དགོངས་ཚུལ།

བདེན་པའི་མཐའ་དེ་སེལ་ངེས་པ་ཞིག་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༥ཚེས་༡ཉིན། དེ་རིང་ཞོགས་པར་བཞུགས་སྒར་དྷ་རམ་ས་ལར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༼ཐུགས་རྗེ་ཆེ་ཧི་མ་ཅལ་མངའ་སྡེའི་གཞུང་དང་མི་མང་༽ཞེས་པའི་མཛད་སྒོ་ཉིན་གཉིས་པ་སྲུང་བརྩི་ཞུས་ཡོད་པ་རེད།

མཛད་སྒོའི་ཐོག་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བསྐྱངས་ཡོད་པས་མ་ཚད། རྒྱ་གར་དབུས་གཞུང་གི་ངར་ལྕགས་བློན་ཆེན་ཤྲིར་ཝིར་བྷ་དྷ་ར་སིང་མཆོག་དང༌། དབུས་དང་ཧི་མ་ཅལ་གྱི་བློན་ཆེན་ཟུར་པ་ཤྲི་བྷ་ལི་མཆོག ཅན་དྷི་ཀུ་མ་རི། གཞན་ཡང་ས་གནས་ཀྱི་འགོ་ཁྲིད་རྣམ་པ་དང༌། བཙན་བྱོལ་བོད་གཞུང་གི་བཀའ་སློབ་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་དང༌། ཚོགས་གཞོན་རྒྱ་རི་སྒྲོལ་མ་བཅས་ཀྱི་གཙོས་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང༌། ཆེད་དུ་གདན་ཞུ་བྱས་པའི་བཞུགས་སྒར་དྷ་རམ་ས་ལའི་ས་གནས་རྒྱ་གར་བ་ཡུལ་མི་རྒན་རབས་ཁག་ཅིག་དང༌། གསར་འགོད་པ།  དེ་བཞིན་སློབ་ཕྲུག་དང༌། སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་སྟོང་ཕྲག་ལས་རྒལ་བ་མཛད་སྒོ་ཐོག་ཕེབས་གནང་ཡོད་པ་རེད།

ཐོག་མར་བོད་གཞུང་ཟློས་གར་ཚོགས་པས་རྔ་རྡུང་རོལ་བཀྲོལ་ཁྲོད། བདུག་སྤོས་ཁ་བཏགས་ཀྱི་སྣེ་མོར་༧གོང་ས་མཆོིག་དང་ རྒྱ་གར་དབུས་གཞུང་གི་ངར་ལྕགས་བློན་ཆེན་ཤྲིར་ཝིར་བྷ་དྷ་ར་སིང་མཆོག་རྣམ་གཉིས་གདན་ཞུ་དང༌། དེ་རྗེས་བོད་གཞུང་ཟློས་གར་ཚོགས་པས་ཧིན་བོད་གཉིས་ལྡན་གྱི་ལམ་ནས། ༼ཐུགས་རྗེ་ཆེ་ཧི་མ་ཅལ་༽ཞེས་པའི་རྗེས་དྲན་གྱི་བསྟོད་གཞས་ཞིག་ཀྱང་ཕུལ་སོང༌།

དེ་ནས་མགོན་པོ་གང་ཉིད་ཀྱིས་མངའ་སྡེའི་བློན་ཆེན་མཆོག་ལ་སྐུ་བརྙན་ཐང་ཀ་ཞིག་གསོལ་རས་བསྩལ་བ་དང་ལྷན་དུ། ཧི་མ་ཅལ་མངའ་སྡེའི་ནང་བོད་མི་དང་དམིགས་བསལ་འབྲེལ་བ་དང༌། བྱས་རྗེས་ཅན་ཡུལ་མི་རྒན་རབས་གསུམ་ལ་གཟེངས་བསྟོད་གསོལ་རས་ཏེ། བོད་པའི་ཚེ་རིང་ཞྭ་མོ་དང༌། རྒྱ་གར་གྱི་ཕྱི་གོས་སྟོད་རས་ལྭ་བ། ཁ་བཏགས་བཅས་༧གོང་ས་མཆོག་སྐུ་ངོ་མས་གཡོག་གནང་མཛད་སོང༌། གཞན་ཡང་བཙན་བྱོལ་བོད་གཞུང་གིས་དྷ་རམ་ས་ལར་རྒྱ་གར་བ་ཡུལ་མི་རྒན་རབས་བརྒྱ་སྐོར་ཞིག་ལ་ཁ་བཏགས་དང་གསོལ་རས་བཅས་འབུལ་གནང་མཛད་སོང༌།

སྐབས་དེར་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་དོན།
ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག ༧གོང་ས་སྐྱབས་མགོན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ལ་སྒོ་གསུམ་གྱི་གུས་པ་སྔོན་དུ་འགྲོ་བའི་ཐོག དེ་རིང་འདིར་ཕེབས་པའི་མཛད་གཙོ་རྣམ་པ་དང༌། སྐུ་མགྲོན་རྣམ་པ། སེར་སྐྱ་མི་མང་བཅས་ལ་སྤྱིར་ཧི་མ་ཅལ་ནང་བཙན་བྱོལ་བོད་མིའི་གནས་ཚུལ་དེ་ཚོ་ཁ་སང་ཞུས་ཚར་བ་ཡིན་དུས་དེ་རིང་འདིར་བསྐྱར་ལྡབ་མི་དགོས་པ་ཞིག་དང༌། དྷ་རམ་ས་ལར་བཞུགས་སྒར་གྱི་གནས་བབས་དེ་ཕྱོགས་མང་པོ་ཞིག་ནས་ཕུན་སུམ་ཚོགས་པ་དང༌། ལྷག་པར་དུ་འདས་པའི་ལོ་མང་པོ་ཞིག་གི་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ཕྱོགས་ཀུན་ཏུ་རྒྱས་པ་དེ་ཚོ་ཚང་མར་བལྟས་པ་ཡིན་ན། ང་ཚོས་ངེས་པར་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་དང་ཞུ་འོས་པའི་གནས་སྟངས་ཞིག་རེད། དེའི་ཕྱིར་དུ་བཙན་བྱོལ་བོད་མི་དང་སྤྱིར་བོད་རིགས་ཡོངས་རྫོགས་ནས་བཀའ་དྲིན་རྗེས་དྲན་དང་ཧི་མ་ཅལ་གྱི་མང་ཚོགས་ལ་ང་ཚོའི་གུས་བརྩི་བསམ་ཚུལ་ཚུན་པའི་ཆེ་བསྟོད་ཞུ་བ་ཞིག་རེད། དེར་བརྟེན་དེ་རིང་ཁྱེད་རྣམ་པ་ཚང་མ་འདིར་མཉམ་ཞུགས་གནང་བ་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་སོང༌།

དེ་རྗེས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་དང་གསུང་བཤད་གནང་དོན།
དེ་རིང་འདིར་བློན་ཆེན་མཆོག་དང༌། ཡུན་རིང་འགྲོགས་པའི་གྲོགས་པོ་བློ་ཐུབ། འགྲེས་སོང་རྣམ་པ་ཚོ། དེ་བཞིན་དུ་ས་གནས་འདི་གའི་གྲོགས་པོ་རྣམ་པ་ཚོ་བཅས་ལ་ཞུ་རྒྱུར། ཁང་སང་ང་ཚོ་མངའ་སྡེའི་གཙོ་འཛིན་དབུ་བཞུགས་ཐོག་ང་ཚོ་ཧི་མ་ཅལ་མངའ་སྡེར་སླེབས་ནས་ལོ་༥༠ཐམ་པ་ཧྲིལ་བོ་ཕྱིན་པའི་རྗེས་དྲན་གནང་བ་དང་ཆབས་ཅིག མངའ་སྡེ་གཞུང་དང་མི་མང་ཚོ་ལ་ཐུགས་རྗེ་ཆེ་ཞུ་ཡ་བྱུང༌། དེ་རིང་འདིར་དམིགས་བསལ་ཞིག་ག་རེ་ཡོད་པ་རེད་ཅེས་ལབ་ན། འདི་ག་ས་གནས་མི་སྣའི་ནང་གི་ང་ཚོ་ཡུན་རིང་པོའི་ངོ་ཤེས་དང་གྲོགས་པོ། དེ་འདྲའི་ང་ཚོར་རྒྱུས་ཡོད་བསྡད་མཁན། བཀའ་དྲིན་ཆེན་པོ་བྱེད་བསྡད་མཁན་ལ་དེ་རིང་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་བྱུང་བར་ཧ་ཅང་དགའ་བོ་བྱུང༌། འདས་པའི་ལོ་ལྔ་བཅུའི་རིང་དཀའ་སྡུག་གི་འཚོ་བའི་ཉམས་མྱོང་དེ་དག་དྲན་པའི་ཐོག་ནས་ཁྱེད་རང་ཚོ་འགྱུར་བ་མེད་པ། བློ་ཐུབ་ཀྱི་གྲོགས་པོ་ཡིན་བསམ་པའི་འདུ་ཤེས་ཀྱི་ཐོག་ནས་དམིགས་བསལ་ཐུགས་རྗེ་ཆེ་ཞུས་པ་ཡིན།

དེ་རིང་འདིར་ཅུང་ཙམ་ཞུ་འདོད་པ་ཞིག་ལ་བར་སྐབས་ཤིག་ལ་ང་ཚོ་དྷ་རམ་ས་ལར་ཏོག་ཙམ་གྱི་རྙོག་དྲ་བྱུང་བ་རེད། ད་ང་ཚོ་དྷ་རམ་ས་ལར་བསྡད་ན་འགྲིགས་ཀྱིན་མི་འདུག་ཅེས་པའི་སྐད་ཆ་ཞིག་བྱུང་བ་རེད། ང་དེ་དུས་ཨ་མེ་རི་ཁའི་ནང་ཡོད། ད་ཡུལ་མི་ཚོར་འདོད་པ་མེད་པ་ཡིན་ན། ང་ཚོ་ཐོན་རྒྱུ་རེད་མ་གཏོགས་གཞན་བཅོས་ཡ་ཡོད་པ་རེད་ཅེས་ལབ་རྒྱུ་བྱུང༌། གསར་འགྱུར་འགོད་མཁན་ཁ་ཤས་ཀྱིས་ཚུར་སྐད་ཆ་འདྲི་གིན་འདུག དེ་འདྲ་ལན་བརྒྱབ་པ་ཡིན། ང་ཚུར་དྷ་རམ་ས་ལར་འབྱོར་དུས་སློབ་དཔོན་ཆེན་མོ་ཤར་མ་དང་ཁོང་ཚོ་ཁ་ཤས་ཤིག་ངའི་སར་ཡོང་སྟེ། ང་ཚོ་དྷ་རམ་ས་ལའི་མི་མང་ཚོར་རྒྱལ་བ་རིན་པོ་ཆེ་འདིར་སྡོད་པར་དགའ་བསུ་ཡོད། རྒྱལ་བ་རིན་པོ་ཆེ་ནམ་ཞིག་སོ་སོའི་ལུང་པར་ཕེབས་རྒྱུའི་དུས་ཚོད་ཅིག་བྱུང་ན་གནས་ཚུལ་ཁ་ཁ་རེད། དུས་ཚོད་དེ་མ་བྱུང་བར་དུ་དྷ་རམ་ས་ལར་སྡོད་རོགས། ཕྱིན་ཆད་དྷ་རམ་ས་ལ་ནས་སོ་སོ་རང་ཡུལ་ལ་ལོག་པའི་དུས་ཚོད་ཤར་དུས་དྷ་རམ་ས་ལ་ནས་སྤྲོ་བོ་བྱས་ཏེ་རྒྱལ་ཁའི་ངང་ནས་ཕར་ཕེབས་རོགས་ཞེས་བཤད་སོང༌། དེ་དྲན་དུས་སེམས་སྐྱོ་བོ་ཞིག་བྱུང་ལ། ཞེ་དྲག་དགའ་བོ་ཡང་བྱུང༌།

དྷ་རམ་ས་ལར་ཐོག་མར་ཡོང་དུས་ང་ཚོ་རྒྱ་གར་ལ་སླེབས་ནས་ལོ་གཅིག་ཕྱིན་པ་རེད། ལྔ་བཅུ་ང་དགུ་ཟླ་བ་གསུམ་པའི་ཚེས་བཅུ་བདུན་གྱི་དགོང་མོར་ནོར་བུ་གླིང་ག་ནས་བྲོས་ཏེ། ཐབས་ཤེས་གང་ཡོད་ཅི་ཡོད་བྱས་པ་རེད། ཡིན་ནའང་ཐབས་ཤེས་གཞན་གང་ཡང་མེད་པར་གནས་ཚུལ་ཧ་ཅང་ཛ་དྲག་ཞིག་གི་འོག་ལྷ་སའི་ཆུ་ཚོད་བཅུ་བའི་ཐོག་ལ་ནོར་བུ་གླིང་ག་ནས་ཐོན་ཡོང་བ་རེད། དེ་ནས་ཟླ་བ་བཞི་བའི་ནང་ལ་རྒྱ་གར་ནང་ལ་འབྱོར་བ་རེད། རྒྱ་གར་ས་མཚམས་ཟིན་པ་དང་དངོས་ནས་རང་དབང་ཐོབ་སོང་བསམས་པ་ཞིག་དང༌། འཇིགས་སྣང་ལས་གྲོལ་བསྡད་པའི་ཚོར་བ་ཤུགས་ཆེན་པོ་བྱུང༌། གཉིས་ནས་ས་མཚམས་སུ་སྔོན་མ་ང་ཚོ་བོད་ནས་ངོ་ཤེས་ཡིན་པའི་གྲོགས་པོ་མའུན་ནན་གྱིས་མཚོན་པའི་གྲོགས་པོ་སྔོན་མ་ནས་ངོ་ཤེས་མཁན་ཚོས་ས་མཚམས་སུ་སྒུག་བསྡད་འདུག དེའི་གདོང་མཐོང་ཡོང་དུས་ད་གྲོགས་པོ་ངོ་ཤེས་རྒྱུས་ཡོད་བསྡད་པ་དེ་དག་ཐུག་ཡོང་དུས་སེམས་ནང་དམིགས་བསལ་གྱི་དགའ་ཚོར་བྱུང༌།

 དེ་ནས་རིམ་པས་མཱ་སུ་རིས་ལ་འབྱོར་བ་རེད། མཱ་སུ་རིས་ལ་སླེབས་དུས་ཕྱོགས་གཅིག་ནས་བོད་ནས་དངངས་སྐྲག་དང་བཅས་ཏེ་སླེབས་པ་རེད། ལམ་ཁ་ནས་ཞེ་དྲག་ན་སོང༌། དེ་ནས་ཊེ་སི་བྷོད་ནས་དྷེ་ར་དྷུན་བར་དུ་མེ་འཁོར་ནང་ཉིན་མཚན་ཁ་ཤས་སྦྲེལ་ཏེ་ཡོང་བ་རེད། མཱ་སུ་རིས་ལ་འབྱོར་དུས་ཉིན་མ་ཁ་ཤས་རིང་གདན་སྒང་ལ་བསྡད་པ་ཡིན་ནའང་ཡར་ཡོམ་དང་མེ་འཁོར་ནང་ལ་ཆོབ་ཆོབ་ཟེར་བའི་སྒྲ་དེ་ཚོར་གྱི་འདུག དེ་ལོའི་ཟླ་བ་བཞི་བའི་ཟླ་མཇུག་ཏུ་པཎྜི་ཊ་ནེ་རུ་མཱ་སུ་རིར་ང་ལ་ཐུག་པར་ཕེབས་སོང༌། ལྔ་བཅུ་ང་དྲུག་ལོ་ནས་བཟུང་ནང་ཚན་གྱི་དམིགས་བསལ་འབྲེལ་བ་ཡོད། དེ་འདྲ་ཡིན་དུས་ཁོ་རང་ཆེད་མངགས་ང་ལ་ཐུག་པར་ཕེབས་པ་རེད། དེའི་དུས་ང་ཚོར་སྐྱབས་མེད་མགོན་མེད་མིན་པའི་ཚོར་བ་དང་སྤོབས་པ་ཤུགས་ཆེན་བྱུང༌། སྐབས་དེར་ང་ཚོ་བོད་མི་བཙན་བྱོལ་དུ་འབྱོར་བ་དག་ལ་ཚ་བ་དང༌། ཛ་དྲག་གི་ས་མཚམས་སུ་འབྱོར་བ་དེ་དག་ས་བསིལ་ས་ཞིག་ལ་འགྲོ་བ་དང༌། དེ་འདྲའི་ཐབས་ཤེས་ཛ་དྲག་བྱས་ཏེ་ལོ་གཅིག་བསྐྱལ་བ་རེད།

དེ་ནས་དྲུག་བཅུ་ཐམ་པའི་ཟླ་བ་བཞི་བའི་ཟླ་མཇུག་ཏུ་འདིར་འབྱོར་བ་རེད། མཱ་སུ་རིར་རྒྱུས་མེད་ཅིག་ནས་དྷ་རམ་ས་ལར་རྒྱུས་མེད་ཅིག་ལ་འབྱོར་བ་རེད། དུས་སྐབས་དེར་འགྲིམས་འགྲུལ་བློན་ཆེན་ཨ་མའ་པར་ཏི་ང་ཐུག་པ་སླེབས་སོང༌། ཁོ་རང་གིས་ས་ཆ་འདིའི་མིང་ལ་དྷརྨ་ཤཱ་ལ་ཞེས་ཆོས་ཀྱི་བསྟི་གནས་ཤིག་ཆགས་བསྡད་ཡོད་པ་རེད། རྒྱལ་བ་རིན་པོ་ཆེ་ཆོས་ཀྱི་བསྟི་གནས་ཀྱི་ས་ཆ་འདིའི་སྒང་ནས་མར་འཛམ་པོ་གླིང་ལ་ཆོས་ཀྱི་མཛད་པ་རྒྱས་ཐུབ་པ་ཞིག་ཡོང་གི་རེད་ཟེར། དེ་ལྟར་དགོངས་པ་བཞེས་དགོས་པ་རེད་ཅེས་ང་ལ་བཤད་སོང༌།

ལས་དོན་ལས་སླ་བོ་ཞིག་མ་རེད། ལམ་སེང་ལམ་སེང་འགྲུབ་ཟེར་བ་ཞིག་ཁག་པོ་རེད། ང་ཚོ་བོད་མི་བཙན་བྱོལ་པའི་ངོས་ནས་བཤད་པ་ཡིན་ནའང་རེད། གཙོ་ཆེ་གཞིས་ལུས་རྒྱ་ཆེ་མི་མང་གི་ངོས་ནས་བཤད་པ་ཡིན་ནའང་རེད། གང་ལྟར་ལོ་ལྔ་བཅུ་དྲུག་བཅུ་ཕྱིན་པ་རེད་མོད། བོད་མིའི་སྙིང་སྟོབས་དང༌། བོད་མིའི་ལྷག་བསམ་ནམ་ཡང་འགྱུར་བ་མེད་པ་ས་བརྟན་རྡོ་རྗེ་ཕ་ལམ་ལྟ་བུ་བསྡད་ཡོད་པ་རེད། ད་དུང་ཡིན་ནའང་འདི་ལྟར་སྡོད་དགོས་པ་རེད། བདེན་པ་ཡོད་པ་དང་ཅིག་དང༌། འཐབ་རྩོད་དེ་ཡང་དྲང་བདེན་གྱི་ལམ་ལ་འགྲོ་བསྡད་པ། གཉིས་ཕན་གྱི་ཐོག་ནས་འགྲོ་བསྡད་པ། དེ་འདྲ་ཡིན་དུས་བདེན་པའི་མཐའ་དེ་སེལ་ངེས་པ་ཞིག་རེད་ཅེས་བཀའ་གནང་སོང༌།

སྐབས་དེར་མཛད་སྒོ་དངོས་གཞི་གྲུབ་རྗེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མངའ་སྡེའི་བློན་ཆེན་སོགས་སྐུ་མགྲོན་རྣམ་པ། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་དང༌། སྤྱི་འཐུས་ཚོགས་གཙོ་གཞོན་བཅས་ཀྱི་གཙོས་པའི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་བཅས་ལྷན་བཞུགས་ཀྱིས། རྣམ་རྒྱལ་གྲྭ་ཚང་དུ་ཞལ་ལག་ཞིག་ཀྱང་གོ་སྒྲིག་ཞུས་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
མཁས་པའི་དབང་པོ་ཟམ་གདོང་རིན་པོ་མཆོག་གི་མཛད་སྐྱོངས་གནང་བས་རིང་དངོས་ཉིད་བོད་དོན་གསལ་བའི་ལས་འགུལ་ཆེ་ཤོས་དེ་ཤེས་ཡོན་སྲིད་བྱུས་དེ་རེད།
1 ༠༢༢༠༡༠༡༣༤༥
མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་སྐྱབས་སུ་མཆི།



བརྗོད་གཞི་གཞན་ཁག་ལ་གཟིགས།