༢༠༡༠ལོའི་བོད་ཀྱི་མཛངས་མ་སླེབས་སོང༌།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༥ཚེས་༣༡ཉིན། ཕྱི་ལོ་༢༠༡༠ལོའི་བོད་ཀྱི་མཛངས་མ་འགྲན་བསྡུར་ཐོན་ལ་ཉེ་བའི་སྐབས་འདིར། བོད་ཀྱི་མཛངས་མ་འགྲན་སྡུར་གྱི་གོ་སྒྲིག་པ་བློ་བཟང་དབང་རྒྱལ་ལགས་ཀྱིས་ད་ནང་ཞོགས་པར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང༌། སྤྱིར་དང་པོ་མཛངས་མ་འགྲན་སྡུར་རུ་ཞུགས་རྒྱུའི་སྙན་ཞུ་ཕུལ་མཁན་ཁྱོན་བུ་མོ་གྲངས་༡༠ཙམ་བྱུང་ཡོད་འདུག་ཀྱང༌། མཛངས་མའི་འོས་ཆོས་ཚང་མིན་བཅས་ལ་བརྟེན། ཐེངས་འདི་དངོས་སུ་འགྲན་སྡུར་རུ་ཞུགས་མཁན་གཞོན་ནུ་མ་༤སླེབས་འདུག

དེ་ཡང་ཁོང་བཞི་པོ་ནི། རིན་ཆེན་ཆོས་སྒྲོན་དང༌། བསྟན་འཛིན་རྣམ་ཆོས། བསྟན་འཛིན་ནོར་འཛོམས། དབྱངས་ཅན་མེ་ཏོག་བཅས་རེད་འདུག

དེའི་ནང་བྷན་ལོར་ཡོང་བའི་རིན་ཆེན་ཆོས་སྒྲོན་ལགས་ནི་སྐྱེ་ཡུལ་མོན་རྟ་དབང་ནས་ཡིན་འདུག་པ་དང༌། འདི་ལོ་རང་ལོ་༢༥།  ཁོ་མོ་ཚོང་ལས་ཐོག་གཙུག་ལག་སློབ་ཐོན་པ་ཞིག་ཡིན་འདུག་ལ། མ་ཚད་ཁོ་མོས་དབྱིན་སྐད་དང༌། ཧིན་དྷི། བོད་སྐད། ཏཱ་མིལ། ཀ་ཎ ་ཊའི་སྐད་སོགས་ཁྱོན་སྐད་རིགས་༥ཙམ་ཤེས་ཀྱི་ཡོད་འདུག ཁོ་མོར་ཐེངས་འདིར་མཛངས་མའི་འགྲན་སྡུར་ནང་ཞུགས་དགོས་པའི་དམིགས་ཡུལ་དྲིས་སྐབས། ཁོ་མོས་རང་ཉིད་ཀྱིས་རང་ཉིད་ཀྱི་རྒྱལ་ཁབ་ལ་སྤོབས་པ་དང་། གཉིས་ནས་ང་རང་ཆུང་དུས་ནས་བོད་ཀྱི་མཛངས་མའི་འགྲན་སྡུར་ནང་ཞུགས་འདོད་ཡོད་པ་ཞིག་ཡིན་ཞེས་གསུངས་སོང་།

བྷན་ལོར་ནས་ཡོང་བའི་བསྟན་འཛིན་རྣམ་ཆོས་ལགས་ནི་སྐྱེས་ཡུལ་ས་ལྷ་ས་ནས་ཡིན་འདུག་པ་དང༌། འདི་ལོ་རང་ལོ་༢༢།  ཕྱི་ལོ་༢༠༠༠ལོར་ཁོ་མོ་བོད་ནས་རྒྱ་གར་དུ་ཡོང་བ་ཞིག་དང༌། ད་ལྟའི་ཆར་ཁོ་མོས་རྒྱ་གར་ལྷོ་ཕྱོགས་བྷན་ལོར་དུ་སྤྱི་ཚོགས་ཞབས་ཞུའི་སྐོར་ལོ་གཉིས་པའི་མཐོ་རིམ་སློབ་གྲྭ་འགྲིམས་བཞིན་པ་ཞིག་རེད་འདུག

ཁོ་མོར་ཐེངས་འདིར་མཛངས་མའི་འགྲན་སྡུར་ནང་ཞུགས་དགོས་པའི་དམིགས་ཡུལ་སོགས་བཅར་འདྲི་བྱས་སྐབས། ཁོ་མོས་འཛམ་གླིང་གི་རྒྱལ་ཁབ་གཞན་ལྟར་གྱི་བྱེད་སྒོ་འདི་གལ་ཆེན་པོ་ཞིག་དང་། དེ་ཡང་བྱ་དགའ་རག་མིན་ལ་མ་བལྟོས་པར་འཛུགས་ཞུགས་བྱེད་དགོས་པ་དེ་གལ་ཆེན་པོ་ཞིག་མཐོང་སོང་། གང་ཡིན་ཟེར་ན། འདི་འདྲའི་བྱེད་སྒོ་ཐོག་ནས་མི་གཞན་དང་འབྲེལ་འདྲིས་སོགས་སློབ་སྦྱོང་དང་ཉམས་མྱོང་མང་པོ་ཞིག་རག་གི་རེད་ཅེས་གསུངས་བྱུང་། ཡང་ཁོ་མོར་ཐེངས་འདི་འཛུལ་ཞུགས་བྱེད་པར་ཕ་མ་ཚོས་རྒྱབ་སྐྱོར་ག་ཚོད་གནང་གི་ཡོད་མེད་སྐོར་དྲིས་དུས། ཁོ་མོས་ངའི་ཕ་མ་གཉིས་ཀ་བོད་ནང་ལ་ཡོད་པ་རེད། ཐེངས་འདི་ངོས་མཛངས་མའི་འགྲན་སྡུར་ནང་འཛུལ་ཞུགས་བྱ་རྒྱུ་ཡིན་སྐོར་གང་ཡང་ཞུས་མེད། གང་ཡིན་ཟེར་ན་གལ་སྲིད་རྒྱ་མིས་ཆབ་སྲིད་ཀྱི་ངོ་བོར་ངོས་འཛིན་སྲིད་པ་རེད། འོན་ཀྱང་འདིར་ཡོད་པའི་རང་ཉིད་ཀྱི་གཅེན་གཅུང་ཚོས་རྒྱབ་སྐྱོར་ཆེན་པོ་གནང་གི་འདུག་ཅེས་གསུངས་བྱུང་།

ཝ་ཎ་ནས་ཡོང་བའི་བསྟན་འཛིན་ནོར་འཛོམས་ལགས་ནི་རྒྱ་གར་ལྷོ་ཕྱོགས་ཧུན་སུང་གཞིས་ཆགས་ནས་རེད་འདུག་ལ། རང་ལོ་༢༣། འདི་ལོ་ཝ་ར་ཎ་སི་བོད་ཀྱི་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་ནས་ཤཱསྟྲི་སློབ་མཐར་ཕྱིན་ཚར་ཙམ་རེད་འདུག་ལ། ཁོ་མོས་བོད་སྐད་དང༌། དབྱིན་སྐད། ཧིན་དྷི་སོགས་སྐད་རིགས་གསུམ་ཙམ་རྒྱག་ཐུབ་ཀྱི་ཡོད་འདུག ཁོ་མོས་འགྲན་སྡུར་ནང་འཛུལ་ཞུགས་བྱེད་དགོས་པའི་རྒྱུ་མཚན་ནི། སྤྱིར་ད་ལྟའི་ཆར་བོད་ཀྱི་མཛངས་མ་འགྲན་སྡུར་ནང་ཞུགས་མཁན་ཉུང་ཉུང་ཡིན་པས་བོད་ཀྱི་གཞོན་སྐྱེས་བུད་མེད་དེ་ཚོར་བོད་ཀྱི་མཛངས་མ་འགྲན་སྡུར་ནང་མཉམ་ཞུགས་དགོས་པའི་སེམས་ཤུགས་དང་སྐུལ་སློང་སྤེལ་ཆེད་དང་། གཉིས་ནི་སོ་སོའི་ནང་མི་དང་ཕ་མ་སྤུན་མཆེད་རྣམས་ལ་སྤོབས་པ་སྦྱིན་ཆེད། གཞན་ཡང་གོ་སྐབས་དེའི་ཐོག་ནས་མ་འོངས་འཛམ་གླིང་གི་ཡུལ་གྲུ་གང་སར་བོད་པའི་གནས་སྟངས་ཁྱབ་བསྒྲགས་བྱ་ཆེད་བཅས་ཡིན་ཞེས་གསུངས་བྱུང་།

དྷ་ས་ནས་ཡིན་པའི་དབྱངས་ཅན་མེ་ཏོག་ལགས་ནི་མདོ་སྨད་མགོ་ལོག་ཁུལ་དུ་སྐྱེས་ཤིང༌། འདི་ལོ་རང་ལོ་༡༩། བོད་ནང་སློབ་འབྲིང་བར་སློབ་སྦྱོང་བྱས་པ་ཞིག་དང༌། ཁོ་མོས་བོད་སྐད་དང་རྒྱ་སྐད་རྒྱག་ཐུབ་ཀྱི་ཡོད་པས་མ་ཚད། རྒྱུན་དུ་གླུ་ལེན་དང་བྲོ་འཁྲབ་རྒྱུ་སོགས་ལའང་དགའ་པོ་ཡོད་མཁན་ཞིག་ཀྱང་རེད་འདུག ཁོ་མོར་ཐེངས་འདིར་མཛངས་མའི་འགྲན་སྡུར་ཁྲོད་ཞུགས་དགོས་པའི་དམིགས་ཡུལ་དང་རྒྱུ་མཚན་སོགས་བཅར་འདྲི་བྱས་སྐབས། ཁོ་མོས། ཐེངས་འདི་འཛུལ་ཞུགས་བྱེད་དགོས་པའི་རྒྱུ་མཚན་ནི་རང་ཉིད་མཛངས་མའི་ཡོན་ཏན་ལྡན་པ་ཞིག་ཡིན་བསམས་ནས་འཛུལ་ཞུགས་བྱས་པ་ཞིག་མ་ཡིན་པར། རྒྱུན་དུ་བོད་པའི་བུད་མེད་དེ་ཚོ་བུད་མེད་གཞན་ལྟར་སྤོབས་པ་དང་སེམས་ཤུགས་འཕར་ཆེད་དུ་འཛུལ་ཞུགས་བྱེད་དགོས་པ་དེ་གལ་ཆེན་པོ་ཞིག་མཐོང་སོང་ཟེར། གལ་སྲིད་མཛངས་མའི་གཟེངས་རྟགས་འཐོབ་པ་ཡིན་ན་མ་འོངས་དམིགས་ཡུལ་ག་རེ་ཡོད་མེད་སྐོར་དྲིས་དུས། གལ་སྲིད་ང་ལ་མཛངས་མའི་གཟེངས་རྟགས་འཐོབ་པ་ཡིན་ན་སྐྱེ་དགུ་མདོའི་ས་ཡོམ་གྱི་གོད་ཆགས་ཕོག་ཡུལ་དེའི་མི་མང་ཁག་ཅིག་ལ་ཞལ་འདེབས་ཏོག་ཙམ་འབུལ་ཐུབ་པའི་རེ་བ་ཡོད་ཅེས་གསུངས་སོང་།

འདི་ལོར་འཛངས་མ་འགྲན་སྡུར་དེ་ཕྱི་ལོ་༢༠༡༠ཟླ་༦ཚེས་༤ནས་འགོ་འཛུགས་ཀྱིས་མཐའ་མའི་འགྲན་སྡུར་དེ་རྒྱ་གར་བྱང་ཕྱོགས་བཞུགས་སྒར་དྷ་རམ་ས་ལའི་བོད་གཞུང་ཟློས་གར་ཐང་དུ་གནང་རྒྱུ་ཡིན་པ་རེད།

གོ་སྒྲིག་པའི་འགན་འཛིན་བློ་བཟང་དབང་རྒྱལ་ལགས་ཀྱིས་འགྲེལ་བརྗོད་གནང་དོན། འགྲན་སྡུར་དངོས་གཞི་མ་བྱས་པའི་ཡར་སྔོན་དུ་བདུན་ཕྲག་༡རིང་ཁོང་ཚོར་སྦྱོང་བརྡར་དང༌། དངོས་གཞིའི་ཉིན་དང་པོར་རྐྱལ་གོས་ཀྱི་འགྲན་སྡུར་དང༌། ཉིན་གཉིས་པར་གཏམ་བཤད་དང་སྒྱུར་རྩལ་འགྲན་སྡུར། མཐའ་མཇུག་ཉིན་གསུམ་པར་བོད་གཞུང་ཟློ་གར་ཐང་དུ་སྡིང་ཆ་རྒྱག་ནས་འཁྲབ་སྟོན་བྱ་རྒྱུ་རེད། དེའི་ནང་ལས་རིམ་ཁག་བཞི་ཡོད་པ་རེད། ལས་རིམ་དང་པོ་དེ་མཛངས་མ་སོ་སོས་ངོ་སྤྲོད་བྱ་རྒྱུ་དང༌། ལས་རིམ་གཉིས་པར་ཕྱི་ལུགས་ལྟར་གྱི་གྱོན་གོས་འཁྲབ་སྟོན་དང་དེའི་རྗེས་ལ་བོད་པ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཆས་གོས་འགྲན་སྡུར། ལས་རིམ་གསུམ་པར་ཟུར་དཔང་བ་རྣམས་ཀྱིས་དྲི་བར་དྲིས་ལན་གནང་རྒྱུ། ལས་རིམ་བཞི་པ་མཛངས་མའི་དབུ་རྒྱན་སྒྲོན་རྒྱུ་རེད་ཅེས་དང༌།

ཡང་ཁོང་གིས་མཛངས་མ་འགྲན་སྡུར་གྱི་བྱ་དགའ་ཨང་དང་པོར་ནམ་རྒྱུན་ལྟར་ཧིན་སྒོར་འབུམ་༡དང༌། ཨང་གཉིས་པར་སྟོང་ཕྲག་༥༠། ཨང་གསུམ་པར་སྟོང་ཕྲག་༢༥བཅས་འབུལ་རྒྱུ་ཡིན། ཐེངས་འདི་འགྲན་སྡུར་ནང་ཞུགས་མཁན་བུ་མོ་༤ཡོད་པའི་དབང་གི་ཨང་བཞི་པ་དེ་ལ་ཡང་འགྲན་སྡུར་ནང་ཞུགས་པ་ཙམ་གྱིས་བསྔགས་བརྗོད་དང་ཆེ་མཐོང་མཚོན་ཆེད་དེ་ལུགས་ཀྱིས་བྱ་དགའ་སྤྲད་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་སོང༌།

འདི་ལོའི་བོད་ཀྱི་མཛངས་མའི་འགྲན་སྡུར་དེ་རྒྱ་གར་གྱི་ཁེང་ཧྥི་ཤིར་ཞེས་པའི་བཟོ་གྲྭ་ཆེན་པོ་ཞིག་དང་མཉམ་འབྲེལ་གྱིས་དེས་སྦྱིན་བདག་བྱས་པ་ཞིག་ཡིན་འདུག་ལ། སྤྱིར་འདི་ལོ་ནི་སྔར་དང་མི་འདྲ་བ་སྒྲ་སྒམ་དང་གློག་འོད་མཚོན་ཁྲ་སོགས་ཅན་དྷི་གྷར་ནས་འཁྱེར་ཡོང་གིན་ཡོད་འདུག

འོན་ཀྱང་བློ་བཟང་དབང་རྒྱལ་ལགས་ཀྱིས་འདི་ལོ་སྐྱེ་དགུ་མདོར་ས་ཡོམ་གྱིས་གོད་ཆགས་རྐྱེན་པས། ཤོག་སྦག་སྤར་བ་སོགས་དགའ་དགའ་སྤྲོ་སྤྲོའི་རྣམ་པ་དེ་ཙམ་བྱ་འཆར་མིན་སྐོར་ཡང་འགྲེལ་བརྗོད་གནང་སོང༌།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (7)
དེང་གིས་དུས་འདིར་བོད་ཀྱི་མཛེས་མ་འགྲན་བསྡུར་་ནང་དུ་ཞིགས་མཁན་ཧ་ཅིང་གིས་ཉུང་ཉུང་ཡིན་པས་དེ་ལ་བུ་མོ་རྣམས་ཀྱིས་འཛེམ་དོག་མེད་པར་ནང་ལ་ཞིགས་རྒྱུ་དེ་ནི་བོད་པའི་བུ་མོའི་ཐོབ་ཐང་ཡོད་པ་རེད་ལ་རང་དབང་ཡོད་པ་ལ་ལོངས་སུ་སྤྱོད་མ་ཐུབ་པ་ཡིན་ན་། བོད་པའི་བུ་མོའི་རང་དབང་ལོངས་སྤྱོད་དེ་སུ་ཡིས་བྱེད། མུ་མཐུད་དུ་གཅེར་གཟུགས་ཀྱིས་འགྲན་བསྡུར་བྱེད་པ་དེ་ལ་དགའ་སྤྲོ་ཆེན་པོ་ཡོད་།
6 ༡༣༢༠༡༠༠༩༢༤
མཛངས་མ་འགྲན་བསྡུར་གནང་བ་འཛམ་གླིང་དང་མཐུན་ཀྱང་སྲོལ་རྒྱུན་དང་མི་མཐུན་པའི་ཅེར་གཟུགས་མ་བསྟན་ན་ལེགས།
5 ༡༠༢༠༡༠༢༡༢༩
མཛེས་མ་དངོས་གནས་རེད། མེ་ཏོག་རེད། ཡིན་ན་ཡང་། ཁོང་ཕམ་སོང་། ང་རང་སེམས་པ་སྐྱོ་སོང་།
4 ༠༨༢༠༡༠༠༩༡༧
གཞི་ལུས་བོད་མི་སྡུག་བསྔལ་ནང་དུ་ཡོད།། བཙན་བྱོལ་བོད་མི་མཛེས་མའི་སྤང་ན་སྐྱིད།།
རྒྱབ་སྐྱོར་ཡོད་རང་རང་ལ་སྤོབ་པ་དགོས་རྒྱུ་གལ་ཆེ།
2 ༠༥༢༠༡༠༡༦༠༡
མཛེས་མ་འགྲན་ཡིན་ནའང་ཡིན་གཅིག་གཅེར་བུ་བཟོ་དགོས་སམ།
ཁོ་ཚོའི་བསམ་དོན་འགྲུབ་པར་སྨོན། འདིའི་བསྐོར་གྱི་པར་རིས་བཅས་རིམ་བཞིན་འགོད་རོགས་ཞུ།



བརྗོད་གཞི་གཞན་ཁག་ལ་གཟིགས།