བདུན་གསུམ་པའི་མྱ་ངན་མཆོད་འབུལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༥ཚེས་༤ཉིན། དེ་རིང་ནི་སྐྱེ་རྒུ་མདོའི་ས་ཡོམ་གོད་ཆག་ཁྲོད་རྐྱེན་འདས་སུ་ཕྱིན་མཁན་དག་གི་བདུན་ཚིགས་གསུམ་པ་འཁེལ་བ་དང་སྟབས་བསྟུན། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་དབུ་བཞུགས་ཐོག་བཙན་བྱོལ་བོད་གཞུང་མང་གཉིས་ཀྱིས་བཞུགས་སྒར་དྷ་སའི་ཐེག་ཆེན་གཙུག་ལག་ཁང་ཏུ་འདས་པོ་རྣམས་མྱང་ངན་རྗེས་དྲན་དང་མཆོད་འབུལ་སྨོན་ལམ་གནང་སོང༌།

དེ་རིང་ཞོགས་པའི་ཆུ་ཚོད་༧དང་སྐར་མ་༤༩ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ྋགོང་ས་མཆོག་དབུས་བཙན་བྱོལ་བོད་གཞུང་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང༌། བཀའ་ཟུར་དང་སྤྱི་འཐུས་ལྷན་རྒྱས།  གཞུང་འབྲེལ་མིན་པའི་ཚོགས་པ་སྐྱིད་སྡུག་ཁག་གི་ཚོགས་མི་རྣམ་པ། དེ་བཞིན་བཞུགས་སྒར་ཁུལ་གྱི་སེར་སྐྱ་མང་ཚོགས་སྟོང་ཕྲག་བརྒལ་བ་ངོ་བཅར་སྒོས་ཉེ་ཆར་ཡུལ་ཤུལ་སྐྱེ་རྒུ་མདོའི་ས་ཡོམ་གྱི་གོད་ཆག་ཁྲོད་འདས་གྲོངས་སུ་ཕྱིན་མཁན་དག་ལ་གདུང་སེམས་མཉམ་སྐྱེལ་གྱི་མྱ་ངན་གུས་འདུད་དང་བསྔོ་སྨོན་གསོལ་འདེབས་གནང་ཡོད་པ་རེད།

བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་མྱ་ངན་མཆོད་འབུལ་གྱི་ཆོ་ག་འགོ་མ་བཙུགས་སྔོན་དུ་གསུང་བཤད་གནང་དོན། ཐེངས་འདིའི་ས་ཡོམ་གྱི་འཇིགས་པ་ཆེན་པོ་དེའི་དབང་གིས་གཞུང་འབྲེལ་གྱིས་གསལ་བསྒྲགས་བྱས་པ་ལས་ཀྱང་མི་མང་པོའི་ལུས་སྲོག་ཤོར་བ་དང༌། མི་མང་ཁྲི་ཕྲག་མང་པོར་རྨས་སྐྱོན་དང་སྡོད་ཁང་ལ་སོགས་པའི་དཀའ་ངལ་ཁྲོད་འཚོ་བ་དེ་དག་གི་ཆེད། བཙན་བྱོལ་བོད་མི་ཚོས་གདུང་སེམས་མཉམ་བསྐྱེད་དང་སྐྱིད་སྡུག་མཉམ་མྱོང་མཚོན་ཆེད། ས་ཡོམ་བྱུང་བའི་ཉིན་མོ་ཕྱི་ཚེས་ ༡༤ ཉིན་༧གོང་ས་མཆོག་གིས་ཐུགས་སྨོན་བདེན་ཚིག་རླབས་ཆེན་གནང་བ་མ་ཟད། ཕྱི་ཉིན་ཡང་གཞུང་འབྲེལ་གྱི་ཐོག་ནས་སྨོན་ལམ་འཚོགས་ཡོད་ལ། བདུན་ཕྲག་གཉིས་པའི་སྐབས་སུའང་ྋགོང་ས་མཆོག་ཞབས་སོར་བཀོད་དེ་སྨོན་ལམ་རྒྱས་པ་ཞིག་འཚོགས་པ་རེད།

དེ་རིང་བདུན་ཚིགས་གསུམ་པར་འཁེལ་ཡོད་སྟབས། རྒྱ་བལ་འབྲུག་གསུམ་གྱིས་མཚོན་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་དང༌།  བོད་མི་འདུས་སྡོད་ཀྱི་ས་གནས་ཡོངས་སུ་ཉིན་གཅིག་དུས་གཅིག་ཏུ་ཡུལ་ཤུལ་གནོད་ཐེབས་ས་ཁུལ་གྱི་འདས་པོ་རྣམས་ལ་སྨོན་ལམ་དང་ཤུལ་ལུས་རྣམས་ལ་གདུང་སེམས་མཉམ་སྐྱེད་ཆེད་ངག་བཅད་སྐར་མ་གཅིག་རིང་གནང་གི་ཡོད། འདི་ལྟར་གནང་དགོས་པའི་དགོངས་འཆར་ཕྱོགས་མང་པོ་ནས་བྱུང་བ་ཡིན་སྟབས། བཀའ་ཤག་གིས་གོ་སྒྲིག་གནང་བ་ཡིན། ཞེས་གསུངས་སོང༌།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།