བོད་ཀྱི་གསར་འགོད་པས་ཕྱི་རྒྱལ་གྱི་གསར་ཁང་ཁག་ལ་གཟིགས་སྐོར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༡༤ཉིན། ཁ་སང་ཕྱི་ཚེས་༡༣ཉིན་དབུ་འཛུགས་ཀྱིས་བཙན་བྱོལ་བོད་མིའི་གསར་འགོད་པ་༡༡ཙམ་གྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པ་རུ་བརྟེན་གཞི་བྱས་ཡོད་པའི་རྒྱ་གར་གཙོས་ཕྱི་རྒྱལ་གྱི་གསར་ཁང་ཁག་ལ་གཟིགས་སྐོར་བྱས་ཡོད་པ་རེད།  

དེ་ཡང་གསར་འགོད་པ་༡༡པོ་དེ་དག་ནི་བཞུགས་སྒར་དྷ་རམ་ས་ལར་བརྟེན་གཞི་བྱས་ཡོད་པའི་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་དང་། ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་། སྤྱི་ཚོགས་མེ་ལོང་། བོད་ཀྱི་དུས་བབ། ཕ་ཡུལ་དྲ་རྒྱ། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་བཅས་ནས་ཡིན་པ་པ་རེད། གསར་འགོད་པ་༡༡པོ་དེ་ཟླ་འདིའི་ཚེས་༡༣ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པ་རུ་འབྱོར་སྐབས། སྔོ་དྲོ་གཞོན་སྐྱེས་ཀྱི་ནུས་སྟོབས་སྤེལ་བའི་ལས་འགུལ་ཁང་ཞེས་པས་གོ་སྒྲིག་འོག རྒྱ་གར་གྱི་གསར་འགོད་པ་དང་དེ་བཞིན་རྒྱ་གར་གྱི་གསར་ཁང་ཁག་ཏུ་ཕྱག་ལས་གནང་བཞིན་པའི་བོད་མི་གསར་འགོད་པ་ཁག་ཅིག་དང་མཇལ་འཕྲད་གནང་ཡོད་འདུག

འདི་གའི་གསར་ཁང་གི་རྩོམ་སྒྲིག་པ་ཡེ་ཤེས་ཆོས་བཟང་ལགས་ཀྱིས་དེའི་སྐོར་གནས་ཚུལ་མཁོ་སྤྲོད་གནང་དོན།

སྐབས་དེར་རྒྱ་གར་གྱི་གསར་འགོད་པ་གཉིས་དང་བོད་མིའི་གསར་འགོད་པ་གཉིས། དེ་བཞིན་གཞོན་སྐྱེས་ཀྱི་ནུས་སྟོབས་སྤེལ་བའི་ལས་འགུལ་ཁང་གི་མདུན་ལམ་ལམ་སྟོན་གྱི་འགན་འཛིན་དབུ་དཀར་ཚང་གཡུ་སྒྲོན་ལགས་ཀྱིས་བོད་པའི་གསར་འགོད་པ་མཐུན་ཚོགས་ཀྱིས་རེ་སྐུལ་ལྟར་གོ་སྒྲིག་ཞུས་ཏེ། ཐོག་མར་ཁོང་ཉིད་ཀྱི་ཚོགས་པ་དེའི་ལས་རིམ་སྐོར་ངོ་སྤྲོད་གནང་བ་དང༌། རྒྱ་གར་གྱི་༼ཧིན་དྷུ་སི་ཐན་དུས་བབ་༽ཞེས་པའི་ནང་ཕྱག་ལས་གནང་བཞིན་པའི་བོད་མིའི་གསར་འགོད་པའམ། གསར་ཁང་དེའི་ནང་རྩོམ་སྒྲིག་པ་གཞོན་པའི་ལས་ཀ་གནང་བཞིན་པའི་བསྟན་འཛིན་རྣམ་སྲས་ལགས་ཀྱིས་ཁོང་རང་ཉིད་ཀྱི་ཉམས་མྱོང་དང་འབྲེལ་བའི་ཐོག་ནས་གསར་འགོད་པ་ཚོར་ངོ་སྤྲོད་གནང་བ་དང༌། སྤྱིར་ཁོང་ནི་བོད་ཀྱི་སྐད་ཡིག་སོགས་ཆོས་དང་རིག་གཞུང་ལ་དོ་སྣང་དེ་ཙམ་མེད་ནའང༌། གང་ལྟར་བོད་མི་ཞིག་རྒྱ་གར་གྱི་གསར་ཁང་ཆེན་པོ་དེ་འདྲ་ཞིག་གི་ནང་ཕྱག་ལས་གནང་བཞིན་པའི་ནང་ནས་ལས་རིམ་མཐོ་ཤོས་ཤིག་དང༌། དེ་བཞིན་བོད་པའི་གནས་ཚུལ་ཁག་གསར་ཁང་དེའི་ནང་བགོ་འགྲེམས་བྱེད་པར་ཕན་ཐོག་ཡོད་ལུགས་སྐོར་སོགས་གསུང་བཤད་གནང་སོང་།

གཞན་ཡང་རྒྱ་གར་གྱི་གསར་འགོད་པ་གྷོ་དམ་སི་དྷ་ཐི་ཁོང་རང་གི་ངོས་ནས། སྤྱིར་ཁོང་རང་རྒྱ་གར་བ་ཞིག་ཡིན་ནའང་ཁོང་གི་ཕྱག་ལས་གནང་ས་དེ་ཡང་རྒྱལ་སྤྱིའི་གསར་ཁང་ཨི་ཕིས་ནང་ཕྱག་ལས་གནང་མཁན་ཞིག་ཡིན་པ་དང༌། ཁོང་གིས་ཀྱང་གསར་འགྱུར་བརྒྱུད་ལམ་སྐོར་ལོ་མང་པོར་ཕྱག་ལས་གནང་བའི་ཉམས་མྱོང་དང༌། བོད་པའི་གནས་ཚུལ་དང་འབྲེལ་བའི་སྐོར་གསུང་བཤད་དང་ཉམས་མྱོང་སྤེལ་རེས་གནང་སོང༌། ཁོང་གིས་ཨི་ཕིས་ཞེས་པའི་གསར་ཁང་དེ་གཅིག་པུ་མ་ཡིན་པར། རྒྱ་གར་གྱི་དུས་བབ་ཅེས་པའི་གསར་ཁང་ནང་ཕྱག་ལས་གནང་ཡོད་པས་མ་ཚད། སྐབས་དེར་ཁོང་གི་ཕྱག་ལས་དེ་ཡང་འབྲེལ་མཐུད་པའི་ཕྱག་ལས་གནང་འདུག

དེའི་རྗེས་སུ་ཨི་ཕིས་བརྙན་འཕྲིན་བརྒྱུད་ལམ་གྱི་གསར་འགོད་པ་ལྕམ་ཤིས་ཝ་ནིང་རཱ་བ་ཏི་ཁོང་གིས་ལོ་ངོ་༧རིང་གསར་འགྱུར་བརྒྱུད་ལམ་ལ་ཕྱག་ལས་གནང་བའི་ཉམས་མྱོང་ཙམ་མ་ཟད། རྒྱུན་དུ་ཁོང་ཉིད་ལ་བོད་དོན་སྐོར་སེམས་ཤུགས་ཆེན་པོ་ཡོད་པ་དང༌། བོད་པའི་གསར་འགོད་པ་ཚོས་ཕྱག་ལས་གནང་སྟངས་སྐོར་ལ་ཡང་མང་པོ་གསུངས་སོང༌། གོང་དུ་གནས་ཚུལ་དེ་དག་ནི་ཁ་སང་ཕྱི་ཚེས་༡༣ཉིན་གྱི་ལས་རིམ་ཡིན་པ་དང༌།

ང་ཚོའི་ལས་རིམ་མཐའ་མ་དེ་རྒྱ་གར་གྱི་རླུང་འཕྲིན་དང་བརྙན་འཕྲིན་གྱི་གསར་ཁང་ཆེ་ཤོས་ཨིན་ཌི་བརྙན་འཕྲིན་གྱི་གསར་ཁང་དུ་བཅར་ཡོད་པ་རེད། དེའི་ནང་ལ་ཡང་ཕྱག་ལས་གནང་མཁན་བོད་པ་བསོད་རྣམ་ཚེ་བསྟན་ཞུ་བ་ཞིག་འདུག ཁོང་ཉིད་ནི་གསར་ཁང་དེའི་ནང་ལས་གནས་མཐོ་པོ་དེ་ཙམ་ཞིག་མིན་ཡང་ལོ་མང་པོའི་རིང་ཕྱག་ལས་གནང་ཡོད་པའི་གསར་འགོད་པ་ཞིག་རེད་འདུག ཁོང་གིས་ཨིན་ཌི་བརྙན་འཕྲིན་གྱི་གསར་ཁང་དེའི་ནང་གི་ཕྱག་ལས་གནང་སྟངས་དང༌། རྩོམ་སྒྲིག་པའི་ཕྱག་ལས་གནང་སྟངས། རྩོམ་སྒྲིག་པའི་ལས་རོགས། ས་གནས་ཀྱི་གསར་འགོད་པ་སོགས། ཁོང་ཚོའི་ལས་ཁུངས་དེའི་ནང་སྡེ་ཚན་ཁག་མི་འདྲ་བ་མང་པོ་ཞིག་འདུག་པས་དེ་ཚོ་ངོ་སྤྲོད་དང་། ད་ལྟ་ཁོང་རང་ཚོས་གནས་ཚུལ་གཏོིང་བཞིན་པ་དེ་ཚོའི་སྐོར་ཡང་འགྲེལ་བརྗོད་དང་ངོ་སྤྲོད་གནང་སོང༌། མ་ཚད་ཁོང་གིས་ཨིན་ཌི་བརྙན་འཕྲིན་ཁང་དུ་ལས་ཀ་བྱེད་མཁན་ཁྱོན་མི་གྲངས་༡༥༠༠ཙམ་ཡོད་པ་རེད་ཅེས་གསུངས་སོང༌། དེར་བརྟེན་ང་ཚོ་བོད་པའི་གསར་འགོད་པ་ཞིག་ཡིན་པའི་ཆ་ནས་སློབ་སྦྱོང་དང་ཉམས་མྱོང་མང་པོ་ཞིག་ལེན་རྒྱུ་བྱུང་སོང་།

དེ་རིང་ལ་ཆ་བཞག་ན་ཞོགས་པ་སྔ་མོ་འཛམ་གླིང་གི་གསར་འགྱུར་བརྒྱུད་ལམ་ཁག་ཆེ་ཤོས་ཨ་རིའི་སིད་ཨིན་ཨིན་གསར་ཁང་གི་ཁང་གི་ཡན་ལག་ཞིག་གི་ནང་འགྲོ་སྐབས། སྒང་ཐོག་ནས་ཡིན་པའི་ཀརྨ་ཆོས་འཕེལ་ཟེར་བ་ཞིག་འདུག ཁོང་ནི་ཡན་ལག་གསར་ཁང་དེའི་སྡེ་ཚན་འགན་འཛིན་ཞིག་རེད་འདུག ཁོང་གིས་ངོས་ནས་ང་ཚོ་ཡར་མར་གང་སར་ལྟ་སྐོར་དུ་འཁྲིད་གནང་བྱུང༌། ཁོང་ནི་རྒྱ་གར་གྱི་གནས་ཚུལ་ཙམ་དུ་མ་ཟད་བོད་པའི་གནས་ཚུལ་སྐོར་ལ་ཡང་ཐུགས་སྣང་ཆེན་པོ་འདུག་ལ། ཁོང་གི་ཉམས་མྱོང་ཡང་ཧ་ཅང་གི་གཏིང་ཟབ་མོ་འདུག གསར་ཁང་དེའི་ནང་ལའང་གསར་ཁང་གི་སྡེ་ཚན་ཁག་དང༌། བརྙན་འཕྲིན་གྱི་སྡེ་ཚན། སྒྲའི་སྡེ་ཚན། འཕྲུལ་སྦྱོར་གྱི་སྡེ་ཚན། གློག་ཀླད་ཀྱི་སྡེ་ཚན་སོགས་སྡེ་ཚན་ཁག་ཆ་ཚང་ངོ་སྤྲོེད་གནང་བྱུང༌། མ་ཚད་གསར་ཁང་དེའི་ནང་གི་རྩོམ་སྒྲིག་པ་རྣམས་ཀྱི་ཞོགས་པ་སྔ་མོར་ཚོགས་འདུ་ཚོགས་ས་དང༌། དེ་ཉིན་གྱི་ལས་རིམ་ནང་གནས་ཚུལ་ག་རེ་ག་རེ་གཏོང་དགོས་ཀྱི་ཡོད་མེད་སྐོར་གྲོས་སྡུར་བྱེད་ཀྱི་ཡོད་འདུག དེ་རིང་གི་ལས་རིམ་ནང་བོད་ཁམས་ཕྱོགས་སུ་ས་ཡོམ་བརྒྱབ་པའི་ལས་རིམ་དེ་བཀོད་འདུག དེ་རྗེས་ང་ཚོ་ཚོགས་འདུ་སྐབས། ཁོང་གིས་ད་ལྟ་བར་དུ་ལས་རིམ་གཙོ་སྐྱོང་ཞུ་ཡ་དང༌། དེ་བཞིན་གསར་འགྱུར་རྩོམ་སྒྲིག་བྱེད་པའི་ཐག་གཅོད་བྱེད་ཕྱོགས། གཞན་ཡང་ཁོང་ཉིད་ཀྱིས་བོད་ནང་གི་གནས་ཚུལ་དེ་ཚོ་ཁ་ཐུག་བརྒྱུད་ལམ་ཁག་ཏུ་གཏོང་བ་མ་ཚད། སྔོན་མར་རྒྱ་ནག་ནང་ལའང་སིད་ཨིན་ཨིན་གྱི་གསར་འགོད་པའི་ལས་ཀ་བྱེད་པར་ཡང་ཕེབས་མྱོངས་འདུག ཁོང་ལ་ཕྱི་ལོ་༢༠༠༩ལོར་རྒྱ་གར་རྒྱལ་ཡོངས་ཀྱི་གསར་འགོད་པ་རྩེ་ཕུད་ཀྱི་བྱ་དགའ་ཡང་འཐོབ་མྱོངས་འདུག

སང་ཉིན་གྱི་ང་ཚོའི་ལས་རིམ་ནང་བྷི་བྷི་སིའི་གསར་ཁང་གི་ཡན་ལག་ལས་ཁུངས་དང་ཧིན་དྷུ་སི་ཐན་དུས་བབ་སོགས་གསར་ཁང་གཞན་ཁག་ཅིག་ཏུ་ལྟ་སྐོར་འགྲོ་རྒྱུ་རེད།

དབུ་དཀར་ཚང་གཡུ་སྒྲོན་ལགས་ཀྱིས་གོ་སྒྲིག་ཞུ་བའི་གཞོན་ནུའི་ནུས་སྟོབས་གོང་འཕེལ་གཏོང་བའི་ལས་འགུལ་ཁང་གིས། ང་ཚོའི་བོད་ཀྱི་གསར་འགོད་པའི་མཐུན་ཚོགས་ཀྱི་ངོས་ནས་རེ་སྐུལ་ཞུ་བ་བཞིན་ལས་རིམ་ཆ་ཚང་ཞིག་གོ་སྒྲིག་ཞུས་འདུག དེ་བཞིན་ང་ཚོའི་གསར་འགོད་པ་ཚོའི་ངོས་ནས་ཀྱང་གཟིགས་སྐོར་སྐབས་ཕར་བལྟས་པ་ཙམ་མ་ཡིན་པ། ཁོང་ཚོའི་གསར་འགྱུར་གྱི་ལས་རིམ་གོ་སྒྲིག་བྱེད་སྟངས་དང༌། གསར་འགྱུར་བཀོད་སྟངས། གསར་འགྱུར་དེ་དག་གི་ཡོང་ཁུངས་གང་འདྲ་ཡོད་མེད། ལས་ཀ་དེ་དག་བྱེད་པར་དཀའ་ངལ་གང་འདྲ་འཕྲད་ཀྱི་ཡོད་མེད་སྐོར། གོང་དུ་གསར་ཁང་དེ་དག་གི་འགན་འཛིན་དང་ང་ཚོའི་བོད་པའི་གསར་འགོད་པ་དེ་ཚོར་བཀའ་འདྲི་ཞུ་ཡ་དང་ཉམས་མྱོང་སྤེལ་རེས་སོགས་ཧ་ཅང་གི་ལེགས་པོ་བྱུང་སོང༌ཞེས་གསུངས་སོང་།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༡༥༢༠༡༠༠༧༥༩
དེ་རིང་གི་གནས་ཚུལ་གསར་པར་བལྟས་ཚེ་མི་གྲངས་དྲུག་རྒྱར་ཉེ་བ་རྐྱེན་ལམ་དུ་སོང་འདུག་ལ། སྡོད་ཁང་འབུམ་ལ་ཉེ་བ་རལ་འདུག ད་དུང་སློབ་མ་༥༦ཤི་འདུག  སློབ་གྲྭའི་ཁང་པ་བརྒྱ་ཆ་བདུན་བཅུ་ཙམ་མེད་པ་བྱས་འདུག དགེ་རྒན་གྱི་སློབ་མ་༦༡ཙམ་ས་འོག་ནས་སྐྱོབས་འདུག་ལ་ད་དུང་ས་འོག་དུ་སློབ་མ་༢༠༠ལྷག་ཙམ་ལུས་འདུག བཙོན་ཁང་གཅིག་ཡང་རལ་འདུག



བརྗོད་གཞི་གཞན་ཁག་ལ་གཟིགས།