ལོ་བརྒྱ་འཁོར་བའི་རྗེས་དྲན་སྲུང་བརྩི།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༢༦ཉིན། ༧སྐྱབས་རྗེ་བདེ་བར་གཤེགས་པ་དིལ་མགོ་མཁྱེར་བརྩེ་རིན་པོ་ཆེ་མཆོག་ཞིང་འདིར་མཚན་དཔེ་བཞད་ནས་ལོ་བརྒྱ་འཁོར་བར་དམིགས་བསལ་༧རྗེས་དྲན་སྲུང་བརྩི་ཞུས་པ།

དེ་ཡང་སྐྱབས་རྗེ་༧བདེ་བར་གཤེགས་པ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་ཞིང་འདིར་མཚན་དཔེ་བཞད་ནས་ལོ་བརྒྱ་འཁོར་བའི་དམིགས་བསལ་དུས་དྲན་སྲུང་བརྩི་ཞུ་བའི་ལས་རིམ་དུ། ༢༠༡༠ལོའི་ཟླ་༤ཚེས་ཉིན་གྱི་ཕྱི་དྲོར་གངས་སྐྱིད་སྤྱི་ཐབ་ཡང་སྟེང་དུ་བཙན་བྱོལ་བོད་གཞུང་གི་མཛད་གཙོ་རྣམ་པ་དང༌། སྲིད་ཞུ་བ་ཟུང་དྲུང་ཡན། གསར་འགོད་པ་བཅས་གདན་ཞུ་དང༌། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་གི་ཡང་སྲིད་རིན་པོ་ཆེ་དང༌། ཞེ་ཆེན་རབ་འབྱམས་པ་རྣམ་གཉིས་དབུ་བཞུགས་ཐོག གསོལ་ཚིགས་རྒྱས་པ་ཞིག་འདེབས་འབུལ་ཞུས་ཡོད་པས་མ་ཚད། རྗེ་བདེ་བར་གཤེགས་པ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་མཛད་རྣམ་འཁོར་ལེབ་སྐར་མ་ ༤༥ རིང་གཟིགས་ཕུད་ཞུས་ཡོད་པ་རེད།

སྐབས་དེར་སྔ་འགྱུར་རྙིང་མ་པའི་སྤྱི་འཐུས་སློབ་དཔོན་བསོད་རྣམས་བསྟན་འཕེལ་ལགས་ནས། འགྲེལ་བརྗོད་གནང་དོན། དིལ་མགོ་མཁྱེན་བརྩི་རིན་པོ་ཆེ་ཞིང་འདིར་མཚན་དཔེ་བཞད་ནས་ལོ་བརྒྱ་འཁོར་བའི་དུས་དྲན་ཐོག་མ་དེ་བལ་ཡུལ་ཞི་ཆེན་དགོན་པར་བྱས་པ་རེད། ཐེངས་གཉིས་པ་དེ་༧སྐྱབས་མགོན་རིན་པོ་ཆེར་མཇལ་བཅར་ཞུ་རྒྱུ་དང༌། ཡང་སྲིད་རིན་པོ་ཆེར་མ་འོངས་བཀའ་སློབ་ལམ་སྟོན་ཞུ་རྒྱུ་བཅས་ཡིན། དེ་རིང་འདིར་བཙན་བྱོལ་བོད་གཞུང་གི་མཛད་གཙོ་རྣམ་པ་དང༌། ལས་བྱེད་པ་རྣམས་ལ་གསོལ་ཚིགས་སྟབས་བདེ་ཞིག་འབུལ་རྒྱུ་དང༌། སྐྱབས་རྗེ་རིན་པོ་ཆེ་མཆོག་གི་བརྙན་འཁོར་གཟིགས་འབུལ་ཞུ་རྒྱུ་བཅསཡིན། དེ་ནི་དུས་དྲན་གྱི་ཆ་ཤས་ཤིག་དང་ཆ་ཤས་ནང་ནས་གལ་ཆེ་ཤོས་ཤིག་ཏུ་བརྩི་ཡི་ཡོད་ཅེས་དང༌། ཡང་ཁོང་གིས་རང་སྲིད་རིན་པོ་ཆེས་ད་ལྟ་བར་དུ་གསན་སྦྱོང་གནང་བསྡད་ཡོད་པ་རེད། འོན་ཀྱང་འདི་ལོ་ནས་བཟུང་སྟེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་སྐུ་གོང་མའི་དགོངས་བཞེད་དང་མཛད་པ་འཕྲིན་ལས་འཇུག་སྐྱོང་བའི་ཆེད། ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ཏུ་ཕེབས་རྒྱུའི་འཆར་གཞི་དེ་འདྲ་བྱས་ཡོད་པ་རེད། ཐོག་མར་མཛད་འཆར་གསུམ་པ་དེ་འབྲུལ་ཡུལ་དུ་ཕེབས་རྒྱུ་ཡིན་པ་རེད། དེ་རྗེས་ཨ་རི་དང་ཡོ་རོབ་ཁག་དང་དམིགས་བསལ་བོད་ནང་དུ་ཕེབས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་རེད་ཅེས་གསུངས་སོང་།

དེ་རྗེས་བཙན་བྱོལ་བོད་གཞུང་གི་བཀའ་སློབ་ཁྲི་པ་མཁས་དབང་ཟམ་གདོང་བློ་བཟང་བསྟན་འཛིན་མཆོག་ནས་བཀའ་སློབ་དང་གསུང་བཤད་གནང་དོན།

ཐེངས་འདིར་ཡང་སྲིད་རིན་པོ་ཆེ་མཆོག་༧གོང་ས་སྐྱབས་མགོན་ཆེན་པོར་མཇལ་བཅར་དུ་ཕེབས་པ་རེད། དངོས་གནས་བྱས་པ་ཡིན་ན། ང་ཚོ་འདི་ས་གནས་སུ་སྡོད་མཁན་ཞིག་ཡིན་དུས་བཙན་བྱོལ་ངོས་ནས་ཕེབས་བསུ་དང་སྣེ་ལེན་བྱེད་དགོས་པ་ཞིག་རེད། འོན་ཀྱང་དེ་ལས་ལྡོག་ཏེ་རིན་པོ་ཆེ་རྣམ་པ་ཚོས་བཙན་བྱོལ་བོད་གཞུང་མང་གཙོ་ཀ་བ་གསུམ་གྱི་ལས་ཀྱི་སྣེ་མོ་བ་ཚོ་དང༌། སྲི་ཞུ་ལས་བྱེད་རྒན་གཞོན་ཚང་མར་ཞལ་མཇལ་གསོལ་ཚིགས་དྲངས་བ་དང༌། ལྷག་པར་དུ་སྐྱེ་ཕྲེང་སྐུ་༧གོང་མ་འཁྲུངས་ནས་ལོ་བརྒྱ་འཁོར་བའི་རྗེས་དྲན་དང་འབྲེལ་བའི་གསང་བ་གསུམ་གྱི་རྣམ་ཐར་དང་གློག་བརྙན་མཇལ་ཁ་གནང་བ་དང༌། མ་ཚད་ང་ཚོས་རིན་པོ་ཆེ་གང་ཉིད་ཀྱི་ཞལ་མཇལ་གསུང་ཐོས་བྱུང་བར་ཧ་ཅང་གི་སྐལ་བ་བཟང་པོ་བྱུང་སོང༌། ང་ཚོ་བཀའ་ཤག་གི་ངོས་ནས། མང་གཙོ་ཀ་བ་གསུམ་གྱི་སྲི་ཞུ་ལས་བྱེད་པ་ཡོངས་ཀྱི་ངོས་ནས་གུས་ཕྱག་སྔོན་དུ་འགྲོ་བའི་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་དང༌།

ཡང་གང་ཉིད་ཀྱིས་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེས་ད་བར་ཐོས་བསམ་སློབ་གཉེར་གནང་བ་དང༌། སྐུ་གོང་མའི་རྣམ་མཐར་བདག་གིར་བཞེས་རྒྱུར་དབུ་འཛུགས་གནང་བ་སོགས་ང་ཚོ་ཚང་མའི་བསོད་ནམས་ཀྱི་སྐལ་བ་དང་རྗེས་སུ་ཡི་རངས་ཞུ་འོས་པའི་གནས་རེད། འབྱུང་འགྱུར་ཡང་གཙོ་བོ་སྐུ་ཚེ་ཞབས་པད་ཡུན་རིང་བརྟན་པ་དང༌། མཁས་བཙུན་བཟང་གསུམ་དང་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་སྐྱབས་རྗེ་གོང་མའི་མཛད་འཕྲིན་མཇུག་སྐྱོང་གནང་ཐུབ་པ་ཞིག་དང༌། བོད་ཀྱི་སྐྱེ་འགྲོ་དང་བསྟན་པ་ཡོངས་སུ་རྫོགས་པར། སྔ་མ་ནང་བཞིན་འཕྲིན་ལས་རྒྱ་ཆེན་པོ་བསྐྱང་ཐུབ་པ། ལྷག་པར་དུ་སྐྱབས་རྗེ་སྐུ་གོང་མ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡོངས་འཛིན་གྱི་གྲས་སུ་བཞུགས་མྱོངས་བ་དང༌། དེ་དང་ཕྱོགས་མཚུངས་བཙན་བྱོལ་གཞུང་གི་གནས་བབ་མང་པོ་ཞིག་གི་ཐོག་ལ་བཀའ་སློབ་ལམ་སྟོན་དང༌། ཞབས་རིམ་ལ་སོགས་པའི་ཕྱི་ནང་གསང་གསུམ་གྱི་མཛད་པ་འཕྲིན་ལས་མང་པོ་ཞིག་གནང་ཡོད་སྟབས། དམིགས་བསལ་གྱིས་དམ་ཚིག་གི་འབྲེལ་བ་ཡོད་པ་དེ་འདྲ་རེད། དེ་རིང་འདིར་མཇལ་རྒྱུའི་གོ་སྐབས་རག་པར་སྐལ་བ་བཟང་པོ་བྱུང་སོང༌། སྐུ་ཕྲེང་འདིའི་རིང་ལ་ཡང་སྤྱིར་བོད་ཀྱི་བསྟན་སྲིད་དང༌། ལྷག་པར་དུ་དགའ་ལྡན་ཕོ་བྲང་གི་རྗེས་འཛིན་པ་དང་སྲི་ཞུ་བ་ཚང་མ་ཐུགས་ཀྱི་དཀྱིལ་ནས་མ་འདོར་བ་གནང་རོགས་ཞེས་ཞུ་རྒྱུ་ཡིན་ཞེས་བཀའ་གནང་སོང་།

ཤམ་བྷ་ལ་ཕོ་ཉའི་གསར་འགོད་པ་སངས་རྒྱས་རྡོ་རྗེས་བྲིས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།