དགོངས་ཚུལ།

ཨ་རིའི་བོད་མིའི་སློབ་ཡོན་ལས་གཞིའི་དྲ་གནས་དབུ་འབྱེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༩ཉིན། དེ་རིང་ཞོགས་པར་བཞུགས་སྒར་དྷ་རམ་ས་ལའི་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་༼ཨ་རིའི་བོད་མིའི་སློབ་ཡོན་ལས་གཞིའི་སློབ་ཟུར་ཚོགས་པའི་༽དྲ་གནས་ཤིག་དབུ་འབྱེད་མཛད་སྒོ་བྱས་སོང་ལ། སྐུ་མགྲོན་གཙོ་བོ་དཔལ་ལྡན་རང་གཞུང་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་ཕེགས་འདུག

སྐབས་དེར་ཨ་རིའི་བོད་མིའི་སློབ་ཡོན་ལས་གཞིའི་སློབ་ཟུར་ཚོགས་པའི་ཚོགས་གཙོ་སྒྲོལ་དཀར་དབང་མོ་ལགས་དང༌། ཤེས་རིག་སློབ་ཡོན་སྡེ་ཚན་གྱི་སྐུ་ཚབ་དྲུང་ལས་བསྟན་འཛིན་ཆོས་འཕེལ་ལགས། དེ་བཞིན་སློབ་ཡོན་ལས་གཞིའི་སློབ་ཟུར་ཚོགས་པའི་ཚོགས་མི་དང་གསར་འགོད་པ་བཅས་ཁྱོན་མི་གྲངས་༣༠ཙམ་ངོ་ཕེབས་གནང་འདུག

ཐོག་མར་ཨ་རིའི་བོད་མིའི་སློབ་ཡོན་ལས་གཞིའི་སློབ་ཟུར་ཚོགས་པའི་ཚོགས་གཙོ་སྒྲོལ་དཀར་དབང་མོ་ལགས་ནས་སློབ་ཡོན་ལས་གཞིའི་སྐོར་ངོ་སྤྲོད་གནང་དོན།
ཨ་རིའི་བོད་མིའི་སློབ་ཡོན་ལས་གཞིའི་སློབ་ཕྲུག་ཚོགས་པའི་ཐོག་མར་སློབ་ཡོན་དེ་ཕྱི་ལོ་༡༩༨༨ལོར་འགོ་བཙུགས་པ་ཞིག་རེད། སློབ་ཡོན་དེ་ཨ་རིའི་གཞུང་ནས་ང་ཚོ་བོད་གཞུང་ཤེས་རིག་ལས་ཁུངས་ལ་དེ་འདྲ་གནང་ནས། ད་ལྟ་བར་དུ་སློབ་ཕྲུག་༣༦༤ལ་སློབ་ཡོན་དེ་རག་ཡོད་པ་རེད། སློབ་ཕྲུག་༣༦༤ནང་ནས་ད་ལྟ་བཙན་བྱོལ་ནང་བོད་གཞུང་དང༌། ཚོགས་པ་ཁག རང་དབང་ཅན་གྱི་སྡེ་ཚན་ནང་ཁྱོན་སློབ་ཕྲུག་༡༢༥ཙམ་གྱིས་ཞབས་ཞུ་སྒྲུབ་བཞིན་པ་རེད་འདུག་ལ། ད་ལྟའི་ཆར་སློབ་ཕྲུག་༢༩ཨ་རིར་སློབ་སྦྱོང་གནང་བཞིན་པ་རེད། སློབ་ཕྲུག་༣༦༤ནང་སེམས་སྐྱོ་བའི་གནས་ཤིག་ནི་ང་ཚོའི་སློབ་ཟུར་༧ཙམ་འདས་གྲོངས་ཕྱིན་ཡོད་པ་རེད། སློབ་ཕྲུག་༡༤༠ཙམ་ཞིག་ད་ལྟ་ཉུང་མཐར་ལོ་གཉིས་དང་དུས་ཚོད་དེ་ལས་མང་བར་དུས་ཚོད་རིང་པོར་ཞབས་ཞུ་བསྒྲུབས་ནས། དེ་རྗེས་ནང་མིའི་གནས་སྟངས་སོགས་རྒྱུ་མཚན་འདྲ་མིན་ཐོག་ཕྱི་རྒྱལ་ཁག་དཔེར་ན། ཨ་རི་དང༌། ཡོ་རོབ། དེ་བཞིན་ཨོ་སི་ཁྲུ་ལི་ཡ་སོགས་སུ་ཕེབས་དགོས་པ་བྱུང་འདུག གཞན་ཡང་སློབ་ཕྲུག་ཉུས་ཤས་ཤིག གྲངས་ཀ་ཞུས་པ་ཡིན་ན་༧༠ཙམ་ཞིག་སློབ་ཡོན་དེ་ལེན་ནས་ཚུར་མ་ཕེབས་པ་དེ་འདྲ་ཡང་བྱུང་འདུག་ཞུ་རྒྱུ་ཡིན།

དེ་མིན་སློབ་ཕྲུག་ཚང་མ་རྒྱ་གར་ནང་ཚུར་ཕེབས་ནས་ང་ཚོས་སྤོབས་པ་ཆེན་པོས་ཞུ་ཐུབ་པ་ཞིག་ནི། བོད་མི་མང་སྤྱི་འཐུས་ནང་ལའང་ང་ཚོའི་སློབ་ཕྲུག་འདུག་ལ། བཀའ་བློན་གནང་བཞིན་པ། དེ་བཞིན་ང་ཚོའི་སྤྱི་ཚོགས་ནང་ལ་ལྷན་ཁང་རྣམས་ཀྱི་དྲུང་ཆེ་མང་ཆེ་བ་ང་ཚོའི་སློབ་ཡོན་དེའི་སློབ་ཟུར་རྣམས་ཆགས་བསྡད་འདུག མ་ཚད་སློབ་གྲྭ་ཁག་གི་དགེ་རྒན་དང་དབུ་འཛིན། སྡེ་ཚན་ཁག་གི་འགན་འཛིན། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་སྟེ། གསར་འགོད་པ་གནང་བཞིན་པ་དེ་འདྲའང་འདུག

སློབ་གསོའི་ཚོགས་པ་འདི་ཕྱི་ལོ་༡༩༩༩ལོར་དབུ་འཛུགས་གནང་བ་ཞིག་རེད། ད་ལྟ་ང་ཚོ་སློབ་ཟུར་ཚོགས་པའི་རྒྱུན་ལས་སྐབས་དྲུག་པ་དེ་ཆགས་བསྡད་ཡོད། སྤྱི་ཟླ་༦པའི་ནང་ང་ཚོས་རྒྱུན་ལས་གསར་པར་འདེམས་རྒྱུའི་ཐད་མཛད་སྒོ་ཞིག་ཀྱང་འཚོགས་རྒྱུ་ཡིན་ཞེས་གསུངས་སོང༌།

དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་ནས་གསུང་བཤད་དང་བཀའ་སློབ་གནང་དོན། དེ་རིང་འདིར་ཨ་རིའི་བོད་མིའི་སློབ་ཡོན་ལས་གཞིའི་སློབ་ཟུར་ཚོགས་པའི་དྲ་གནས་ཤིག་དབུ་འབྱེད་བྱེད་བཞིན་ཡོད། མགྲོན་གཙོ་བོ་དེ་ང་ཤོག་ཅེས་གསུང་བྱུང༌། ཤེས་རིག་དང་འབྲེལ་བ་ཞིག་ཡོད་དུས་འགྲིག་གི་འདུག་ཅེས་ཁས་ལེན་ཞུས་པ་ཡིན། འོན་ཀྱང་ངས་འཕྲུལ་ཆས་སྐོར་དེ་འདྲ་གང་ཡང་ཤེས་ཀྱི་མེད་དུས། འཕྲུལ་ཆས་སྐོར་གང་ཡང་མི་ཤེས་མཁན་དེ་འདྲ་ཞིག་དེ་རིང་འདིར་དབུ་འབྱེད་ཐོག་བཅར་རྒྱུར་འཚེར་པོ་ཞིག་འདུག ལྷག་པར་དུ་དེའི་སྐོར་ཞིག་བཤད་དགོས་དུས་བཤད་རྒྱུ་མེད་པ་སྟོང་པ་ལྷག་བསྡད་ཀྱི་འདུག འོན་ཀྱང་དུས་ཚོད་དང་མཉམ་དུ་འགྲོ་དགོས་ཀྱི་ཡོད་དུས། དེང་སང་ཤོག་ཐོག་ཏུ་ཡི་གེ་ཞིག་བྲིས་ནས་མི་རེ་ངོ་རེར་གཏོང་རྒྱུའི་དུས་ཚོད་དེ་ཧ་ལམ་ཡོལ་བ་འདྲ་པོ་ཞིག་རེད། ཚང་མས་དྲ་རྒྱ་ཞིག་གི་ནང་འཛུལ་ནས་གནས་ཚུལ་སྒྲུབ་ཡ་དང༌། གནས་ཚུལ་ཞིག་མར་གཏོང་དགོས་པ་ཞིག་ཡིན་ནའང་གནས་ཚུལ་དེ་ཁོངས་སོ་སོའི་དྲ་རྒྱའི་ནང་བཞག་ནས་མི་ཚོས་ལྟ་རྒྱུའི་དུས་ཚོད་ཅིག་ལ་སླེབས་ཡོང་དུས། ལྷག་པར་དུ་ཨ་རིའི་སློབ་ཡོན་སློབ་ཟུར་ཚོགས་པའི་དྲ་རྒྱ་འདི་འདྲ་ཞིག་དབུ་འབྱེད་གནང་བ་དེ་སྐབས་ལ་སླེབས་པ་ཞིག་དང༌། དུས་ལ་སྨིན་པ་ཞིག་རེད་བསམས་ཀྱི་འདུག གཞན་ཡང་ད་ལྟ་གོང་དུ་གསུངས་བ་ནང་བཞིན་སློབ་ཕྲུག་མང་པོ་ཞིག་ཚུར་ཕེབས་ནས་ང་ཚོའི་བཙན་བྱོལ་སྤྱི་ཚོགས་དང་ལྷག་པར་བོད་གཞུང་ནང་ལ་ཞབས་རྗེས་ཞུ་མཁན་དེ་འདྲ་མང་པོ་ཞིག་ཡོད་པ་དེ་ཚོ་དཔེ་མི་སྲིད་པའི་ཡག་པོ་དང༌། དེ་ཚོ་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། གང་ཡིན་ཟེར་ན་ད་ལྟའི་དུས་འདིར་ང་ཚོར་མི་ཡོད་པ་རེད་དམ་ཟེར་ན་ཡོད་པ་རེད། འོན་ཀྱང་ལས་ཀའི་དགོས་མཁོ་དང་འཚམ་པའི་མི་ཞིག་འཚོལ་བ་འགྲོ་དུས་ཧ་ལམ་དཀོན་པོའི་དུས་ཚོད་ཅིག་ལ་སླེབས་བསྡད་ཡོད་པ་རེད། ལྷག་པར་དུ་ད་ལྟ་ང་ཚོའི་ཨ་རིའི་སློབ་ཡོན་ནང་ལ་ཕེབས་བསྡད་མཁན་དེ་ཚོ་ནི། སྤྱི་ཚོགས་ནང་ལ་ཡིན་ནའང་འདྲ། གཞུང་ཕྱོགས་ནས་ཡིན་ནའང་རེད། ཅིག་བྱས་ན་སོ་སོ་སྒེར་གྱི་ཐོག་ནས་དེ་ལྟ་དགོངས་ཀྱི་ཡོད་པ་རེད་བསམས་ཀྱི་འདུག ང་ཚོས་དྲག་གྲས་དེ་ཚོར་ཕུལ་གྱི་ཡོད་པ་རེད། བདམས་བདམས་དཀྲུག་དཀྲུག་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་ཁོང་ཚོ་ཕར་ཕེབས་ནས་ཉིན་རེ་ཉིན་རེའི་འཚོ་བར་མགོ་འཁོར་ནས་བསྡད་པ་དེ་སྤྱི་པའི་གྱོང་རེད་ལ། མ་ཚད་སོ་སོའི་སྒེར་ལ་མཚོན་ནའང་མི་ཚེ་རྣམ་དཔྱོད་ལྡན་པའི་ཐོག་ནས་སྐྱེལ་སྟངས་ཤིག་མ་རེད་དྲན་གྱི་འདུག རྣམ་པ་ཚོ་འདིར་ཚུར་ཕེབས་ནས་སྤྱི་ཚོགས་ནང་ཞབས་ཞུ་སྒྲུབ་བཞིན་པ་དེ་ཧ་ཅང་གི་རྩ་ཆེན་པོ་ཞིག་རེད། ༧སྐྱབས་མགོན་རིན་པོ་ཆེའི་ཞབས་རྗེས་ཡང་དེ་རེད་ལ། བཙན་བྱོལ་གཞུང་དང་མི་མང་གི་ཞབས་རྗེས་ཙམ་མ་ཟད། ཆོས་ཡང་དེ་ག་རང་ཆགས་ཀྱི་ཡོད་པ་རེད་ཅེས་གསུངས་སོང༌།
དེ་རིང་དབུ་འབྱེད་བྱས་པའི་དྲ་རྒྱ་དེའི་ཁ་བྱང་ནི་ www.tsapalumni.com རེད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།