གོད་ཆགས་ལ་བཙན་བྱོལ་བུད་མེད་ཀྱིས་ཞལ་འདེབས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ།  ཕྱི་ལོ་༢༠༡༠ཟླ་༤ཚེས་༢༩ཉིན། བོད་ཁམས་སྐྱེ་དགུ་མདོར་ས་ཡོམ་གྱི་གོད་ཆགས་ཚབ་ཆེན་བྱུང་བར། བཙན་བྱོལ་དུ་ཡོད་པའི་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་དང༌། ས་གནས་ཡན་ལག་ཚོགས་པ་ཁག་༥༢ནས་ཞལ་འདེབས་ཧིན་སྒོར་ས་ཡ་༡བསྡུ་རུབ་བྱས་ཡོད་འདུག

དེ་ཡང་ཁོང་ཚོས་ཞལ་འདེབས་དེ་ནི་སྐྱེ་དགུ་མདོའི་ས་ཡོམ་གྱི་གོད་ཆགས་ཁྲོད། མང་ཚོགས་རྣམས་ལ་འཚོ་བ་དཀའ་ངལ་ཤུགས་ཆེ་ཡོད་པར་དམིགས་བསལ། བྱིས་པ་དང་བུད་མེད་རྣམས་ཀྱི་བཟའ་བཅའ་ཉོ་སྒྲུབ་དང༌། འཐུང་ཆུ་གཙང་བཟོ་མཁོ་འདོད་བྱ་རྒྱུའི་ཆེད་དུ་ཡིན། རོགས་དངུལ་དེ་ནི་དབྱིན་ཡུལ་དུ་ཡོད་པའི་བོད་ཀྱི་ཐེབས་རྩ་ཁང་གྱི་ཡུལ་ཤུལ་ས་ཡོམ་རོགས་སྐྱོར་ཐེབས་རྩ་བརྒྱུད་ནས་ས་གནས་སུ་གཏོང་རྒྱུ་ཡིན་ཞེས་འགྲེལ་བརྗོད་བྱས་པ་རེད།

རོགས་དངུལ་དེ་ནི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་དང་ས་གནས་ཡན་ལག་ཁག་༥༢ནས་བསྡུ་རུབ་བྱས་པ་ཞིག་ཡིན་འདུག་ལ། ལྷག་པར་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཁོངས་སུ་གཏོགས་པའི་འཛིན་སྐྱོང་ཚོགས་མི་དང་ལས་བྱེད་པ་ཡོངས་ཀྱི་ཟླ་བ་འདིའི་གླ་ཕོག་བརྒྱ་ཆ་༢༠ཐམ་པ་ཞལ་འདེབས་སུ་ཕུལ་བ་ཞིག་རེད་འདུག དེར་བརྟེན་ཐེངས་འདི་ནི་བོད་ཀྱི་བུད་མེད་ལྷན་ཚོགས་གསར་འཛུགས་གནང་ནས་ལོ་ངོ་༥༡རིང་དངུལ་འབོར་ཆེ་ཤོས་ཀྱི་ཞལ་འདེབས་ཤིག་ཆགས་ཀྱི་ཡོད་འདུག

ཡང་ཁོང་ཚོས་ཐེངས་འདི་སྐྱེ་དགུ་མདོ་ས་ཡོམ་གྱི་གོད་ཆགས་ཁྲོད་གནོད་འཚེ་ཕོག་པའི་སྤྱིའི་མི་འབོར་གྱི་བརྒྱ་ཆ་༦༥ནི་བྱིས་པ་དང༌། བུད་མེད་ཡིན་པ་དང༌། དེའི་ཁྲོད་བྱིས་པ་དྭག་ཕྲུག་༡༥༠༠ཙམ་ཡོད་ཚུལ་འགྲེལ་བརྗོད་བྱས་ཡོད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།