རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་ཡིན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༣༠ཉིན། དེ་རིང་ཞོགས་པར་བཙན་བྱོལ་བོད་གཞུང་ལྔ་བཅུའི་དུས་དྲན་གོ་སྒྲིག་ཚོགས་ཆུང་གི་གོ་སྒྲིག་འོག་བཞུགས་སྒར་དྷ་སའི་ཉེ་འདབས་ཀྱི་དྷ་རུས་ཐང་ཆེན་དུ་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་དྷ་རམ་ས་ལར་ཞབས་སོར་འཁོད་དེ་མི་ལོ་༥༠འཁོར་བའི་རྗེས་དྲན་དང༌། ཧིལ་མ་ཅལ་མངའ་སྡེ་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་དུས་དྲན་གྱི་མཛད་སྒོ་གཟབ་རྒྱས་ཤིག་སྐོང་འཚོགས་གནང་སོང༌།

དེ་ཡང་ཐེངས་འདིའི་མཛད་སྒོའི་ཐོག་ྋགོང་ས་ཏཱ་ལའི་བླ་མ་མཆོག་དང༌། ཧིལ་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཕི་རེམ་ཁའུ་མེར་ཌི་མལ་མཆོག དཔལ་རྒྱལ་བ་ཀརྨ་པ་མཆོག བཙན་བྱོལ་བོད་གཞུང་གི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་གཅོས་རང་དབང་ཅན་གྱི་སྡེ་ཚན་འགན་འཛིན་རྣམ་པ་དང༌། ལྷན་ཁང་ཁག་གི་དྲུང་ཆེ་ཆུང༌། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འགན་འཛིན། ཀང་ར་རྫོང་གི་རྫོང་དཔོན་གྱི་ལས་ཁུངས་མ་ལག་དང་བཅས་པའི་འགན་འཛིན། དེ་བཞིན་དུ་ཧིན་བོད་མཛའ་འབྲེལ་ཚོགས་པ་དང་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་མི། ས་གནས་རྒྱ་གར་མང་ཚོགས་དང་བོད་རིགས་སེར་སྐྱ་མང་ཚོགས་བཅས་མི་གྲངས་སྟོང་ཕྲག་བཞི་ལྷག་རྟེན་འབྲེལ་མཛད་སྒོའི་ཐོག་ཕེབས་ཡོད་འདུག

ྋགོང་ས་མཆོག་གིས་མཛད་སྒོའི་ཐོག་ཧིལ་མ་ཅལ་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་བཀའ་གསུང་བསྩལ་དོན།
དེ་རིང་འདིར་ཧིལ་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང༌། མངའ་སྡེ་དང་ས་གནས་ཀྱི་ཕྱག་ལས་གནང་མཁན་གྲོགས་པོ་རྙིང་པ་མང་ཞིག་འདུག རྣམ་པ་ཚོ་དང་ཆོས་གྲོགས་ལྷན་རྒྱས་ཚང་མར་ཞུ་ཡ་ལ། དེ་རིང་འདིར་ང་ཚོ་བོད་མི་བཙན་བྱོལ་དུ་འབྱོར་བའམ་སྤྱིར་རྒྱ་གར་ལ་འབྱོར་ནས་ལོ་ལྔ་བཅུ་ང་གཅིག་ཕྱིན་པ་རེད། འདིར་ཧི་མ་ཅལ་མངའ་སྡེ་ལ་སླེབས་ནས་ལོ་ལྔ་བཅུ་ཐམ་པ་ཧྲིལ་བོ་འཁོར་བ་རེད། དེའི་རིང་ལ་ང་ཚོས་འདིར་ཕ་ཡུལ་གཉིས་པ་ཞེས་མིང་ཙམ་དང་ཚིག་ཙམ་མ་ཡིན་པར། དོན་ངོ་མའི་ཆ་ནས་སོ་སོ་རང་ཡུལ་ལ་ཡོད་པ་ནང་བཞིན་སོ་སོའི་ཁུར་དུ་བབས་པའི་ལས་འགན་སྒྲུབ་པར་རང་དབང་གི་ཐོག་ནས་བྱེད་ཆོག་པ་ཞིག་བྱུང་བ་རེད། དེ་འདྲ་ཡིན་ཙང༌། དྲིན་ལན་གཞན་ཞེས་ང་ཚོར་མཇལ་ཡ་མི་འདུག་མོད། ཐུགས་རྗེ་ཆེ་ཞེས་སྙིང་ཐག་པ་ནས་ཞུ་བ་དེ་ཤིན་ཏུ་འོས་པ་རེད། དེ་བས་དེ་རིང་འདིར་ང་ཚོ་བཙན་བྱོལ་ལ་ཡོད་པའི་བོད་མི་ཚང་མའི་ཚབ་བྱས་ཏེ་མངའ་སྡེའི་གཞུང་རེད། དེ་བཞིན་དུ་གཞུང་གི་དབུ་ཁྲིད་དང་ཕྱག་ལས་གནང་མཁན་ཚོ་རེད། ས་གནས་ཀྱི་ཕྱག་ལས་གནང་མཁན་ཚོ་རེད། ད་ལྟ་ཕྱག་ལས་གནང་བཞིན་པ་ཙམ་དུ་མ་ཟད། འདས་པའི་དུས་ཡུན་ནང་ལ་ང་ཚོ་བོད་མི་ཚོ་དང་ལྷག་བསམ་རྣམ་དག་གི་ཐོག་ནས་རོགས་རམ་གནང་མཁན་གྱི་འདས་པོ་དེ་དག་ལ་བཀའ་དྲིན་དྲན་པའི་ཐོག་ནས་སྨོན་ལམ་རྒྱག་པ་དང༌། ད་ལྟ་འཚོ་ཞིང་བཞེས་པའི་ཁྱོད་རང་ཚོ་ལ་ཞལ་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན།

ང་ཚོ་འདིར་ལོ་ལྔ་བཅུའི་རིང་ལ་རང་ཉིད་གཅིག་པུ་མི་ཚེའི་རང་དབང་གི་དོན་དུ་འདིར་འབྱོར་ཏེ་བསྡད་བསྡད་པ་ཞིག་མ་རེད། ང་ཚོ་འདིར་ལོ་རྒྱུས་ཡོད་པའི་མི་རིགས་ཤིག་གི་ཆོས་དང་རིག་གཞུང་སྲུང་སྐྱོབ། རང་དབང་གི་འཐབ་རྩོད། དེ་བཞིན་དུ་འཛམ་གླིང་ཡང་ཐོག་ཏུ་གྲགས་པའི་བོད་གངས་ཅན་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དེ་ཚོའི་ཐོག་ལ་ང་ཚོ་འདིར་ལོ་འདི་གའི་རིང་ལ་སེམས་ཁུར་ཞིག་བླངས། གཞིས་ལུས་རྒྱ་ཆེ་མི་མང་གི་རེ་འདུན་དེ་ང་ཚོ་འདིར་རང་དབང་ལུང་པའི་ནང་ལ་ག་ཚོད་ཐུབ་ཐུབ་ཀྱིས་རེ་འདུན་དེ་འཛམ་པོ་གླིང་འདིའི་སྒང་ལ་ཕར་བཏོན་པ་སོགས་ཀྱི་ལས་ཀ་བྱེད་ཀྱི་ཡོད་སྟབས། སྔ་མོ་ཡིན་ན་རྒྱ་གར་རྡོ་རྗེ་གདན་ཞེས་བོད་མི་སྤྱི་བོ་རྣམ་ལྡན་ཡོངས་རྫོགས་ཀྱིས་བཤད་བསྡད་པ་ཞིག་རེད།

དེ་རིང་ཁ་སང་གི་དུས་ཚོད་ལ་དྷ་རམ་ས་ལ་ཟེར་བ་དེ་བོད་མི་སྤྱི་བོ་རྣམ་ལྡན་ཡོངས་རྫོགས་ཀྱིས་ཕལ་ཆེར་གོ་བསྡད་པ་ཆགས་ཡོད་པ་རེད། དེ་འདྲ་ཡིན་ཙང༌། གཞིས་ལུས་རྒྱ་ཆེ་མི་མང་དང་བོད་མི་ས་ཡ་དྲུག་གི་ཚབ་བྱས་ཏེ་སྤྱི་ཁྱབ་བློན་ཆེན་རེད། དེ་བཞིན་དུ་ཁྱོད་ཚོ་མངའ་སྡེ་གཞུང་རེད། དེ་དང་འབྲེལ་ཡོད་རིགས་ལ་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང༌།

འཛམ་པོ་གླིང་འདིའི་སྒང་ལ་བཙན་བྱོལ་པ་ས་ཡ་མང་པོ་ཡོད་པའི་ནང་ནས་ང་ཚོ་བོད་མི་བཙན་བྱོལ་པ་དེ་དག་ཕལ་ཆེར་བཙན་བྱོལ་པ་ཚགས་ཚུད་ཤོས་ཤིག་ལ་བཙན་བྱོལ་ཁག་ལ་རྒྱུས་ཡོད་མཁན་དེ་ཚོས་བཤད་བསྡད་ཀྱིན་འདུག ལྔ་བཅུ་ང་དགུ་དང་དྲུག་བཅུའི་ནང་ནས་བོད་མི་བཙན་བྱོལ་པའི་ཐོག་ལ་རོགས་སྐྱོར་བྱེད་མཁན་ད་ཆ་ལོ་རྒས་ནས་སྡོད་མཁན་ཡོད་པ་རེད། དེ་ཚོའི་གྲས་ཀྱི་མང་པོ་ཞིག་གིས་ཁྱོད་རང་ཚོ་སྔོན་མ་ང་ཚོས་རོགས་བྱས་པ་རེད། ང་ཚོས་རོགས་བྱས་པ་དེ་དག་འབྲས་བུ་ཐོབ་རྒྱུ་ཡོད་བསྡད་པ་ཡག་པོ་ཞེ་དྲག་འདུག་ཅེས་བསྔགས་བརྗོད་བྱེད་ཀྱིན་འདུག

གང་ལྟར་བཙན་བྱོལ་པ་ས་ཡ་མང་པོའི་ནང་ནས་ང་ཚོ་བོད་མི་བཙན་བྱོལ་བ་ཆིག་འབུམ་ལྔ་ཁྲི་ཡར་མན་ཞིག་ཡོད་བསྡད་པ་དེ་དག་ཕལ་ཆེར་བཙན་བྱོལ་བ་ཚགས་ཚུད་ཤོས་ཤིག་ཡོང་བསྡད་པའི་རྒྱུ་རྐྱེན་གཙོ་བོ་གཅིག་དེ་རྒྱ་གར་འཕགས་པའི་ཡུལ་དེ་ང་རང་ཚོ་ལོ་སྟོང་ཕྲག་རིང་ལ་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་གི་ཐོག་ནས་འབྲེལ་བ་ཞིག་ཡོད་པ་རེད། གཉིས་ནས་དངོས་ཡོད་ས་བབས་ཀྱི་གནས་ཚུལ་གྱི་ཆ་ནས་ཡིན་ཡང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཞིག་ཆགས་བསྡད་ཡོད་པ་རེད། གསུམ་ནས། ལྔ་བཅུ་ང་གྲངས་དང་དྲུག་བཅུའི་ནང་ལ་རྒྱ་གར་གྱི་དབུ་ཁྲིད་ཚོས་དམིགས་བསལ་གྱིས་ང་ཚོ་བོད་པའི་ཐོག་ལ་སེམས་ཐག་ཉེ་བོ་བྱས་ཏེ་ཤུགས་རྐྱེན་བྱུང་བ་རེད། གང་ལྟར་དེ་འདྲ་ཞིག་གི་འོག་ནས་ང་ཚོ་བཙན་བྱོལ་བ་ཚོ་འདིར་གྲ་འགྲིགས་པོ་ཞིག་ཡོང་བའི་ཆ་རྐྱེན་གཙོ་བོ་དེ་རྒྱ་གར་དབུས་གཞུང་རེད། ཡང་སྒོས་བོད་པ་ས་གནས་གང་པར་ཡོད་ནའང་ས་གནས་དེ་དང་དེའི་མངའ་སྡེ་གཞུང་དང་མི་མང་གི་ཐོག་ནས་དངོས་ནས་བོད་པ་ལ་ཤ་ཚ་ལྡན་པའི་ཐོག་ནས་མཐུན་སྦྱོར་བྱས་པ་ཡིན་ཙང༌། ང་ཚོ་གྲ་འགྲིགས་པོ་འདི་བྱུང་བ་རེད། དེའི་ཆ་ནས་ཡིན་ནའང་བཀའ་དྲིན་བརྗེད་དུ་མེད་པ་ཞིག་རེད། ཅེས་གསུངས་ཡོད་པ་རེད།

མགོན་པོ་གང་ཉིད་ཀྱིས་མུ་མཐུད་དུ། ང་རང་སྒེར་གྱི་ངོས་ནས་ཞུ་འདོད་ཅིག་བྱུང་བ་ལ། ང་ལོ་ལྔ་ཡིན་དུས་ཨམ་མདོ་ས་ཁུལ་ནས་བོད་དབུས་ལྷ་ས་ལ་སླེབས་པ་རེད། དེ་ནས་ལོ་བཅུ་དྲུག་གི་མཚམས་ལ་བོད་ཀྱི་དཀའ་ངལ་དེ་འགོ་ཚུགས་པ་རེད། དེ་སྐབས་སུ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་འགན་ངོས་ཁུར་བ་ཞིག་ཆགས་པ་རེད། སྐབས་དེར་བོད་མིའི་རང་དབང་བརླགས་པ་རེད། ང་རང་སྒེར་གྱི་རང་དབང་དེའང་བརླགས་པ་རེད། དེ་ནས་ལོ་ཉི་ཤུ་རྩ་བཞི་ལ་རང་གི་ལུང་པ་དང་བྲལ་ཏེ་རྒྱ་གར་ལ་སླེབས་པ་རེད། ཕྱོགས་གཅིག་ནས་ང་འདིར་རྒྱ་གར་གཞུང་གི་སྐུ་མགྲོན་བྱས་ཏེ་ཕལ་ཆེར་སྐུ་མགྲོན་ཡུན་རིང་ཤོས་དེ་བསྡད་མཁན་ཆགས་བསྡད་ཡོད་པ་རེད། ད་ལོ་བདུན་བཅུ་དོན་ལྔ་ལ་འགྲོ་བསྡད་ཀྱིན་ཡོད་པ་རེད།

ལོ་བདུན་བཅུ་དོན་ལྔ་ལས་ལོ་ཉི་ཤུ་རྩ་བཞིར་རང་གི་ལུང་པའི་ནང་ལ་བསྡད་པ་རེད། དེའི་འཕྲོས་ལོ་ལྔ་བཅུ་ང་གཅིག་འདིར་བཙན་བྱོལ་བ་བྱས་ཏེ་བསྡད་པ་རེད། ལོ་བདུན་བཅུ་དོན་ལྔའི་གསུམ་ཆ་གཉིས་ང་ཚོ་བཙན་བྱོལ་བ་བྱས་ཏེ་བསྡད་པ་ཡིན། ཕྱོགས་གཅིག་ནས་སེམས་སྐྱོ་བ་ཞིག་རེད། ལྷག་པར་དུའང་ཧ་ལམ་ངའི་མི་ཚེ་འདིའི་རིང་ལ་གནས་ཚུལ་ཐབས་སྐྱོ་བོ་ཞིག་མཐོང་བསྡད་ཡ་ཞིག་དང་མྱོང་བསྡད་ཡ་ཞིག་གིས་མི་ཚེ་སྐྱེལ་བ་རེད། ཡིན་ནའང་ད་ང་ཚོ་འདིར་བཙན་བྱོལ་བ་བྱས་ཏེ་བསྡད་པའི་རིང་ལ་ངོས་གོང་དུ་ཞུས་པ་ནང་བཞིན། ང་ཚོ་བོད་མི་སྤྱིའི་འགྲོ་སྟངས་དེ་ཚགས་ཚུད་པོ་ཞིག་དང༌། དངོས་ནས་བོད་རྒྱ་ཆེའི་མི་མང་གི་ཚབ་བྱས་ཏེ་ང་ཚོ་འདིར་ལས་འགན་གང་ལ་གང་འཚམ་ཞིག་སྒྲུབ་ཐུབ་ཡོད་པ་རེད། དེ་འདྲ་ཡིན་དུས། སོ་སོ་སྒེར་གྱི་མི་ཚེ་བསམ་བློ་ཞིག་བཏང་དུས་སྡོད་ཡ་བཙན་བྱོལ་བ་བྱས་ཏེ་བསྡད་པ་ཡིན། ལུང་པ་བྲལ་ཏེ་བསྡད་པ་ཡིན། དཀའ་ངལ་མང་པོ་ཞིག་གི་འོག་ལ་བསྡད་པ་ཡིན། ཡིན་ནའང་མི་ཚེའི་དགོས་དོན་འགྲུབ་ཡོད་བསམ་པ་ཞིག་དྲན་བསྡད་ཀྱི་འདུག ཅེས་བཀའ་ཕེབས་སོང༌།

དེ་རྗེས་ྋགོང་ས་མཆོག་གིས་འཚེ་མེད་ཞི་བའི་སྤྱོད་ལམ་སྐོར་ལ་བཀའ་སློབ་གནང་དོན། དེ་རིང་ཁ་སང་གི་དུས་ཚོད་ལ་འཛམ་པོ་གླིང་གི་ས་ཆ་གང་དུ་སླེབས་ནའང་རྒྱ་གར་གྱི་ཕ་མེས་ནས་ཡོད་བསྡད་པའི་འཚེ་བ་མེད་པའི་ལྟ་གྲུབ་ཟེར་བ་དེ་དང༌། འཚེ་བ་མེད་པའི་ལྟ་གྲུབ་ཅེས་ལབ་དུས་སྤྱིར་བཏང་གི་འཚེ་བ་མེད་པ་ཞེས་པའི་གོ་བ་དེ་སྤྱོད་པའི་ཐོག་ནས་བཤད་པ་ཞིག་རེད། དེ་འདྲའི་སྤྱོད་པ་འཚེ་བ་མེད་པ་ཡོང་བ་ལ་རྩ་བ་ཀུན་སློང་གི་ཐོག་ནས་བྱམས་པ་དང་བརྩེ་བ་ལ་གོ་གིན་ཡོད་པ་རེད། འཇིགས་སྣང་གི་འོག་ནས་སྤྱོད་པ་འཚེ་བ་མེད་པ་ཡོང་གི་མ་རེད། དངངས་སྐྲག་འོག་གི་སྤྱོད་པ་འཚེ་བ་མེད་པ་དེ་སྤྱོད་པ་འཚེ་བ་མེད་པ་མ་རེད། དངོས་ནས་ཕ་རོལ་པའི་སྲོག་ལ་བརྩེ་བ་བྱས། ཕ་རོལ་པའི་ཐོབ་ཐང་ལ་བརྩི་བཀུར་བྱས། དེ་འདྲ་ཞིག་གི་འོག་ནས་ཆེད་དུ་གཉེར་ནས་འཚེ་བ་སྡོམ་པ་དེ་ལ་སྤྱོད་པ་འཚེ་བ་མེད་པ་ཟེར་གྱི་ཡོད་པ་རེད། དེ་འདྲ་ཡིན་དུས་འཚེ་བ་མེད་པའི་ལྟ་བ་ཟེར་བ་འདིའི་རྩ་བ་ཀུན་སློང་དེ་བྱམས་བརྩེ་ལ་ཐུག་བསྡད་ཡོད་པ་རེད། ཅེས་དང༌།

ང་རང་ཚོ་མི་མང་ཚོའི་ངོས་ནས་ཡིན་ནའང་བཀའ་དྲིན་རྗེས་དྲན་ལག་ལེན་གྱི་ཐོག་ནས་བྱེད་དགོས་པ་རེད། ང་རང་ཚོའི་བོད་པའི་ཁ་རྒྱུན་ལ་ཡུལ་ཆུ་འཐུང་ན་ཡུལ་ཁྲིམས་ཡིན་ཟེར་བ་བཞིན་ང་རང་ཚོ་ས་གནས་གང་དུ་ཡོད་པ་ཡིན་ནའང་དངོས་གནས་ཡུལ་མི་གཅིག་མཚུངས་ཉམ་ཆུང་དང་ཁྲིམས་མཐུན་བྱེད་ཡ་དེ་གལ་ཆེན་པོ་ཞེ་དྲག་རེད། ང་རང་ཚོ་བོད་པ་ལ་རྒྱ་གར་འཕགས་པའི་ཡུལ་ནས་ལྷག་པར་དུའང་དཔལ་ཎ་ལན་ཌའི་ཆོས་རྒྱུད་ཀྱིས་ང་ཚོ་ལ་ལྟ་བ་རྟེན་འབྱུང་ཟེར་བ་ཞིག་དང༌། སྤྱོད་པ་འཚེ་བ་མེད་པ་ཟེར་བ་ཞིག་ང་ཚོ་ཆུང་ཆུང་སྐབས་ནས་དོན་དག་མ་ཤེས་ནའང་གོམས་གཤིས་ལ་འཇགས་བསྡད་ཡོད་པ་རེད། དེ་འདྲའི་ཡ་རབས་བཟང་པོའི་སྤྱོད་པ་ཟེར་བ་དེ་ཁོར་ཡུག་གི་གནས་ཚུལ་ག་རེ་ཡིན་མིན་ལ་མ་བལྟས་པར་རང་ཉིད་ཀྱི་ངོས་ནས་ང་བོད་པ་ཞིག་ཡིན་བསམ་པའི་ཐོག་ནས་ཡ་རབས་དང་སྤྱོད་པ་བཟང་པོ་བྱེད་པ་བརྗེད་རྒྱུ་ཡོད་པ་མ་རེད།
ཅེས་བཀའ་བསྩལ་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།