གསར་འགོད་རིག་པའི་བགྲོ་གླེང་དང་ཟབ་སྦྱོང༌།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༡༢ཉིན། ཁ་སང་རེས་གཟའ་ཉི་མའི་ཉིན་བོད་ཀྱི་གསར་འགོད་པ་མཐུན་ཚོགས་ཀྱིས་གོ་སྒྲིག་འོག དྷ་ས་བོད་ཀྱི་མགྲོན་ཁང་དུ་གསར་འགོད་རིག་པའི་སྐོར་ཟབ་སྦྱོང་དང་བགྲོ་གླེང་ཞིག་ཚོགས་ཡོད་པ་དང་། སྐབས་དེར་ཟབ་སྦྱོང་སྤྲོད་མཁན་གཙོ་བོ་ཕྱི་དྲིལ་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་དང་། གསར་འགོད་རིག་པའི་སྐོར་སློབ་མཐར་སོན་པ་བུ་ཆུང་བསོད་ནམས་གཙོས་ཁྱོན་གསར་འགོད་པ་༣༠ཙམ་ཕེབས་འདུག

ཐོག་མར་བོད་ཀྱི་གསར་འགོད་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་དབང་ཕྱུག་ལགས་ནས་བགྲོ་གླེང་ཟབ་སྦྱོང་ལས་རིམ་ངོ་སྤྲོད་དང༌། ཆེད་དུ་གདན་ཞུ་བྱས་པའི་བོད་གཞུང་ཕྱི་དྲིལ་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་ནས་དེང་རབས་ཅན་གྱི་འཛམ་གླིང་ཁྲོད་བོད་ཀྱི་གསར་འགོད་པའི་ལས་དོན་གནང་ཕྱོགས་སྐོར་གསུང་དོན།

ངོས་ལ་གསར་འགོད་རིག་པའི་སྐོར་དམིགས་བསལ་སྦྱང་བ་དེ་འདྲ་མེད་ཀྱང་ལོ་ངོ་དུ་མ་རིང་བཙན་བྱོལ་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ཏུ་དུས་དེབ་དང་ཚགས་པར་སོགས་སུ་ལས་ཀ་བྱ་པའི་ཉམས་མྱོངས་དང་ལྷག་པར་དེ་སྔོན་སྤྱི་ལོ་༡༩༨༨ལོར་ཨ་རིར་ལོ་གཅིག་རིང་ཚགས་པར་བཀོད་སྟངས་སྐོར་སློབ་སྦྱོང་ཕྱིན་པའི་སྐབས། ཁོང་ཚོས་གནས་ཚུལ་ཟེར་བ་དེ་ག་རེ་རེད། གནས་ཚུལ་དེ་བྲིས་པའི་སྐབས་སུ་འགན་གང་འདྲ་འཁྱེར་དགོས་ཀྱི་ཡོད་པ་རེད་ཟེར་བའི་གསར་འགོད་རིག་པའི་སྐོར་གཞུང་ལུགས་དེ་འདྲ་སློབ་ཀྱི་འདུག དེ་འདྲ་ཡིན་དུས་ངས་ཀྱང་གནས་ཚུལ་དང་གསར་ལམ་ཟེར་བ་དེ་གནད་འགག་ཆེན་པོ་རེད་བསམས་ཀྱི་འདུག མ་ཚད་ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་ལའང་མང་གཙོའི་ཀ་བ་བཞི་པ་དེ་ཡིན་ཟེར་གྱི་ཡོད་པ་རེད། སྤྱིར་མང་གཙོ་ཟེར་བ་དེ་ཚད་ལྡན་ཡིན་མིན་དེ་བརྟག་ས་མང་པོ་ཞིག་ཡིད་པ་རེད། ཁག་ཅིག་གིས་སོ་སོའི་འགོ་ཁྲིད་དེ་མི་མང་རང་གི་བདམས་རྒྱུ་དང༌། ཡང་ཁག་ཅིག་གི་སྤྱི་ཚོགས་དེའི་ནང་གི་གནས་ཚུལ་དེ་བཀོད་པར་གསར་ལམ་ཁག་ལ་རང་དབང་གང་འདྲ་ཡོད་མེད་བཤད་ཀྱི་ཡོད་པ་རེད། གནས་ཚུལ་ཟེར་བ་དེ་རྒྱུན་དུ་མི་ཚོས་གསུངས་བ་ནང་བཞིན་༼མིས་ཁྱིེར་སོ་བརྒྱབ་ན་གནས་ཚུལ་ལས་ཁྱིས་མིར་སོ་བརྒྱབ་པ་ཡིན་ན་གནས་ཚུལ་མ་རེད་༽ཟེར་བ་ནང་བཞིན། གནས་ཚུལ་ཟེར་བ་དེ་གསར་པ་དང༌། ཡ་མཚན་པོ་དེ་འདྲ་དགོས་ཀྱི་ཡོད་པ་རེད། འོན་ཀྱང་གནས་ཚུལ་དེ་མི་མང་ལ་གང་འདྲ་བྱེད་ནས་མཁོ་སྤྲོད་བྱེད་མིན་དེ་གསར་ཁང་དང་གསར་འགོད་པ་སོ་སོར་འགན་ཞིག་ཡོད་པ་རེད། ནུབ་ཕྱོགས་པས་གནས་ཚུལ་ཟེར་བ་དེ་ཕྱོགས་གཉིས་དང་གསུམ་བར་འགལ་བ་ཞིག་ཡོད་པ་དང༌། དེར་བཀོད་པར་འགན་ཁྱེར་བའི་ཐོག་ནས་ཕྱོགས་ཚང་མའི་ལྟ་བའམ་རྒྱབ་ལྗོངས་ལ་རྒྱུས་ལོན་དང་འདྲི་གཅོད་བྱེད་དགོས་ཀྱི་ཡོད་པ་རེད།

དཔེར་ན་དེང་སང་ཨ་ཧྥ་གྷ་ནི་སི་ཐན་དུ་གཞུང་དམག་དང༌། ཨ་རིའི་དམག དེ་བཞིན་ཐ་ལན་བན་བཅས་ཕྱོགས་མང་པོ་ཡོད་པ་རེད། དེར་གནས་ཚུལ་བཀོད་པར་འགྲོ་བར་ཕྱོགས་ཚང་མའི་བསམ་འཆར་རྒྱུས་ལོན་ཐོག གནས་ཚུལ་ཆ་སྙོམ་དུ་བཀོད་དགོས་ཀྱི་ཡོད་པ་རེད། དེ་ལྟ་མ་བྱུང་ཚེ་རྒྱ་ནག་གཞུང་ལྟར་ཕྱོགས་གཅིག་ཁོ་ནའི་གནས་ཚུལ་བཀོད་ཚེ། གནས་ཚུལ་དེ་དྲང་བདེན་དང་སྤུས་དག་པོ་ཞིག་ཆགས་ཡོད་པ་མ་རེད།

དེ་བཞིན་ང་ཚོ་བོད་པའི་ངོས་ནས་གནས་ཚུལ་བཀོད་པར་འགན་གཉིས་ཁྱེར་དགོས་ཀྱི་ཡོད་པ་རེད། གལ་ཆེ་ཤོས་གཅིག་དེ་བོད་ནང་གི་བོད་མི་དེ་ཚོས་བློས་བཏང་གི་གནས་ཚུལ་དེ་ང་ཚོའི་བཙན་བྱོལ་ནང་གི་གསར་ལམ་ཁག་ཏུ་སླེབས་ཐུབ་པ་དགོས་པ་དེ་གལ་ཆེན་པོ་རེད། གལ་ཆེ་ཤོས་གཞན་དེ་ང་ཚོ་བཙན་བྱོལ་གྱི་མི་མང་གི་གནས་ཚུལ་རྣམས་ཆ་ཚང་བ་ཞིག་བྲིས་ཐུབ་པ་ཡིན་ན། དེ་བཙན་བྱོལ་མི་མང་ལ་འགན་ཁུར་བ་ཞིག་ཆགས་ཀྱི་ཡོད་པ་རེད།

ང་ཚོ་བཙན་བྱོལ་གྱི་གསར་ལམ་དེ་དག་ནི་མེད་དུ་མི་རུང་བ་ཞིག་ཡིན་པ་རེད། གང་ཡིན་ཟེར་ན་གསར་ལམ་དེ་དག་གི་ཐོག་ནས་ང་ཚོའི་བདེན་པ་གསལ་སྟོན་བྱེད་རྒྱུ་དང༌། དཔེར་ན། བཙན་བྱོལ་དུ་སློབ་གྲྭ་ཁག་ཏུ་སློབ་མ་ཚོས་༼གྲི་དང་སྨྱུ་གུ་སུ་ནུས་པ་ཆེ་བ་ཡོད་པ་རེད་༽ཟེར་བ་བཞིན། ང་ཚོའི་འཐབ་རྩོད་དེ་འཚེ་བ་མེད་པ་ཞིག་ཡིན་དུས་སྨྱུ་གུ་དེ་ནུས་པ་ཆེ་བ་བཤད་མི་དགོས་པ་ཞིག་རེད།

གཉིས་ནི་སྤྱིར་འཛམ་བུ་གླིང་ཐོག་ཏུ་ང་ཚོའི་བོད་པའི་གནས་ཚུལ་དེ་ཚད་མཐོ་པོར་སླེབས་ཡོད་ཀྱང༌། རྒྱུན་དུ་༧རྒྱལ་བ་རིན་པོ་ཆེས་བཀའ་གནང་བ་བཞིན་རྒྱ་ཡིག་ཐོག་ཏུ་དྲ་རྒྱ་དེ་འདྲ་ཡོད་པ་ཡིན་ན། རྒྱ་མི་རིགས་ལ་ང་ཚོའི་འཐབ་རྩོད་དེ་ངོ་སྤྲོད་བྱེད་པར་གནད་འགག་ཆེན་པོ་ཞིག་མཐོང་སོང་ཞེས་དང༌། མཇུག་མཐར་དྲི་བ་དྲིས་སྐབས། གནས་ཚུལ་གང་ཞིག་བཀོད་པར་སོ་སོའི་སྤྱི་ཚོགས་ནང་ཕན་པར་ཡོད་མེད་དང༌། ཕ་རོལ་གྱི་ལག་ཆ་ཆགས་ཀྱི་ཡོད་མེད་ལའང་བརྟག་དགོས་པ་དེ་གལ་ཆེན་པོ་ཡིན་སྐོར་གསུངས་སོང༌།

དེ་རྗེས་གསར་འགོད་རིག་པའི་སྐོར་སློབ་མཐར་སོན་པ་བུ་ཆུང་བསོད་ནམས་ལགས་ནས། རྒྱལ་སྤྱི་དང་ཁྱད་པར་དུ་ནུབ་ཕྱོགས་ཡུལ་གྲུའི་ནང་གི་གསར་འགོད་ལས་དོན་སྐོར་གསུངས་དོན།

དྲ་རྒྱའམ། རླུང་འཕྲིན། བརྙན་འཕྲིན། དེ་བཞིན་དུ་དུས་དེབ་ཚགས་པར་སོགས་གང་ནང་དུ་གསར་འགྱུར་འབྲི་དུས་མེད་དུ་མི་རུང་བའི་ཆ་རྐྱེན་གཅིག་ནི་བཀོད་ངེས་པའི་གསར་འགྱུར་ངེས་འཛིན་བྱེད་ཀྱི་རྣམ་དཔྱོད་དེ་རེད། དྷ་རམ་ས་ལར་ལྟ་བུ་ཆ་མཚོན་ན། ཕྱི་ཟླ་༣། ༩། ༡༠སོགས་ནང་ལ་གསར་འགྱུར་མང་པོ་འཚོལ་སྒྲུབ་ཐུབ་ཀྱང༌། དབྱར་དུས་སྐབས་སུ་མཚམས་མཚམས་ལ་གསར་འགྱུར་ཁྱོན་ནས་མི་རག་པའི་སྐད་ཆ་གོ་མྱོང༌།  དེ་སྐབས་སྐབས་ལ་ཐེ་ཚོམ་ལྟ་བུ་རེད། དཔེར་ན། དྷ་རམ་ས་ལར་གསར་འགྱུར་མི་འདུག་ཟེར་དུས་དགོད་བྲོ་བའི་གཏམ་ཞིག་རེད། ཕྱི་རྒྱལ་ནས་ཚུར་དྷ་རམ་ས་ལར་བལྟ་དུས་ང་ཚོ་སྐྱབས་བཅོལ་པའི་སྲོག་སྙིང་དེ་འདིར་ག་དུས་ཡིན་ཡང་འཕར་ལྡིང་བྱེད་ཀྱིན་ཡོད་པ་རེད། འདིར་གསར་འགྱུར་མི་འདུག་ཟེར་དུས་ཁེ་མཚར་པོ་འདུག དེ་བས་གསར་འགྱུར་དེ་ངེས་འཛིན་དུས་ག་རེ་དགོས་པ་རེད། ག་རེར་གཞིར་བཞག་དེ་བཀོད་ངེས་པའི་གསར་འགྱུར། དང་པོ་དེ། གསར་འགྱུར་གང་ཡིན་ཡང་དུས་དང་འཚམ་དགོས་ཀྱིན་ཡོད་པ་རེད། དུས་དང་འཚམ་པ། དཔེར་ན་ཆ་བཞག་ན། དེ་རིང་ཁོར་ཡུག་གི་ཉིན་མོ་ཡིན་ན། ཁོར་ཡུག་ཐོག་ལ་ལས་འགུལ་ཞིག་སྤེལ་བ་ཡིན་ན། དེའི་གསར་འགྱུར་དེ་དེ་རིང་གི་བཀོད་དགོས་པ་ཞིག་ལས། སང་ཉིན་ནམ་ནངས་ཉིན་བཀོད་ན་འགྲིགས་ཀྱིན་ཡོད་པ་མ་རེད། འོན་ཀྱང༌། དུས་དང་འཚམ་པ་ཟེར་དུས་ཡིན་གཅིག་མིན་གཅིག་གནད་དོན་གང་དང་གང་ཡིན་ཡང་ཉིན་མོ་དེར་གནས་ཚུལ་ག་རེ་བྱུང་བ་ཉིན་མོ་དེར་བཀོད་དགོས་པ་རེད་ཅེས་ཟེར་གྱིན་ཡོད་པ་མ་རེད། དཔེར་ན། ང་ཚོ་བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་རྣམ་པ་ཕར་རྒྱ་ནག་ནང་ལ་ཕེབས་པ་ཡིན་ན། ཕེབས་བཞིན་པའི་ཕར་གའི་གནས་ཚུལ་ཇི་མ་ཇི་བཞིན་ཧ་མ་གོ་བ་ཡིན་ནའང༌། དེ་དང་འབྲེལ་བ་ཡོད་པའི་གནས་ཚུལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་དང་སྐལ་བཟང་རྒྱལ་མཚན་ཁོ་རང་གཉིས་ཀྱི་ལོ་རྒྱུས་དང༌། འདས་པའི་བྱུང་རབས་བྲིས་ན་དུས་དང་རན་པ་རེད། གནས་ཚུལ་གང་དང་གང་ཡིན་ཡང༌། ཕ་གའི་བྱུང་ཡོང་འགྲོ་བཞིན་པའི་གནས་ཚུལ་ཇི་མ་ཇི་བཞིན་མི་ཤེས་ཚེ། དེ་དང་འབྲེལ་བའི་གསར་འགྱུར་ག་རེ་ཡོད་པ་རྣམས་བསྔོག་དགོས།

གཉིས་པ། མངོན་གསལ་ཅན་ཟེར་དུས་དཔེར་ན། མི་དཀྱུས་མ་ཞིག་གིས་བྱ་བ་ག་རེ་སྒྲུབ་ཀྱང་དེ་གསར་འགྱུར་ཆགས་ཀྱིན་ཡོད་པ་མ་རེད། དཔེར་ན་ང་ལྟ་བུ་དཀྱུས་མ་ཞིག་སྐྱེས་དམན་གཞན་གྱི་རྐུབ་ལ་རྒྱུགས་ན་དེ་ང་ཚོ་ནང་ཁུལ་གྱི་སྐད་ཆ་རེད་མ་གཏོགས་གསར་འགྱུར་ཆགས་ཀྱིན་ཡོད་པ་མ་རེད། གལ་སྲིད་སྤྱི་འཐུས་ཚོགས་གཙོས་དེ་འདྲ་གནང་ཚེ་དེ་ནི་གསར་འགྱུར་ཞིག་རེད། དེ་གཉིས་བར་ན་མངོན་གསལ་དོད་པོ་ཡོད་མེད་ཀྱི་ཁྱད་པར་ཡོད་པ་རེད། སྤྱི་ཚོགས་ནང་ལོག་ཏུ་ག་དུས་ཡིན་ཡང་གནས་ཚུལ་འབྱུང་གིན་ཡོད་པ་རེད། མངོན་གསལ་ག་རེ་དོད་པོ་འདུག སྤྱི་ཚོགས་ལ་མཁོ་གིན་འདུག་གམ་མི་འདུག

གསུམ་པ་དེ། ས་ཐག་ཉེ་རིང༌། དེ་དཔེ་མཚོན་ཞིག་ཞུས་ན། པ་གྷང་གོ་ཌིར་རླངས་འཁོར་རྡབ་སྐྱོན་གྱི་མི་ཤི་རྨས་སྐྱོན་གྱི་གནས་ཚུལ་ཐོན་ཚེ་ང་ཚོར་གསར་འགྱུར་ཆགས་ཀྱིན་མེད་ལ། དེ་བཞིན་དུ་རྒྱ་ནག་ནང་ས་འགུལ་ཐེབས་མི་གང་ལ་གང་འཚམ་ཞིག་རྐྱེན་ལམ་དུ་ཕྱིན་ཚེ། ང་ཚོ་དྷ་རམ་ས་ལར་འཚོ་སྡོད་བྱེད་མཁན་ཚོར་དེ་ཇི་མ་ཇི་བཞིན་གྱི་གསར་འགྱུར་ལྟ་བུ་ཆགས་ཀྱི་ཡོད་པ་མ་རེད། ཡིན་ནའང་འདིར་མེ་འཁོར་ལ་བརྡབ་སྐྱོན་བྱུང་སྟེ་མི་ཤི་གོད་ཆགས་བྱུང་ཚེ་དེ་ང་ཚོ་འདིར་སྡོད་མཁན་གྱི་ཆ་ནས་གསར་འགྱུར་ཞིག་རེད། ས་ཐག་ཉེ་རིང་ལ་མ་བལྟས་ན་དཀའ་ངལ་ག་རེ་ཡོད་པ་རེད་ཅེ་ན། འཛམ་གླིང་འདིའི་ཐོག་མེ་སྐྱོན་ས་ཆ་གང་སར་བྱུང་གིན་ཡོད་པ་རེད། ཇག་པ། དེ་བཞིན་དུ་རྙོག་དྲ་གང་སར་ཡོང་བསྡད་ཀྱིན་ཡོད་པ་རེད། དེའི་ས་ཐག་ཉེ་རིང་གི་དབྱེ་འབྱེད་མ་བྱས་པ་ཡིན་ན་འགོ་འཐོམས་པའི་ཉེན་ཁ་ཡོད་པ་རེད། ས་ཐག་རིང་ཐུང་ཟེར་བ་དེ་ས་ཆའི་ཐག་རིང་ཐུང་དེར་གཅིག་པུར་གོ་མི་དགོས་པར། དོན་དག་དང་འབྲེལ་བ་ཐག་རིང་ཐུང་དེ་ལའང་གོ་དགོས་ཀྱི་ཡོད་པ་རེད་ཅེས་གསལ་བཤད་གནང་སོང་།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་དང་གཡང་བྱམས་གཉིས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།