དགོངས་ཚུལ།

བཀའ་ཁྲིས་ཐུགས་རྗེ་ཆེ་ཞུ་བའི་མཛད་སྒོ་ཐོག་གསུང་བཤད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༣༠ཉིན། དེ་རིང་བཙན་བྱོལ་སྒྲིག་འཛུགས་ཀྱི་ངོས་ནས་ཧི་མ་ཅལ་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཞིག་གོ་སྒྲིག་ཞུ་དགོས་པའི་རྒྱུ་མཚན་ནི། ལོ་སྔོན་མར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྤྱི་ལོ་༡༩༥༩ལོར་རྒྱ་གར་འཕགས་པའི་ཡུལ་དུ་ཞབས་སོ་འཁོད་ནས་ལོ་༥༠འཁོར་བའི་དུས་དྲན་ཞིག་དང་མཉམ་དུ་རྒྱ་གར་རྒྱལ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་བའི་མཛད་རིམ་ཞིག་ཞུས་པ་ནང་བཞིན། གང་ཉིད་རྒྱ་གར་ཧི་མ་ཅལ་དྷ་རམ་ས་ལར་སྤྱི་ལོ་༡༩༦༠ལོར་ཟླ་༤པའི་ཟླ་མཇུག་དང༌། ཕྱི་ཟླ་༥པའི་ཚེས་ཤར་ལ་ཞབས་སོ་འཁོད་ནས་ལོ་༥༠ཧྲིལ་པོ་འཁོར་བའི་ཉིན་མོ་འདིར། ཧི་མ་ཅལ་མངའ་སྡེའི་གཞུང་དང་མང་ཚོགས་ལ་ཐུགས་རྗེ་ཆེ་ཞུ་བའི་མཚོན་དོན་ཙམ་ཞིག་དེ་རིང་འདིར་མཛད་སྒོ་ཞིག་གོ་སྒྲིག་ཞུས་པ་ཡིན།

གང་ཡིན་ཟེར་ན་འདས་པའི་ལོ་༥༠རིང་ཧི་མ་ཅལ་མངའ་སྡེའི་ནང་ལ་བོད་རིགས་ཚོ་དང༌། ལྷག་པར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་སྲུང་བྱ་ཚུན་པའི་གནས་ཚུལ་མང་པོ་ཞིག་ལ་མཐུན་འགྱུར་རོགས་རམ་བླ་མེད་གནང་བ་དེ་ང་ཚོ་བོད་ཀྱི་བྱུང་རབས་ལོ་རྒྱུས་ཀྱི་ནང་ལ་ཟུབ་ཏུ་མེད་པ་དང༌། ང་ཚོ་བོད་མི་རིགས་ཀྱི་ནམ་ཡང་བརྗེད་དུ་མེད་པའི་བྱུང་རབས་ཤིག་རེད་ཅེས་དང༌།

ཡང་གང་ཉིད་ཀྱིས་སྤྱིར་རྒྱ་གར་ནང་རྒྱ་གར་གྱི་མངའ་སྡེ་༩དང་ལྡི་ལི་བརྩིས་པ་ཡིན་ན། དབུས་ཀྱི་ས་གནས་ཀྱི་འཛིན་སྐྱོང་གཅིག་དང་ཁྱོན་ས་གནས་ཁག་བཅུའི་ནང་ལ་བོད་མི་མང་པོ་སྐྱབས་བཅོལ་དུ་གཞིས་ཆགས་ནས་གནས་ཡོད་པ་རེད། དེའི་ནང་གཞིས་ཆགས་མང་ཤོས་དེ་ཧི་མ་ཅལ་མངའ་སྡེའི་ནང་ལ་རེད། ཧི་མ་ཅལ་མངའ་སྡེའི་ནང་ས་གནས་གཞིས་ཆགས་འཛུགས་ཡ་དེ་ས་གནས་གཞན་པ་ལས་སྔ་བ་བཙུགས་པ་རེད། སྤྱི་ལོ་༡༩༥༩ལོར་ང་ཚོ་མི་ས་མཱ་རིར་ཡོད་དུས། དེའི་ནང་བགྲེས་སོང་དང་སློབ་གཉེར་གནང་བཞིན་པ་ཁག་ཅིག་ཌལ་ཧོ་སིར་བཏང་ཡོད་པ་དེ་དང་ཆབས་ཅིག་ན་གཞོན་རུ་ཁག་ཅིག་ཌལ་ཧོ་སིར་ལས་རིམ་སྣ་ཚོགས་ཀྱི་བཟོ་གྲྭ་བཙུགས་ནས་བཏང་ཡོད་པ་རེད། རྒྱ་གར་ནང་བཙན་བྱོལ་བོད་མིའི་གཞིས་ཆགས་ཐོག་མ་དེ་རེད། སྐབས་དེ་དུས་ཌལ་ཧོ་སི་པན་ཇབ་ཁོངས་སུ་ཡོད་པ་རེད། འོན་ཀྱང་དེང་སང་ཧི་མ་ཅལ་མངའ་སྡེའི་ནང་ཡོད་པ་ཞིག་རེད། དེ་ནས་བཟུང་ད་ལྟ་བར་དྷ་རམ་ས་ལ་མ་བརྩིས་པའི་ཧི་མ་ཅལ་ནང་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཌལ་ཧོ་སི། སིམ་ལ། པུ་རུ་ཝལ། ཀུ་ལུ། མ་ནཱ་ལི། པོན་ཊ། ཀུམ་རའོ། ཅོན་ཏ་ར། བཀྲ་ཤིས་ལྗོངས་སོགས་ཁྱོན་གཞིས་ཆགས་ཁག་༡༤ཙམ་ཡོད་པ་རེད།

དྷ་རམ་ས་ལའི་བཙོན་བྱོལ་གཞུང་འབྲེལ་གྱིས་གཞིས་ཆགས་ཟེར་བ་ཞིག་མ་རེད། ༧གོང་ས་སྐྱབས་མགོན་ཆེན་པོའི་བཞུགས་སྒར་དང་སྟབས་བསྟུན་ནས་བོད་མིའི་གནས་སྡོད་ཁག་མང་པོ་ཡོད་ས་ཞིག་ཆགས་བསྡད་ཡོད་པ་རེད། དེ་འདྲ་ཡིན་དུས་དྷ་རམ་ས་ལ་བརྩིས་པ་ཡིན་ན་ཁག་༡༥ཙམ་ཆགས་ཀྱི་ཡོད་པ་རེད། མི་འབོར་གྱི་ཆ་ནས་དེ་ཙམ་གྱི་མང་པོ་ཞིག་མ་རེད། ས་འབོར་གྱི་ཆ་ནས་རྒྱ་གར་ནང་མངའ་སྡེ་ཚང་མའི་ནང་ནས་གཞིས་ཆགས་མང་ཤོས་ཤིག་ཆགས་བསྡད་ཡོད་པ་རེད། གོང་དུ་ས་གནས་དེ་དག་ཚང་མའི་ནང་བརྩིས་པ་ཡིན་ན་ཁྱོན་མི་འབོར་༢༡༠༥༡ཙམ་ཧི་མ་ཅལ་མངའ་སྡེའི་ནང་གནས་ཡོད་པ་རེད། དེ་བཞིན་ཧི་མ་ཅལ་མངའ་སྡེའི་ནང་སློབ་གྲྭ་ཁག་༡༨དང་སློབ་ཕྲུག་གྲངས་༩༦༤༤ཙམ་ཡོད་པ་རེད། དེ་ལས་ཀྱང་ངོ་མཚར་ཆེ་བ་ཞིག་ནི་ཧི་མ་ཅལ་མངའ་སྡེའི་ནང་དགོན་སྡེ་ཁག་༣༣དང༌། དེའི་ནང་དྷ་རམ་ས་ལ་ཀང་ར་རྫོང་ཁོངས་གཅིག་པུར་དགོན་ཁག་༡༠ཙམ་ཆགས་བསྡད་ཡོད་པ་རེད།

དགོན་ཁག་དེ་དག་ནང་ཁྱོན་དགེ་འདུན་པའི་ཞལ་གྲངས་༤༣༣༡ཙམ་ཡོད་པ་རེད། དེ་དང་ཕྱོགས་མཚུངས་པའི་ཧི་མ་ཅལ་མངའ་སྡེའི་ནང་བཙུན་དགོན་གྲངས་༩ནང་བཙུན་མ་གྲངས་༩༠༨གནས་ཡོད་པ་རེད། གོང་བསལ་མི་འབོར་ཆ་ཚང་བསྡོམས་པ་ཡིན་ན། ཁྱོན་མི་གྲངས་༣༥༨༢༤ཙམ་ད་ལྟ་ཧི་མ་ཅལ་མངའ་སྡེའི་ནང་ཡོད་བཞིན་པ་རེད། དེ་དག་ཚང་མའི་འཐུན་རྐྱེན་ལ་སོགས་པ་ཚང་མ་ཧི་མ་ཅལ་ནང་ཁུང་འཁྱོལ་ནས་བསྡད་ཡོད་པ་ཞིག་རེད། ལྷག་པར་དུ་༧གོང་ས་སྐྱབས་མགོན་ཆེན་པོའི་བཞུགས་སྒར་དྷ་རམ་ས་ལར་ཁེལ་ཡོད་པ་དེས་རྒྱལ་གར་རྒྱལ་ཡོངས་ནང་ཕྱིན་པ་ཡིན་ན་ཧི་མ་ཅལ་གྱི་མི་ཞིག་བརྩི་བཞིན་ཡོད་པ་རེད། དྷ་རམ་ས་ལར་༧གོང་ས་སྐྱབས་མགོན་ཆེན་པོ་ཡུན་རིང་བཞུགས་ཡ་དང་བཞུགས་སྒར་ཐུགས་བསྟན་འཁེལ་བ་དེ་ཐུན་མོང་རྣལ་མ་དང་ཐུན་མོང་མ་ཡིན་པའི་གནད་དོན་མང་པོ་ཞིག་ཡོད་པ་རེད་བསམས་ཀྱི་ཡོད།

ཧི་མ་ཅལ་ནི་ཁོང་ཚོས་ཡོངས་གྲགས་སུ་བརྩི་སྟངས་ལ་ལྷའི་ཞིང་ཁམས་ཞེས་བརྩི་བཞིན་ཡོད་པ་རེད། སྤྱི་ཧི་མ་ལའི་རི་བརྒྱུད་དེ་ནང་བསྟན་རིག་པ་ཉམས་ལེན་བྱེད་སའི་གནས་གཞི་གཙོ་བོ་ཞིག་ལ་རྒྱ་གར་གྱི་ལུང་དང་བསྟན་བཅོས་མང་པོའི་ནང་ལ་ཡོད་པ་ནང་བཞིན་དངོས་ཡོད་གནས་ཚུལ་གྱི་ཐོག་ལ། ཆོས་བརྒྱུད་མང་པོའི་བསྟན་པ་དར་ས་དང་བསྟན་པ་འཛིན་སའི་ས་ཆ་ཞིག་ཆགས་བསྡད་ཡོད་པ་རེད། བོད་ཀྱི་ནང་ལ་བསྟན་པ་འཕེལ་གྲིབ་བྱུང་བའི་སྐབས་སུ་ཧི་མ་ལའི་རི་བརྒྱུད་དུ་བསྟན་པ་མ་ཉམ་པ་གནས་པ་དང༌། རྒྱ་གར་ནང་ལ་ཡང་བསྟན་པ་འཕོ་འགྱུར་བྱུང་བའི་སྐབས་ཧི་མ་ལའི་རི་བརྒྱུད་ཁོངས་སུ་བསྟན་པ་མ་ཉམས་པ་གནས་པ་ལ་སོགས་པ། དེ་འདྲའི་ནང་བསྟན་རིག་པའི་ཆོས་འདི་བདག་གཅེས་བྱེད་སའི་ས་ཆ་ཐུན་མོང་མ་ཡིན་པ་ཞིག་ཆགས་བསྡད་ཡོད་པ་རེད།

འདས་པའི་ལོ་ངོ་༥༠རིང་༧གོང་ས་སྐྱབས་མགོན་ཆེན་པོའི་བཞུགས་སྒར་གྱི་ཚུན་པའི་ཧི་མ་ཅལ་ནང་བོད་པའི་བསྟི་གནས་དེ་དག་གི་བརྒྱུད་ནས་འཛམ་གླིང་ཁྱོན་ཡོངས་ལ་༧གོང་ས་སྐྱབས་མགོན་ཆེན་པོའི་འཕྲིན་ལས་ཁྱབ་པ་དང༌། ལྷག་པར་དུ་བོད་བརྒྱུད་ནང་བསྟན་གྱིས་འཛམ་གླིང་སྐྱེ་འགྲོ་ཡོངས་ལ་ཕན་ཐོག་རླབས་ཆེན་ཡོང་བའི་གཞི་རྩའི་བསྟི་གནས་ཞིག་འདིར་ཆགས་ཐུབ་ཡོད་པ་དེ་ཧི་མ་ཅལ་གྱི་གཞུང་དང་ཧི་མ་ཅལ་གྱི་མང་ཚོགས་ཀྱི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་རེད། དེ་འདྲ་ཡིན་དུས་དེ་རིང་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་དྷ་རམ་ས་ལའི་ཁུལ་དུ་བཙན་བྱོལ་སྒྲིག་འཛུགས་ཀྱི་ངོས་ནས་སློབ་གྲྭ་ཁག་༡༢ཙམ་ལ་མཐུན་རྐྱེན་སྐྲུན་ཡ་དང༌། དེ་བཞིན་དབང་པོ་སྐྱོན་ཅན་ཚུན་པར་མཐུན་འགྱུར་བྱེད་ཡ་ལ་སོགས་པ་གནས་ཚུལ་ཅི་རིགས་ཀྱི་ཐོག་ལ་ང་ཚོས་ཕྲན་བུ་ཙམ་ཞིག་བཀའ་དྲིན་རྗེས་དྲན་ཞུའི་འཆར་གཞི་སྒྲིག་བཞིན་ཡོད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་སྒྲ་ཕབ་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།