ལོ་ངོ་ལྔ་བཅུའི་དུས་དྲན་དང་འབྲེལ་བའི་བརྟན་བཞུགས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༢༧ཉིན། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་དྷ་རམ་ས་ལར་ཞབས་སོ་འཁོད་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་ཐོག ༧དཔལ་རྒྱལ་བ་ཇོ་ནང་པའི་གཙོས་དྷ་ས་ས་གནས་མི་མང་རྣམས་ཀྱིས་བརྟན་བཞུགས་རྒྱས་འབུལ་ཞིག་གནང་ཡོད་པ་རེད།

དེ་ཡང་དེ་རིང་ཞོགས་པར་རྒྱ་གར་བྱང་ཕྱོགས་བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་གཞི་བྱེས་གཉིས་སུ་གནས་པའི་དཔལ་༧རྒྱལ་བ་ཇོ་ནང་པའི་ཆོས་རྒྱུད་འཛིན་པ་རྣམས་དང༌། དྷ་སའི་ས་གནས་འཐུས་ཚོགས། ས་གནས་འགོ་འཛིན། རང་བདེན་ཚོགས་ཆུང་བཅས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་སེར་སྐྱ་མི་མང་ཡོངས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག གནས་མཆོག་དྷ་རམ་ས་ལར་ཞབས་སོར་འཁོད་དེ་ལོ་ངོ་ལྔ་བཅུ་འཁོར་བའི་བཀའ་དྲིན་རྗེས་དྲན་སྲུང་བརྩི་ཐོག ཇོ་ནང་བསྟན་པའི་མངའ་བདག་༧སྐྱབས་རྗེ་ཁལ་ཁ་རྗེ་བཙུན་དམ་པ་མཆོག་དབུ་བཞུགས་ཀྱིས་རྗེ་བཙུན་ཏྭ་ར་ནཱ་ཐའི་གསུང་བླ་མ་མཆོད་པའི་ཆོ་ག་དགེ་ལེགས་རབ་རྒྱས་ཀྱི་སྟེང་ནས་བརྟན་བཞུགས་ཞིག་འབུལ་གནང་མཛད་ཡོད་པ་རེད།

སྐབས་དེར་༧དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་གཙོས་བོད་ཀྱི་བླ་སྤྲུལ་དང་དགེ་འདུན་པའི་སྡེ་དང༌། བཀའ་ཁྲི་ཟམ་གདོང་རིན་པོ་ཆེའི་གཙོས། མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དྷ་སའི་ཉེ་འཁོར་དུ་ཡོད་པའི་སློབ་གྲྭ་ཁག་གི་དགེ་ལས་དང་སློབ་ཕྲུག མི་མང་བཅས་ཁྱོན་མི་གྲངས་༧༠༠༠ཙམ་ཕེབས་ཡོད་པ་རེད། 

དེ་རྗེས་༧གོང་ས་མཆོག་གིས་བརྟན་བཞུགས་འབུལ་མཁན་གྱི་སྦྱིན་བདག་དང་དམིགས་བསལ་ཡུལ་ཤུལ་ས་ཡོམ་གྱི་གོད་ཆགས་སྐོར་བཀའ་སློབ་དང་གསུང་བཤད་གནང་དོན།

ཇོ་ནང་གི་ཆོས་རྒྱུད་འཛིན་མཁན་ཁྱེད་རང་ཚོ་མཐུན་མོང་གི་ཐོག་ནས་དང༌། དེ་བཞིན་བཙན་བྱོལ་གྱི་སྒྲིག་བཙུགས་ནང་ཡོད་པའི་མི་སྣ་ཁག་གིས་བརྟན་བཞུགས་འབུལ་བ་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སངས་རྒྱས་ཀྱི་བསྟན་པ་དཔལ་ན་ལན་ཌའི་ཆོས་རྒྱུད། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི། མདོ་ན་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཡོད་པ་དེ་ཡང་རིག་པའི་ལམ་ནས་གཏན་ལ་ཕབས་པའི་དེ་འདྲའི་སངས་རྒྱས་ཀྱི་བསྟན་པ་ཡོངས་སུ་རྫོགས་པ་དེ། བོད་གངས་ཅན་གྱི་ལྗོངས་སུ་དར་བའི་རྗེས་ལ་བོད་རང་ཉིད་ཀྱི་མཁས་གྲུབ་སྐྱེ་བུ་མང་པོ་ཞིག་གིས་བརྟན་པ་དང་བྱ་བ་རླབས་པོ་ཆེ་མཛད་ཡོད་པ་རེད།

བསྟན་པ་འཛིན་པའི་སྨོན་ལམ་གྱི་མཐུ་གྲུབ་པའི་སྐྱེས་བུ་དམ་པ་མང་པོ་ཞིག་གིས་དུས་ནས་དུས་སུ། བསྟན་པ་དང་འགྲོ་བའི་གཞན་དོན་རྒྱ་ཆེར་སྤེལ་ནས། དེ་འདྲའི་ཐོག་ནས། ས་དགེ་བཀའ་རྙིང་ཇོ་ནང་ལ་སོགས་པ་དེ་ཚོ་མར་བྱུང་བ་ཞིག་རེད། དེའི་ནང་ནས་ཇོ་ནང་པའི་བསྟན་རྒྱུད་འཛིན་མཁན་ཁྱེད་རང་ཚོས་དེ་རིང་འདིར་བསྟན་བཞུགས་གནང་བ་དེ་ཧ་ཅང་དགའ་པོ་བྱུང༌། མདོར་སྡུས་ནས་བཤད་ན་ས་དགེ་བཀའ་སྙིང་ཇོ་ནང་དང་བཅས་པའི་ཆོས་རྒྱུད་དེ་དག་ནི་དཔལ་ན་ལན་ཌའི་ཆོས་རྒྱུད་ཡིན་པ་གསལ་པོ་རེད་ཅེས་གསུངས་སོང༌།

ཡང་གང་ཉིད་ཀྱིས་དྷ་རམ་ས་ལར་བཞུགས་པའི་ས་གནས་མི་མང་ཚང་མ་བོད་སྤྱི་པའི་དོན་དུ་སེམས་འཁུར་བླངས་ཡ་དང༌། དེ་བཞིན་ང་རང་ཚོ་ཚང་མ་དད་པ་དང་དམ་ཚིག་གཡོལ་བ་མེད་པ་ཡིན། དེ་རིང་འདིར་བརྟན་བཞུགས་གནང་བ་རེད། དེ་ལ་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན་ཞེས་དང༌། ཕྱི་དྲོ་ང་ཚོ་བར་སྐབས་སྐྱེ་དགུ་མདོར་ས་ཡོམ་ཚབས་ཆེན་བྱུང་ནས། དེའི་རྐྱེན་གྱིས་མི་མང་པོ་ཞིག་འདས་གྲོངས་སུ་ཕྱིན་ཡོད་པ་རེད། མི་མང་པོ་ཞིག་སོ་སོའི་ཕ་མ་སྤུན་མཆེད། གཉེན་ཉེ་འཁོར་མང་པོ་ཞིག་འདས་གྲོངས་སུ་ཕྱིན་ཡོད་པ་དེར་སེམས་ལ་སྐྱོ་སྣང་གཏན་གཏན་ཡོང་གི་རེད།

གཙོ་བོ་གཙོ་བོ་དེ་སྤྱོད་འཇུག་ནང་གསུང་བ་དེ་རེད། གལ་ཏེ་བཅོས་སུ་ཡོད་ན་ནི། དེ་ལ་མི་དགའ་བྱ་ཅི་ཡོད། གལ་ཏེ་བཅོས་སུ་མེད་ན་ནི། དེ་ལ་མི་དགའ་ཅི་ཞིག་ཕན་གསུང་གི་ཡོད་པ་རེད། བྱུང་ཟིན་པ་དེ་ཚོ་ནི་སོ་སོའི་ལས་དབང་གི་བྱུང་བ་རེད། མ་འོངས་པར་ང་ཚོས་ལས་དབང་སྐད་ཆ་བཤད་ཡ་མ་རེད། ལས་འབྲས་ཟེར་བ་དེ་གོ་བ་ཡག་པོ་མ་ལོན་མཁན་ཚོར་ལག་པ་ཕྱི་ས་ལྟ་བུ་ཆགས་ཀྱི་འདུག ཧ་ལམ་འཇིག་རྟེན་བཀོད་པ་པོ་འདོད་མཁན་ཚོས་འཇིག་རྟེན་བཀོད་པ་པོ་ནང་བཞིན་སྔར་བྱུང་ཟིན་པ་དེ་ཚོ་ལས་ཀྱིས་བྱུང་བ་རེད་ཟེར་བ་ནང་བཞིན། མ་འོངས་པ་ཡིན་ནའང་ལས་ཀྱིས་ག་པར་བཞག་བཞག་རེད་ཟེར་བ་དེ་བཀོད་པ་པོའི་ལྟ་ཚུལ་ནང་བཞིན་ཆགས་ཀྱི་ཡོད་པ་རེད།

སངས་རྒྱས་ཀྱིས་ཆོས་ནི་དེ་འདྲ་མ་རེད། ལས་ཟེར་བ་དེ་བྱ་བ་རེད། བྱ་བ་ཟེར་བ་དེ་བྱེད་པ་པོ་ཞིག་གིས་བྱེད་པའི་དོན་རེད། དེ་འདྲ་ཡིན་དུས་བྱུང་ཟིན་པ་དེ་བྱེད་པ་པོ་རང་ཉིད་ཀྱིས་བྱ་བ་གང་ཡང་རུང་བ་ཞིག་བྱས་པ་རེད། བྱ་བ་ཡང་མ་དག་པ་ཕྱིར་ཅི་ལོག་པའི་བྱ་བ་ཞིག་བྱས་པའི་རྐྱེན་གྱིས་བྱུང་བ་རེད། འོ་དེར་ལས་འབྲས་འཁོར་ཟེར་གྱི་ཡོད་པ་རེད། མ་འོངས་པ་དེར་བྱ་བ་ཞིག་ཡིན་ན་བྱེད་པ་པོ་དེས་བྱེད་དགོས་ཀྱི་ཡོད་པ་རེད། དེ་འདྲ་ཡིན་དུས་ལས་ཟེར་བ་དེ་སོ་སོས་བསགས་ཀྱི་ཡོད་པ་རེད། ལས་ཞེས་ལབ་དུས་སྐྱེ་བ་ཕྱི་མ་ཁོ་ན་ལབ་ཀྱི་ཡོད་པ་མ་རེད། དཔེ་ན་ཚོང་གི་ལས་ཀ་བྱེད་མཁན་ཞིག་གིས་ཉི་མ་གཅིག་ལ་ཚོང་གི་ལས་ཀ་ཧུར་ཐག་བྱས་པ་ཡིན་ན། ཁེ་བཟང་གང་འཚམ་ཡོང་གི་ཡོད་པ་རེད། དེ་ཡང་ལས་འབྲས་རེད། དེ་ལྟར་གལ་ཏེ་བཅོས་སུ་ཡོད་ན་ནི། དེ་ལ་མི་དགའ་བྱ་ཅི་ཡོད་ཟེར་བ་ནང་བཞིན་སོ་སོས་ཐབས་ཤེས་བྱེད་ནས། གནོད་འཚེ་ཐེབས་པའི་མི་མང་ཚོས་ཁང་པ་དང་སློབ་གྲྭ་འཛུགས་སྐྲུན་བྱེད་ཡ་སོགས། མ་འོངས་པར་ཡོང་སྲིད་པ་ཞིག་ལ་བསམ་བློ་བཏང་ནས་འཛུགས་སྐྲུན་སྲ་བརྟན་ཞིག་བྱས་པ་ཡིན་ན་ཕན་གྱི་རེད། སེམས་ཁྲལ་དང་སེམས་ཞུམ་ནས་བསྡད་རྒྱུ་ཡོད་པ་མ་རེད།

གལ་ཏེ་བཅོས་སུ་མེད་པ་རེད། གལ་ཏེ་བཅོས་སུ་མེད་ན་ནི། དེ་ལ་མི་དགའ་བྱ་ཅི་ཕན། སྡུག་ངན་སྒོམ་ནའང་ཕན་ཡ་གང་ཡང་ཡོད་པ་མ་རེད། གལ་ཏེ་བཅོས་སུ་ཡོད་ན་ནི། དེ་ལ་མི་དགའ་བྱེད་དགོས་པ་ཡོད་པ་མ་རེད། དཀའ་ལས་རྒྱག་འབད་བརྩོན་བྱེད་ནས་སེམས་ཤུགས་མ་ཆགས་པ་བསྡད་དགོས་པ་རེད། དེ་རིང་འདིར་འདས་གསོན་རྣམས་ཀྱི་ཆེད་དུ་སྨོན་ལམ་རྒྱག་ཡ་དང༌། བོད་ནང་ལ་སྡུག་བསྔལ་མྱངས་དང་མྱོང་བཞིན་པ་ཚོས་སེམས་ཤུགས་མ་ཆགས་པ་བྱེད་དགོས་པ་རེད། ཕྱོགས་གཅིག་ནས་འཚམས་འདྲི་དང་སེམས་གསོ་བྱེད་ཡ་ཡིན།

གཙོ་བོ་སེམས་ཤུགས་མ་ཆགས་པ་བྱེད་དགོས་པ་རེད། ང་ཚོའི་བོད་རིགས་ས་ཁུལ་ཁག་ནས་ཞལ་འདེབས་སྤྲོད་ཡ་དང༌། དེ་བཞིན་ས་གནས་ས་ཐོག་ནས་གཡས་གཡོན་དགོན་པ་མང་པོ་ཞིག་གི་དགེ་འདུན་པ་མང་པོ་ཞིག་སླེབས་ནས་རོགས་སྐྱོར་ཧུར་ཐག་གནང་འདུག ཧ་ཅང་དགའ་པོ་བྱུང༌། ང་རང་ཚོ་ལས་འབྲས་ཁས་བླངས་མཁན་ཞིག་རེད། ཆོས་ཁས་བླངས་མཁན་ཞིག་རེད། དགེ་བ་དང་སྡིག་པ་ཁས་བླངས་མཁན་ཞིག་རེད། དེ་འདྲ་ཡིན་དུས་དངུལ་ཞལ་འདེབས་སྒོར་མོ་གཅིག་སྤྲད་པ་ཡིན་ནའང༌། བསམ་པ་རྣམ་པ་དག་པའི་སྒོ་ནས་ཞལ་འདེབས་རྒྱོབས། ཞལ་འདེབས་རྒྱག་པ་དང་ཆབས་ཅིག འཇམ་དཔལ་དཔའ་བོའི་ཇི་ལྟར་མཁྱེན་པ་དང༌། ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། དེ་དག་ཀུན་གྱི་རྗེས་སུ་བདག་བསྔོ་ཞིང༌། དགེ་བ་འདི་དག་ཐམས་ཅད་རབས་ཏུ་བསྔོ་ཞེས། བསྔོ་བ་སྨོན་ལམ་དང་བཅས་ཏེ་བྱས་པ་ཡིན་ན། དེའི་འགྲོས་བྱ་བ་དེ་ལ་བརྟེན་ནས་སེམས་བསྐྱེད་ཀྱི་བསམ་པ་བྱུང་བ་ནི་དགེ་བ་རླབས་པོ་ཆེ་ཡོང་གི་ཡོད་པ་རེད།

དེ་དང་ཆབས་ཅིག་རྒྱ་ནག་གི་ས་ཁུལ་མང་པོ་ཞིག་ནས། རྒྱ་ནག་ནང་གི་སྒྱུར་རྩལ་མཁན་དང་ཚོང་པ། མི་མང་བཅས་ནས་ཞལ་འདེབས་མང་པོ་ཞིག་ཡོང་གི་འདུག ཁ་སང་ཚགས་པར་རྒྱག་མཁན་དེ་འདྲར་སྐད་ཆ་བྱུང༌། ང་ཚོ་ཧ་ཅང་དགའ་པོ་བྱུང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་ལབ་རྒྱུ་བྱུང་ལ། དེ་རིང་ཡང་གོ་སྐབས་འདི་བརྒྱུད་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན་ཞེས་གསུངས་སོང༌།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
ལམ་བུའི་དུས་དེབ་ཀྱི་གཙོ་སྒྲིག་པ་དང་རྩོམ་པ་པོ་ཟླ་བ་རྡོ་རྗེ་ནི་ད་སྔོན་ནག་ཆུ་ས་ཁུལ་གཉན་རོང་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ནང་དུ་ལས་ཀ་བྱེད་ཀྱི་ཡོད་མོད། ཟླ་བ༥ཚེས༤ཉིན་དངོས་སུ་ལས་གནས་ལས་ཕྱིར་འཐེན་བྱས་འདུག ལས་གནས་ཕྱིར་འཐེན་བྱེད་པའི་དོན་རྐྱེན་འགའ་སྟེ། གཅིག་ནི་འགོ་ཁྲིད་རྒྱ་མི་ཞིག་ཡོད་པས་ནམ་ཡང་མི་རིགས་དབྱེ་བ་ཕྱེ་བ་དང་། གཉིས་ནི་ལས་ཁུངས་ནང་གི་རུལ་སུངས་རྣམ་པ་ཞེ་མེར་བ། གསུམ་ནི་རང་དབང་གི་མཁའ་དབུགས་མེད་པར་ནམ་ཡང་ཁ་བྲལ་དང་ཁ་བྲལ་ཞེས་གྱེར་ནས་ལས་གནས་སྲུང་དགོས་པས་རེད། བཞི་ནི་རང་ཉིད་ངོ་མ་ཞིག་དང་བོད་རིགས་ངོ་མ་ཞིག་གི་ལས་ཀ་སྒྲུབ་ཕྱིར་ཡིན་ཞེས་བཤད་འདུག ཁོང་གིས་མི་ལུས་འདི་རིན་ཆེན་ཡིན་ཕྱིར་རང་ཉིད་ངོ་མ་ཞིག་དང་མི་དག་མ་ཞིག་བྱེད་རྒྱུ་གཙོ་བོ་ཡིན་ལ་མི་རྫུན་མ་བྱ་རྒྱུ་དེ་ན་ཟུག་ཆེ་ཤོས་ཤིག་ཡིན་འདུག རྗེས་ཕྱོགས་ནས་ང་ངོ་མ་ཞིག་ཐོན་ཡོང་ཟེར། ཁོང་གིས་ཡུལ་ཤུལ་གྱི་ས་འགུལ་སྐབས་པེ་ཅིན་དུ་ལས་འགུལ་ཅུང་ཟད་སྤེལ་ལ་ཕྱིར་ལས་ཁུངས་ནང་དུ་སླེབས་སྐབས་ཁོང་གིས་ལས་འགུལ་སྤེལ་བའི་འགོ་རྩོམ་རུང་སྒོར་ཞལ་འདེབས་༢༠༠ལས་བརྒལ་ན་ཆབ་སྲིད ་ལངས་ཕྱོགས་བརྟན་པོ་མེད་པ་བརྩི་གི་ཡོད་ལ། འུ་ཁྲོན་ས་འགུལ་སྐབས་སུ་སྒོར་༡༠༠༠ཡན་ཞལ་འདེབས་མ་ཕུལ་ན་ཡང་ལང་ཕྱོགས་བརྟན་པོ་མེད་པ་བརྩི་གི་ཡོད་པ་འདི་དེ་རིང་གི་གནས་ཚུལ་འདིའི་འབྱུང་རྩ་རེད་འདུག
2 ༠༣༢༠༡༠༢༢༣༢
སེམས་ནང་གི་བརྟན་བཞུགས་དང་ཆོལ་གསུམ་ཆིག་སྒྲིལ་གྱི་བརྟན་བཞུགས་ཤིག་ཕུལ་བ་ཡིན་ན་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་འགྱུར་ངེས།
དེང་སང་བཙན་བྱོལ་བོད་མིའི་ཚོགས་སྡེ་ཁག་ནས། ཕྱི་ཚུལ་དང་འགྲན་སྡུར་གྱི་ལམ་ནས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཚུར་ཆིབས་བསྒྱུར་གནང་མ་ཐག ཞབས་ཀྱི་དངུལ་ཆུ་ཡང་སྐམ་མ་བཅུག་པར་བརྟན་བཞུགས་གཅིག་རྗེས་གཉིས་མཐུད་དུ་འབུལ་བ་ནི། སྤྱིའི་ཆར་དགའ་འོས་པ་ཞིག་ཡིན་ཡང་། དོན་དངོས་ཐོག་དེ་ཙམ་གྱི་གལ་ཆེན་ཞིག་ཏུ་མ་མཐོང་། ཅིའི་ཕྱིར་ཞེས་ན། གང་ཉིད་ལ་ཕྱིའི་རྒྱུ་དཔལ་འབྱོར་དགོས་ཀྱི་མེད་པ། ཕྱི་ཚུལ་རྣམ་པ་ཡང་དེ་ལས་ཀྱང་ག་ལ་དགོས། གང་ཉིད་བརྟན་དུ་བཞུགས་པར་བྱེད་པར་ལྐོག་གྱུར་བཅོས་མིན་གྱི་ལྷག་བསམ་རྣམ་པ་དག་པ་དེ་འབུལ་བ་ཡིན་ན། ད་གཟོད་མཆོག་ཏུ་གྱུར་བའི་བརྟན་བཞུགས་ཤིག་ཡིན་པ་འདོད།



བརྗོད་གཞི་གཞན་ཁག་ལ་གཟིགས།