རེད། རྒྱ་མིའི་ཆ་ཤས་རེད་ཅེས་ལབ་པ་ཡིན་ན། ག་དུས་ནས་ཡིན་པ་དེ་གསལ་པོ་ཆགས་ཀྱི་ཡོད་པ་མ་རེད། རྒྱ་ནག་མི་མང་སྤྱི་འཐུས་རྒྱལ་ཁབ་དབུ་མ་བརྙེས་པའི་ཡར་སྔོན་ནས་རྒྱ་ནག་གི་ཆ་ཤས་ཡིན་སྲིད་པ་རེད། རྒྱ་ནག་ཟེར་དུས་སྤྱི་ཡོངས་ཀྱི་མིང་ཞིག་རེད། རྒྱ་ནག་མི་མང་སྤྱི་འཐུས་རྒྱལ་ཁབ་ཟེར་དུས་བྱེ་བྲག་པ་ཞིག་རེད། ཨོ་བྷ་མས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་རེད་ཅེས་ལབ་པ་དེ་ཡང་གནས་ཚུལ་མང་པོ་ཞིག་གོ་སྡུར་བྱུང་ནས་ལབ་པ་ཞིག་རེད། དེའི་སྔོན་ནས་ཨ་རིའི་གཞུང་གིས་རྒྱ་ནག་གི་ཆ་ཤས་རེད་ཅེས་ལབ་པའི་ཚིག་དེ་འདྲ་ཁ་ཤས་ཡོད་པ་རེད་ཅེས་ལན་གནང་སོང༌།

༣༽ བོད་ལ་རང་དབང་འཐོབ་པར་རྒྱ་ནག་དེ་ངེས་པར་དུ་མང་གཙོ་རྒྱལ་ཁབ་ཞིག་ཏུ་འགྱུར་དགོས་མིན་གྱི་ཁྱད་པ་གང་ཡོད་དམ་ཞེས་བཀའ་འདྲི་ཞུས་པར། རྒྱ་ནག་དེ་མང་གཙོ་ཅན་དུ་འགྱུར་བ་ཡིན་ན་བོད་ཀྱི་གནས་བབ་དེ་ཐག་གཅོད་བྱེད་པར་ལས་སླ་རུ་འགྲོ་རྒྱུར་དངོས་ཡོད་གནས་ཚུལ་ཞིག་རེད།

རྒྱ་ནག་དེ་མང་གཙོ་ཡང་དག་པ་ཞིག་ཏུ་ཆགས་པ་ཡིན་ན། སྐད་ཆ་དང་། རང་དབང་གི་ཐོབ་ཐང་རྩོད་རྒྱུའི་ད་ལྟ་ལས་གུ་ཡངས་པ་དང་ཡག་པར་ཆགས་ཀྱི་རེད། དེར་བརྟེན་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཅིག་རྩོད་པ་ཡིན་ནའང༌། ད་ལྟ་གཅིག་སྡུས་དབང་འཛིན་རིང་ལུགས་དང་རྩོད་པ་མི་འདྲ་བ་སོ་སོའི་རྒྱུན་མཚན་ལྡན་པའི་ཐོག་ནས་རྩོད་རྒྱུའི་གནས་བབ་ཅིག་ཡོང་གི་རེད། ད་ལྟའི་གནས་བབ་ལ་འགོ་ཁྲིད་ཁ་ཤས་ཀྱི་འདོད་དང་མི་འདོད་ཀྱི་སྐད་ཆ་ཞིག་ལས་རྒྱུ་མཚན་དང༌། དངོས་ཡོད་གནས་སྟངས། མི་མང་གི་བསམ་ཚུལ་དེ་ཚོར་དོ་སྣང་བྱེད་ཀྱི་ཡོད་པ་མ་རེད། འོན་ཀྱང་མི་རིགས་ས་གནས་རང་སྐྱོང་ཆགས་པར་རྒྱ་ནག་དེ་མང་གཙོའི་ལམ་ལུགས་མ་ཆགས་བར་དུ་རྩོད་རྒྱུ་གཏན་ནས་ཡོད་པ་མ་རེད་ཅེས་སུས་ཀྱང་ཟེར་གྱི་ཡོད་པ་མ་རེད། གང་ཡིན་ཟེར་ན། ད་ལྟ་གཅིག་སྡུས་དབང་འཛིན་རིང་ལུགས་ཡིན་ནའང་ཁྲིམས་ཤིག་ཡོད་པ་རེད། རྩ་ཁྲིམས་ནང་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་དེ་ཚོ་ཡོད་བསྡད་པ་རེད། ཁྲིམས་ཀྱི་ཐོག་ནས་བལྟས་པ་ཡིན་ན། ད་ལྟ་རྩོད་ས་མེད་པའི་གནས་སྟངས་ཤིག་ཆགས་ཡོད་པ་མ་རེད་ཅེས་གསུངས་སོང༌།

༤༽ དབུ་མ་ཟེར་ན་ལམ་ཞིག་རེད། རང་བཙན་ཟེར་ན་ལྟ་བ་ཞིག་རེད། ལམ་དང་ལྟ་བ་གཉིས་ཐ་དད་རེད། སྐབས་གསུམ་པའི་བཀའ་བློན་ཁྲི་པ་དེ་རང་བཙན་གྱི་ལྟ་བ་ཁྱེར་མཁན་ཞིག་ཡོང་ཆོག་གི་མ་རེད་ཟེར་མཁན་འདུག དེ་བཞིན་ང་ཚོས་ཀྱང་ལམ་དེ་དབུ་མ་ལ་ཕྱིན་ནས་ལྟ་བ་རང་བཙན་ཁྱེར་མཁན་དེ་འདྲ་མང་པོ་ཞིག་མཐོང་གི་འདུག དེར་བརྟེན་སྐབས་གསུམ་པའི་བཀའ་བློན་ཁྲི་པ་དེ་ལམ་དབུ་མ་ལ་ཕྱིན་ནས་ལྟ་བ་རང་བཙན་ཁྱེར་ཆོག་གི་རེད་དམ། མི་ཆོག་པ་ཡིན་ན། དབུ་མའི་ལམ་གཏན་འབེབས་བྱེད་སའི་སྤྱི་འཐུས་གྲོས་ཚོགས་ནང་ལའང་རང་བཙན་གྱི་ལྟ་བ་ཁྱེར་མཁན་ཡོད་པ་མ་རེད་དམ། གལ་སྲིད་དེའི་ནང་རང་བཙན་གྱི་ལྟ་བ་ཁྱེར་མཁན་ཡོད་པ་ཡིན་ན། བཀའ་བློན་ཁྲི་པ་དེ་ཡང་རང་བཙན་གྱི་ལྟ་བ་ཁྱེར་མཁན་ཞིག་ག་རེ་བྱས་ནས་ཡོང་ཆོག་གི་མ་རེད་དམ་ཅེས་བཀའ་འདྲི་ཞུ་དུས། བཀའ་ཁྲི་མཆོག་གིས། དྲི་བ་དེ་མི་མང་ལ་འདྲི་དགོས་པ་ལས་ང་ལ་དྲི་བ་གནང་རྒྱུ་ཡོད་པ་མ་རེད། ངས་འདི་འདྲ་ཞིག་ཡོང་ཆོག་གི་རེད། འདི་འདྲ་ཞིག་ཡོང་ཆོག་གི་མ་རེད་ཅེས་ནམ་ཡང་ཞུས་མ་མྱོངས། མ་འོངས་པ་སུ་ཞིག་ཡོང་ཆོག་མིན་དེ་མི་མང་གི་འོས་ཤོག་བླུག་གི་ཡོད་དུས། བཀའ་འདྲི་ཞུ་ས་ཁག་གཉིས་ལས་ཡོད་པ་མ་རེད། འདྲི་ས་དང་པོ་དེ་མི་མང་རེད་མི་མང་གིས་དང་པོ་འོས་ཤོག་བླུག་དུས་གང་འདྲ་ཞིག་ལ་འོས་ཤོག་བླུག་དགོས་མིན་དེ་རེད། འོས་ཆོས་ཚང་མིན་ལ་སྐད་ཆ་བཤད་པ་ཡིན་ན་འོས་བསྡུ་ལྷན་ཁང་ལ་སྐད་ཆ་འདྲི་དགོས་པ་རེད། གང་འདྲ་ཞིག་ལ་འོས་ཆོས་ཚང་གི་ཡོད་པ་དང༌། གང་འདྲ་ཞིག་ལ་འོས་ཆོས་ཚང་གི་མེད་པ་དེ་འོས་བསྡུ་ལྷན་ཁང་གིས་ལན་རྒྱག་དགོས་པ་ཞིག་རེད། དེར་བརྟེན་ང་ལ་ལན་གང་ཡང་རྒྱག་རྒྱུ་མེད་ཅེས་གསུངས་སོང༌།

༥༽ ཕྱི་ལོ་༡༩༥༦ལོར་བཞག་པའི་༼གྲོས་མཐུན་དོན་ཚན་བཅུ་བདུན་༽དེར་བོད་གཞུང་དང་ལྷག་པར་དེ་སྔོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་སྐབས་སུའང་ཚོགས་མི་ཚང་མས་ངོས་ལེན་བྱས་ཡོད་པ་མ་རེད། འོན་ཀྱང་ན་ནིང་རྒྱ་ནག་གཞུང་ལ་ཕུལ་བའི་༼བསམ་འཆར་༽གྱི་ཡིག་ཆ་དེའི་ཚད་གཞི་ནི་བོད་དོན་ཉམས་ཞིབ་པ་ཚོས་༼གྲོས་མཐུན་དོན་ཚན་བཅུ་བདུན་༽དང་སྡུར་ཐབས་རྩ་བ་ནས་མི་འདུག་དེ་ལས་ཀྱང་ཚད་དམའ་བ་ཡོད་པ་རེད་ཅེས་གསུངས་འདུག་པས་དེའི་སྐོར་གང་འདྲ་ཡིན་མིན་བཀའ་འདྲི་ཞུས་སྐབས།

བཀའ་བློན་ཁྲི་པ་མཆོག་གིས། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དེ་ལས། ༼གྲོས་མཐུན་དོན་ཚན་བཅུ་བདུན་༽གྱི་ཚད་གཞི་དེ་མཐོ་བ་ཡོད་པ་རེད། ད་ལྟ་བསམ་འཆར་ཡིག་ཆ་དེས་༼གྲོས་མཐུན་དོན་ཚན་བཅུ་བདུན་༽ལ་ཆ་ཤས་ཙམ་ཡང་མཉམ་ཐུབ་ཀྱི་ཡོད་པ་མ་རེད། ༼གྲོས་མཐུན་དོན་ཚན་བཅུ་བདུན་༽ནང་ལ་༧རྒྱལ་བ་ཡབ་སྲས་ཀྱི་སྐུ་དབང་ལ་འགྱུར་བ་མི་གཏོང་བ་དང༌། བོད་ཀྱི་ཆབ་སྲིད་ཀྱི་ལམ་ལུགས་ལ་འགྱུར་བ་མི་གཏོང་རྒྱུ་དེ་ཚོ་ཚུད་ཡོད་པ་རེད།

ཧོབ་ཏེ་བལྟས་པ་ཡིན་ན་༼གྲོས་མཐུན་དོན་ཚན་བཅུ་བདུན་༽དེ་ལག་ལེན་བསྟར་ཐུབ་པ་ཡིན་ན་སྐྱོན་གང་ཡང་མི་འདུག་བསམས་པ་ཞིག་སྐབས་དེ་དུས་ཡོད་པ་རེད་ལ། ད་ལྟའང་ཕྱི་བལྟས་སློག་པ་ཡིན་ནའང་ཡོད་པ་རེད། འོན་ཀྱང་ང་ཚོས་༼གྲོས་མཐུན་དོན་ཚན་བཅུ་བདུན་༽དེ་བརྩིས་མེད་བྱེད་དགོས་པ་དེ་རྒྱུ་མཚན་ག་རེ་རེད་ཟེར་ལབ་པ་ཡིན་ན། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བསམ་བཞིན་དུ་དོན་ཚན་ཚང་མ་སྡེབ་བཤིགས་བཏང་བས་དབང་གིས་ང་ཚོས་དེར་བརྩིས་མེད་གཏོང་དགོས་ཐུག་པ་རེད་ཅེས་བཀའ་གནང་སོང༌།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (4)
4 ༠༥༢༠༡༠༠༥༥༩
ཤམ་བྷ་ལ་ཡི་དྲ་བར་ནི་ཧ་ཅང་ཡག་པོ་འདུག
3 ༠༥༢༠༡༠༠༥༥༡
དབུ་མའི་ལམ་ལ་ངོ་རྒོལ་མཐའ་གཅིག་ཏུ་ཡོད།
2 ༠༤༢༠༡༠༢༢༡༢
དབུ་མའི་ལམ་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད།
བཀུར་འོས་དྲ་བདག་ལགས་ཀྱིས་དྲ་འབྲེལ་གསར་པ་ཞིག་བསྐུར་གནང་བྱུང་བར་བརྟེན།
ངོས་ཀྱིས་ཤམ་བྷ་ལའི་ཕོ་ཉའི་དྲ་ངོས་ཀྱི་གསར་འགྱུར་རྣམས་ཆད་ལྷག་མེད་པར་ཆ་ཚང་བ་ཞིག་ལྟ་ཐུབ་པ་བྱུང་བས་གུས་སྤྲོ་ཆེན་པོའི་ངང་བཀའ་དྲིན་ཆེ་ཞུ།
བཀྲ་ཤིས་བདེ་ལེགས།



བརྗོད་གཞི་གཞན་ཁག་ལ་གཟིགས།