བདག་ལས་གཞན་གཅེས་ནི་སློབ་གསོའི་རྩ་འཛིན་ཡིན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༧ཉིན། ཟླ་འདིའི་ཚེས་༣ཉིན་བཀའ་ཟུར་རྗེ་བཙུན་པདྨ་མཆོག་གིས་ཉི་ཧོང་གི་རྒྱལ་ས་ཊོ་ཁུ་ཡའོར་རྟེན་གཞི་བྱས་པའི་སའེ་ཞིན་ཇའོ་ཞིས་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་མང་ཚོགས་ལ་གསུང་བཤད་ཅིག་སྤེལ་གནང་འདུག་ལ། གཙུག་ལག་སློབ་གྲྭ་དེའི་དགེ་རྒན་ཆེན་མོ་ཨིའུ་ཞིས་ཧ་མ་ལགས་ཀྱིས་གཏམ་བཤད་ལ་གཙོ་སྐྱོང་གནང་ཡོད་འདུག

སྐུའི་གཅུང་མོ་རྗེ་བཙུན་པདྨ་མཆོག་ནི་རང་ཉིད་ཀྱི་སྐུ་ཚེ་ཧྲིལ་བོ་བཙན་བྱོལ་བོད་མིའི་ཕྲུག་གུ་གསོ་སྐྱོང་དང་ཤེས་ཡོན་སློབ་གསོ་མཁོ་སྤྲོད་ཀྱི་རླབས་ཆེ་བའི་ལས་དོན་ཐད་འབུལ་མཁན་གྱི་སློབ་གསོ་བ་ཞིག་ཡིན་པ་མ་ཟད། ཁོ་མོས་བཙན་བྱོལ་བོད་གཞུང་གི་ཤེས་རིག་བཀའ་བློན་གྱི་ལས་ཁུར་བཞེས་མྱོང་ཞིང༌། ཕྱི་ལོ་༢༠༠༦ལོར་འཛམ་གླིང་བྱིས་པའི་ཆེ་བསྟོད་གཟེངས་རྟགས་ཀྱང་འབུལ་བཞེས་གནང་བ་སོགས་གྲགས་པ་དོན་ལྡན་གྱི་མི་སྣ་ཞིག་ཡིན་པ་རེད།

བཀའ་ཟུར་རྗེ་བཙུན་པདྨ་མཆོག་གིས་བཙན་བྱོལ་བོད་ཀྱི་བོད་ཕྲུག་ཁྱིམ་སྡེའི་ནང་ཕྲུ་གུ་གསོ་སྐྱོང་དང་ཤེས་ཡོན་སློབ་གསོ་སྤྲོད་སྟངས། དེ་བཞིན་བྱམས་པ་དང་སྙིང་རྗེ་གཙིགས་སུ་འཛིན་པའི་བཙན་བྱོལ་བོད་ཀྱི་ཤེས་ཡོན་སློབ་གསོའི་ལམ་ལུགས་ངོ་སྤྲོད་མདོར་བསྡུས་ཤིག་གནང་བ་དང་སྦྲགས། བཙན་བྱོལ་བོད་ཀྱི་བདག་ལས་གཞན་གཅེས་སློབ་གསོ་མ་ལག་ཞིབ་ཕྲ་ལྡན་པའི་སྒོ་ནས་འགྲེལ་བརྗོད་གནང་ཡོད་འདུག

དེ་ཡང་བཀའ་ཟུར་རྗེ་བཙུན་པདྨ་མཆོག་གིས་ཤེས་ཡོན་སློབ་གསོའི་ཐད་འདི་ལྟར་གསུངས་ཡོད་དོན། ཤེས་ཡོན་སློབ་གསོས་ཕྲུག་གུ་རྣམས་འགྲོ་བ་མིའི་རིན་ཐང་གཙིགས་བློ་དམ་པོར་འཛིན་པའི་མི་སེར་ཡ་རབས་ཤིག་ཏུ་སྐྱེད་སྲིང་བྱེད་འོས། ཞེས་དང༌། ང་ཚོས་ཕྲུ་གུ་ཚོར་བཙན་གནོན་སྒོས་སྒྲིགས་ཁྲིམས་དང་ནང་ཆོས་ཀྱི་བསླབ་བྱ་ཁག་སྲུང་བརྩི་བྱེད་དུ་འཇུག་གིན་མེད་པར། གཞན་ཕན་དང་རོགས་སྐྱོར་སོགས་དགེ་ཕན་གྱི་ལས་སྒྲུབ་པར་ཁོ་ཚོ་རང་ཉིད་ཡིད་མོས་ཡོངས་ཐབས་ཐད་འབད་བརྩོན་གནང་གིན་ཡོད། དེ་བཞིན་ཕྲུ་གུ་རང་ཉིད་ཀྱིས་བསགས་པའི་ཉེས་སྐྱོན་ཐད་གནོང་འགྱོད་སྐྱེས་སུ་འཇུག་པ་ལས། སོ་སོ་ནི་སྤྱི་ཚོགས་ཀྱི་ཆ་ཤས་ཤིག་ཡིན་ཞིང་དེའི་འགན་ལེན་གཙང་ཁུར་བྱེད་པའི་བློ་སྟོབས་བསྐྲུན་ཐབས་འགངས་ཆེན་དུ་བརྩི་གྱིན་ཡོད། ཅེས་གསུངས་ཡོད་འདུག

ཉི་ཧོང་གི་སློབ་གྲྭ་ཆེན་མོ་བ་དང་སློབ་གསོ་མཁས་པ་སོགས་མི་གྲངས་༣༠༠ལྷག་བཀའ་ཟུར་རྗེ་བཙུན་པདྨའི་གསུང་བཤད་ལ་ཉར་པར་བཅར་ཡོད་འདུག་ལ། ཕྱི་ཚེས་༤ཉིན་བཀའ་བློན་བསྟན་པ་ཚེ་རིང་དང་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ཀྱིས་རྒྱ་རིགས་ཤེས་ལྡན་མི་སྣ་ཁག་གཅིག་དང་ཐུག་འཕྲད་ཀྱིས་བོད་དོན་སྐོར་གཞུང་འབྲེལ་མིན་པའི་བགྲོ་གླེང་ཚོགས་འདུ་ཞིག་སྐོང་ཚོགས་གནང་འཆར་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།