འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་གསལ་བསྒྲགས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

 རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཡོངས་ཁྱབ་གསལ་བསྒྲགས།

དེ་རིང་ནི་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཏེ་མི་ལོ་༦༠འཁོར་བའི་དུས་དྲན་གྱི་ཉིན་མོ་གལ་ཆེ་ཞིག་ཡིན་ཞིང༌། རྒྱལ་སྤྱིའི་ཁྱོན་དུ་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་དང་འགན་ལེན་ཆེན་པོ་བྱེད་པའི་ལོ་དེར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་དམ་ཡིག་ནང་འཁོད་པའི་ཐོབ་ཐང་གཞིར་བཟུང་ཞི་བའི་ཐོག་ནས་རྔམ་སྟོན་ཁྲོམ་སྐོར་དང༌། འདུ་འཛོམས། སྐད་འབོད་སོགས་གནང་མཁན་གྱིས་བོད་མིར་ཁ་བྲལ་རིང་ལུགས་ལ་རྡུང་རྡེག་ཚ་ནན་གཏོང་བའི་སྲིད་བྱུས་ཀྱི་རྒྱབ་ལྗོངས་འོག་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་ཏེ་མངོན་སུམ་འཛེམས་མེད་ཀྱི་བོད་མི་ཞི་རྒོལ་བར་མེ་མདའ་བརྒྱབ་ནས་དམར་གསོད་བཏང་བ་དང༌། གང་བྱུང་འཇུ་བཟུང༌། དེ་བཞིན་གར་སོང་ཆ་མེད་དུ་གྱུར་བ། མནར་གཅོད་བཏང་སྟེ་རྐྱེན་འདས་སུ་གྱུར་བ། དྲང་བདེན་མིན་པའི་ཁྲིམས་ཆད་གཅོད་པ་སོགས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་བཏང་ཡོད།

༢༠༠༨ ལོའི་ཟླ་ ༣ ཚེས་ ༡༠ ཉིན་ནས་བཟུང་བོད་ཀྱི་ས་ཁུལ་ཁག་གི་རྫོང་དགུ་བཅུ་ཙམ་ནང་བོད་མིའི་གཞི་རྒྱ་ཆེ་བའི་ལས་འགུལ་གཅིག་རྗེས་གཉིས་མཐུད་ཀྱི་སྤེལ་བཞིན། བོད་མིའི་ཞི་རྒོལ་ནི་གློ་བུར་དུ་བྱུང་བ་ཞིག་དང༌། གཞན་གྱི་སྐུལ་སློང༌། དེ་བཞིན་གཞན་གྱི་འཆར་འགོད་བྱས་པ་ཞིག་མིན་པར་དེ་ནི་ལོ་མང་རིང་རྒྱ་གཞུང་གིས་བོད་མིའི་ཐོག་ལག་བསྟར་བྱེད་བཞིན་པའི་དོན་དངོས་དང་ཁ་བྲལ་བའི་སྲིད་བྱུས་དང་བྱ་ཐབས། ལྷག་པར་དུ་བོད་ཀྱི་བདག་པོ་བོད་མིར་ཚོར་རང་གི་ཡུལ་དུ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་གང་ཡང་མེད་པ་དང༌། བོད་མིའི་སྲོལ་རྒྱུན་གྱི་གོམས་སྲོལ་ཁག་ལ་བཀག་སྡོམ་བརྩི་འཇོག་མེད་པ། བོད་མི་ཚོའི་སེམས་ཁམས་སུ་དད་མོས་ཤིན་ཏུ་ཆེ་བའི་ྋགོང་ས་མཆོག་ལ་མཚན་སྨད་དང༌། བོད་མིའི་སེམས་ཁམས་སུ་རྨ་ཁ་བཟོ་བའི་བྱ་ཐབས་ངན་པ་སོགས་བཙན་དབང་གིས་ལག་བསྟར་བྱས་པར་བརྟེན་བོད་མི་ཚོ་འུ་ཐུག་སྟེ་མ་གྲོས་བསམ་པ་གཅིག་མཐུན་གྱི་རྒྱའི་དབང་བསྒྱུར་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་དགོས་བྱུང་ཡོད།

བོད་མིའི་གཞི་རྒྱ་ཆེ་བའི་ཞི་རྒོལ་ལ་རྒྱ་གཞུང་གིས་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་ཏེ་བོད་མི་ཞི་རྒོལ་བར་ཁ་གཏད་དེ་མེ་མདའ་བརྒྱབ་ནས་ཞི་རྒོལ་བྱེད་ཡུལ་དུ་ཉེས་མེད་བོད་མི་ཤེས་རྟོགས་བྱུང་བར་ཉུང་མཐར་ ༡༢༠ ཙམ་འདས་གྲོངས་སུ་གྱུར་ཡོད་ཅིང༌། ཞི་རྒོལ་བ་སྟོང་ཕྲག་བརྒལ་བར་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་དང༌། བོད་མི་མང་དག་ཞིག་གར་སོང་ཆ་མེད་དུ་གྱུར་ཡོད་པ། འཇུ་བཟུང་བྱས་པའི་བོད་མིར་བཀག་སྐྱིལ་བྱེད་ཡུལ་དུ་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་སྟེ་ལ་ལ་མནར་གཅོད་དབང་གིས་རྐྱེན་འདས་སུ་གྱུར་བ་དང༌། ལ་ལ་སེམས་ཁམས་མི་བདེ་བ་དང་གཟུགས་གཅོང་དུ་གྱུར་ཡོད། ཤེས་རྟོགས་བྱུང་བར་ཞི་རྒོལ་བ་བོད་མི་མི་གྲངས་ཉུང་མཐར་ ༦༥༠༠ ཙམ་འཇུ་བཟུང་བྱས་ཡོད་པ་དང༌། དེའི་ནང་ནས་བོད་མི་ ༡༦༥ ཙམ་ལ་དྲང་བདེན་མིན་པའི་ཁྲིམས་ཆད་ལྗིད་པོ་བཅད་ཡོད་པ་དང༌། དེའི་ནང་ལོ་ཚད་མཐོ་ཤོས་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད།

བོད་ནང་ཞི་རྒོལ་ལ་དྲག་གནོན་བྱས་རྗེས་ཟླ་ ༤ ནས་བཟུང་བོད་ཀྱི་ཞིང་འབྲོག་ཁུལ་དང༌། སློབ་གྲྭ ལས་བྱེད་ལས་བཟོའི་ཁྲོད་དུ་ཁ་བྲལ་ངོ་རྒོལ་དང༌། བརྟན་ལྷིང་སྲུང་སྐྱོབ། འཕེལ་རྒྱས་ལ་སྐུལ་འདེད་ཅེས་པའི་བརྗོད་གཞིའི་ཐོག་དུས་ཡུན་ཟླ་བ་གཉིས་རིང་གི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་སྤེལ་བ་དང༌། བོད་མིའི་ཞི་རྒོལ་ལས་འགུལ་དྲག་ཟིང་ངོ་བོར་འཁྱོག་བཤད་བྱེད་པ་དང༌། བོད་ནང་བྱུང་བའི་བོད་མིའི་ཞི་རྒོལ་དེ་བཞིན་ྋགོང་ས་མཆོག་དང་ཁ་བྲལ་ཚོགས་པའི་ངན་ཇུས་འོག་བྱུང་སྐོར་འགྲེལ་བཤད་ལོག་པ་བྱས་ཏེ་དོན་དངོས་རྒྱབ་འགལ་བྱེད་པ་དང༌། བོད་མིའི་ཁྲོད་དུ་བཙན་ཤེད་ཀྱིས་ལངས་ཕྱོགས་གསལ་སྟོན་གྱིས་ངོ་རྒོལ་དགག་རྒྱག་ཡི་གེ་འབྲི་རུ་བཅུག་པ་དང༌། གྲྭ་བཙུན་སོགས་འཇུ་བཟུང༌། དེ་བཞིན་བོད་མི་གུང་ཁྲན་ཏང་ཡོན་དང་ལས་བྱེད་པ་འཇུ་བཟུང་དང་ལས་གནས་ཕྱིར་འབུད་བྱས་པའི་གནས་ཚུལ་ཐོན་ཡོད་ལ། བོད་མི་གུང་ཁྲན་ཏང་ཡོན་དང༌། ལས་བྱེད་བུ་ཕྲུག་བཙན་བྱོལ་ནང་སློབ་གཉེར་བྱེད་བཞིན་པ་ཟླ་གཉིས་ཀྱི་ནང་ཚུན་བོད་དུ་ཕྱིར་ལོག་བྱེད་དགོས་པ་དང༌། གལ་ཏེ་དུས་བཀག་ནང་ཕྱིར་ལོག་མ་བྱས་ཚེ་ཕ་མ་ལས་གནས་ལས་ཕྱིར་འབུད་བྱེད་རྒྱུའི་ཆད་གཅོད་ཀྱི་གཏན་འབེབས་གསལ་བསྒྲགས་བྱས་ཡོད།

ལོ་དེའི་ཟླ་ ༨ ནང་པེ་ཅིང་དུ་འཚོགས་རྒྱུའི་ཨོ་རྩལ་འགྲན་ཚོགས་ལམ་ལྷོང་ཡོང་ཆེད་བོད་ནང་སྔར་བས་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་ཅིང༌། དཔལ་འབར་བརྒྱུད་སྤྲོད་བྱེད་སྒོ་ནི་མིའི་རིགས་ཀྱི་མཛའ་བརྩེ་དང༌། རང་དབང༌། འཆམ་མཐུན། དགའ་འབོད། ཞི་བདེ་སོགས་ཀྱི་མཚོན་རྟགས་རླབས་པོ་ཆེ་ཡིན་མོད། རང་དབང་དང་བྲལ་ཞིང་དྲག་རྡུང་འོག་དཔལ་འབར་བརྒྱུད་སྤྲོད་བྱེད་པ་ནི་ཨོ་ལིན་ཕེག་སྙིང་སྟོབས་དང་ཡོངས་སུ་རྒྱབ་འགལ་ཆགས་ཡོད་ལ། དྲག་གནོན་དང་དམ་དྲག་གི་ལམ་ནས་དཔལ་འབར་བརྒྱུད་སྤྲོད་བྱེད་པ་ནི་ཨོ་རྩལ་དཔལ་འབར་བརྒྱུད་སྤྲོད་དགོས་དམིགས་དང་ཡོངས་སུ་རྒྱབ་འགལ་དུ་གྱུར་ཡོད།

ད་ལྟའི་བོད་ནང་གི་བོད་མིའི་གནས་སྟངས་ཧ་ཅང་ཡ་ང་བའི་གནས་སུ་ལྷུང་ཡོད་ཅིང༌། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཇེ་ཞན་དུ་འགྲོ་བཞིན་ཡོད་པས་མཉམ་སྦྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་དང༌། དེ་བཞིན་རྒྱལ་སྤྱིའི་ཐོག་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ནས་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་དོ་སྣང་ཆེན་པོ་གནང་སྟེ་རྒྱ་གཞུང་གིས་བོད་མིའི་ཐོག་ལག་བསྟར་བྱེད་བཞིན་པའི་དྲག་རྡུང་སྲིད་བྱུས་ངན་པ་དེ་དག་འཕྲལ་དུ་སྤེལ་མཚམས་འཇོག་དགོས་པ་དང༌། འཇུ་བཟུང་བྱས་པའི་བོད་མི་འདི་དག་གློད་བཀྲོལ་ཡོང་བ། བོད་མིར་མནར་གཅོད་གཏོང་བ་དང༌། དྲང་བདེན་མིན་པའི་ཁྲིམས་ཆད་གཅོད་བཞིན་པ་འཕྲལ་དུ་མཚམས་འཇོག་ཡོང་བའི་འབོད་སྐུལ་ནན་པོ་ཞུ་རྒྱུ་དང༌། དེ་རིང་གོ་སྐབས་འདི་དང་བསྟུན་ནས་རྒྱ་ནག་གཞུང་གི་བཙན་གནོན་འོག་འགྲོ་བ་མིའི་ཐོབ་ཐང་བྲལ་ཞིང༌། དཀའ་སྡུག་མྱོང་བཞིན་པའི་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་སེམས་གསོའི་འཚམས་འདྲི་ཞུ་རྒྱུ་དང༌། ད་བར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་དོ་འཁུར་དང་རྒྱབ་སྐྱོར་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། ཤིན་ཏུ་ཡ་ང་བའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་ཅན་དེ་གང་མགྱོགས་ལེགས་བཅོས་ཡོང་བའི་རེ་འབོད་ཞུ་རྒྱུ་ཡིན།།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། ༢༠༠༨ ལོའི་ཟླ་ ༡༢ ཚེས་ ༡༠ ཉིན་སྤེལ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
བོད་ཀྱི་གནད་དོན་ནི་མི་རིགས་གཅིག་དང་རྒྱལ་ཁབ་ཀྱི་གནད་དོན་རེད། ལས་མེད་ས་ཆ་བཀག་མཁན་ཁྱེད་འགྲོ་བ་དང་མང་གཙོ་ཚོགས་པའི་ལས་ཀ་རྫོགས་ཟད་འདྲ་གྱུར་འདུག གྲུབ་འབྲས་ནམ་ཡང༌། ཡང་ན་སྣ་ཅིག་མ་ཐོན་པའི་ཁྱི་རྒན་དེ་ཚོས་ཐི་གང་མ་ཁྱབ་པའི་ཡི་གེ་ཞིག་ཡོངས་ཁྱབ་ཅས་བྱེད་རྒྱུ་ལ།



བརྗོད་གཞི་གཞན་ཁག་ལ་གཟིགས།