༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མའི་འཁྲུངས་སྐར་སྲུང་བརྩི།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༢༦ཉིན། བཞུགས་སྒར་དྷ་སར་རྟེན་གཞི་བྱས་པའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་སྐྱིད་སྡུག་ཁག་དང༌། དེ་བཞིན་བོད་རིགས་སེར་སྐྱ་མང་ཚོགས་རྣམས་ཀྱིས་ཟླ་འདིའི་ཚེས་༢༥ཉིན་ཏེ། ཀུན་གཟིགས་ྋཔཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དགུང་གྲངས་ཉི་ཤུ་རྩ་གཅིག་ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྲུང་བརྩི་ཞུས་སོང༌། དེ་ཉིན་ཞོགས་པར་རྣམ་རྒྱལ་གྲྭ་ཚང་གི་འདུས་ཚོགས་དབུ་བཞུགས་ཐོག་ཉེ་ཆར་གྱི་བོད་ཁམས་སྐྱེ་རྒུ་མདོའི་ས་ཡོམ་གོད་ཆགས་ཁྲོད་རྐྱེན་འདས་སུ་འགྲོ་མཁན་དག་ལ་བསྔོ་སྨོན་གསོལ་འདེབས་ཀྱང་གནང་ཡོད་རེད།

སྐབས་དེར་བཙན་བྱོལ་བོད་གཞུང་གི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་ཆེད་ཕེབས་གནང་ཡོད་པའི་ནང་ནས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་དང་། བོད་གཞུང་བཀའ་ཤག་གི་བཀའ་བློན་ཁྲི་ཚབ་ཚེ་རིང་ཕུན་ཚོགས། དེ་རྗེས་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བཅས་ནས་བཀའ་སློབ་དང་གསུང་བཤད་རིམ་པར་གནང་སོང་།

དེ་ཡང་ཀུན་གཟིགས་ྋཔཎ་ཆེན་མཆོག་གི་སྐུའི་འཁྲུངས་སྐར་གྱི་དུས་དྲན་མཛད་སྒོའི་ཐོག་གདན་ས་བཀྲ་ཤིས་ལྷུན་པོའི་པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལས་དོན་ལྟེ་གནས་ཁང་གིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་པའི་ནང༌། ྋཔཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བའི་གོ་སྐབས་འདི་བརྒྱུད་རྒྱ་ནག་གཞུང་ལ། ྋཔཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དང༌། ཡབ་ཡུམ་སྐུ་འཁོར། བྱ་བྲལ་བྱམས་པ་འཕྲིན་ལས་རིན་པོ་ཆེ་སོགས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཀྱི་གནས་སྟངས་ལ་ཧ་ཅང་བློ་འཚབ་ཡོད་པའི་བརྡ་ལན་གསལ་པོར་སྤྲོད་རྒྱུ་དང༌། གཞིས་བྱེས་གདན་ས་བཀྲ་ཤིས་ལྷུན་པོས་གཙོས་བོད་མི་ཡོངས་ཀྱི་མངོན་འདོད་དང་ལེན་དགོས་པ་ནི། ༡༽ ྋཔཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་སྐུ་འཚོ་བཞུགས་ཡིན་མིན་གསལ་པོ་བཟོ་དགོས། ༢༽ྋཔཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་སྐུ་འཚོ་བཞུགས་ཡིན་ཚེ། རྒྱལ་སྤྱིའི་རང་དབང་ཅན་གྱི་ཚོགས་པ་ཞིག་དང་མཇལ་འཕྲད་ཞུ་རྒྱུའི་རང་དབང་སྤྲོད་དགོས་པ་མ་ཟད། གདན་ས་བཀྲ་ཤིས་ལྷུན་པོའི་གསེར་ཁྲིར་མངའ་གསོལ་དང་གོང་མའི་རྣམ་ཐར་བདག་གིར་སྐྱོང་རྒྱུའི་མཐུན་རྐྱེན་བསྐྲུན་དགོས། ༣༽སྐུ་ཞབས་བྱ་བྲལ་བྱམས་པ་འཕྲིན་ལས་རིན་པོ་ཆེས་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་འགྲོལ་གཏོང་དགོས། ༤༽བོད་མི་ཞི་རྒོལ་བ་དམར་གསོད་དང༌། མནར་གཅོད་གཏོང་རྒྱུ་མཚམས་འཇོག་དགོས། ༥༽ྋགོང་ས་སྐྱབས་མགོན་ཆེན་པོར་གཞི་མེད་སྙོན་འཛུགས་བྱེད་རྒྱུ་འཕྲལ་དུ་མཚམས་འཇོག་དགོས། ༦༽ྋགོངས་སྐྱབས་མགོན་ཐམས་ཅད་མཁྱེན་པ་དང༌། རང་གཞུང་བཀའ་ཤག་གིས་རྒྱ་གཞུང་ལ་གནང་བའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར། དེ་ནི་བོད་རྒྱ་གཉིས་སྨན་གྱི་དཀའ་རྙོག་སེལ་བའི་ཐབས་མཆོག་ཅིག་ཡིན་པ་མ་ཟད། ྋཔཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་དགོངས་གཞིང་ཡང་ཡིན་པས། ཡིག་ཆ་དེར་ཁས་ལེན་གྱི་བརྡ་ལན་གསལ་པོ་སྤྲོད་དགོས་པ་བཅས་ཡིན། ཞེས་བཀོད་ཡོད་པ་རེད།

དྷ་ས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ྋཔཎ་ཆེན་མཆོག་གི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་ཏེ་ཆུ་ཚོད་༡༢རིང་གི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་སྒོ་འགྲམ་དུ་སྤེལ་བ་དང་སྦྲགས། དོན་ཚན་གཉིས་ཅན་གྱི་དགོས་འདུན་ཞིག་རྒྱ་གཞུང་ལ་བཏོན་པ་འདི་ལྟར། ༡༽རྒྱ་ནག་གཞུང་ནས་རྒྱལ་སྤྱིའི་ཚད་ལྡན་གྱི་གསར་འགོད་པ་རྣམས་བོད་ནང་གདན་ཞུ་བྱས་ཏེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནང་མི་ལྷན་རྒྱས་གསར་འགོད་པ་རྣམས་དང་ངེས་པར་ངོ་ཐུག་ཡོད་པ་བྱེད་དགོས། ༢༽བོད་ཁམས་སྐྱེ་དགུ་མདོར་ས་ཡོམ་གྱི་གོད་ཆགས་བྱུང་བར་ས་ཁུལ་དེའི་གོད་ཆག་བྱུང་བའི་བོད་མི་རྣམས་ཀྱིས་ཤུགས་ཆེའི་རེ་འདོད་ལྟར་རྒྱ་ནག་གཞུང་ནས་སྤྱི་ནོར་ྋགོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ས་ཡོམ་བྱུང་བའི་ས་གནས་སུ་ངེས་པར་གདན་ཞུ་གནང་དགོས། ཞེས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང༌།

གཞན་ཡང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ཐེངས་འདིའི་འཁྲུངས་སྐར་དུས་ཆེན་ཉིན། རྒྱལ་སྤྱིའི་ནང་ྋཔཎ་ཆེན་རིན་པོ་ཆེའི་གནད་དོན་དྲིལ་བསྒྲགས་ཁྱབ་ཆེར་ཡོང་སླད་ྋཔཎ་ཆེན་རིན་པོ་ཆེའི་རི་མོའི་ལས་འགུལ་ཞིག་གོ་སྒྲིག་ཞུས་སོང་བ་མ་ཟད། ྋཔཎ་ཆེན་རིན་པོ་ཆེ་དང་འབྲེལ་བའི་བརྗོད་གཞིའི་ཐོག་རྩོམ་ཡིག་དང་༼འབྲི་པ་པོ་རང་ཉིད་ཀྱི་སྣང་ཚུལ་ལམ་རྟོགས་འཆར་གྱི་སྒང་ནས་༽གང་ཉིད་དགུང་ལོ་༢༡ཙམ་སྐུ་ཚད་ལོན་པའི་སྐྱ་བྲིས་རི་མོའི་འབྲི་བའི་ལས་འགུལ་ཞིག་ཀྱང་གོ་སྒྲིག་བྱས་ཡོད་པ་རེད།

བུད་མེད་ལྷན་ཚོགས་ནས་སྤྱིར་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་ཡང་སྒོས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྡེ་ཚན་ཁག་ལ་འབོད་སྐུལ་གྱི་ཡོངས་ཁྱབ་གསལ་བསྒྲགས་ཤིག་ཞུ་དོན་ནི། ྋཔཎ་ཆེན་རིན་པོ་ཆེ་མཆོག་གློད་དཀྲོལ་ཡོང་ཐབས་ཀྱི་མི་ལོ་བཅོ་ལྔའི་འཐབ་རྩོད་ནང་མུ་མཐུད་རྒྱབ་སྐྱོར་གནང་རེ་ཞུ་གི་ཡོད། ཅེས་དང༌། རྒྱ་གཞུང་གི་ཁ་ཞེ་མི་མཚུངས་པའི་བྱ་སྤྱོད་དེ་དག་གིས་བོད་མིའི་ཆོས་དད་ལ་དོ་ཕོགས་ཕྱིན་པས་མི་ཚད། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལའང་བརྩི་མེད་རྡོག་རོལ་བཏང་བའི་ཐ་ཤལ་གྱི་བྱ་སྤྱོད་ཅིག་ཡིན་པར་རྒྱ་གཞུང་རང་ཉིད་ནས་ངོས་འཛིན་གསལ་པོ་བྱེད་དགོས་ངེས་རེད། ཅེས་བཀོད་ཡོད་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་གསར་འགོད་པ་གཡང་བྱམས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།