བུད་མེད་ལྷན་ཚོཌ་ནས་མ་འོངས་བཀའ་བློན་ཁྲི་པའི་སྐོར་ལས་འཆར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༣༡ཉིན། དེ་རིང་ཕྱི་དྲོ་དྷ་ས་བདེ་དོན་ཚོགས་ཁང་དུ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ཕྱི་ལོ་༢༠༡༡ལོར་མ་འོངས་བཀའ་བློན་ཁྲི་པའི་འོས་འདེམས་སྐོར་༼སྦྱོང་བརྡར་གྱི་འོས་བསྡུ་ལས་རིམ་༽ཞེས་པའི་མི་མང་ལ་གོ་སྟོགས་སྤེལ་བའི་ལས་གཞི་ཞིག་འགོ་འཛུགས་བྱ་འཆར་ཡོད་སྐོར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང༌།

སྐབས་དེར་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་མ་འོངས་ལས་འཆར་དེ་འདྲ་ཞིག་སྤེལ་དགོས་པའི་རྒྱུ་མཚན་དང་དགོས་དམིགས་སྐོར་ འགྲེལ་བརྗོད་གནང་དོན། དེ་རིང་འདིར་ང་ཚོ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་གསལ་འགོད་གསལ་བསྒྲགས་ཤིག་སྤེལ་དགོས་དོན་ནི། ང་ཚོས་དམིགས་ཡུལ་ཆེན་པོ་ཞིག་འགྲུབ་ཆེད་ལས་འཆར་ཞིག་འགོ་འཛུགས་རྒྱུ་ཡིན། ལས་འཆར་དེའི་མིང་ལ་༼སྦྱོང་བརྡར་གྱི་འོས་བསྡུ་ལས་རིམ་༽ཞེས་ཞུ་བཞིན་ཡོད། ལས་འཆར་དེ་འདྲ་ཞིག་ཞུ་དགོས་དོན་དེ་ང་ཚོ་སྤྱི་ལོ་ ༢༠༠༠ ལོར་ནས་བཀའ་བློན་ཁྲི་པ་དེ་མི་མང་གིས་ཐད་ཀར་འོས་འདེམས་བྱེད་པའི་འགོ་ཞིག་བརྩམས་ཡོད་པ་དང༌། ད་ལྟའི་བཀའ་བློན་ཁྲི་པའི་དུས་ཡུན་དེ་ཡང་རྫོགས་ལ་ཉེ་བ་རེད། དེ་འདྲ་ཡིན་དུས་ཐོག་མ་དེར་ང་ཚོས་ལས་འཆར་དེའི་རྒྱབ་ལྗོངས་གསལ་པོ་བཟོ་རྒྱུ་ཞིག་ལ་བཀའ་བློན་ཁྲི་པའི་འོས་གཞི་འདོན་རྒྱུ་དེ་ང་ཚོས་གནད་འགག་ཞིག་ཏུ་ཞུ་བཞིན་མེད། མང་གཙོའི་ལམ་ལུགས་ཀྱི་ཐོག་ནས་རྒྱ་ཆེ་མང་ཚོགས་ཀྱི་ངོས་ནས་ཐུགས་འགན་རྐང་བཞེས་ཐོག འོས་ཤོག་བླུགས་རྒྱུ་དེ་ནི་མང་ཚོགས་ཀྱི་འགན་དབང་ཆེ་ཤོས་ཅིག་ཡིན་དུས་སོ་སོས་མི་སུ་ཞིག་ལ་བསལ་བློ་གཏོང་གི་ཡོད་པ་དེ་བཞིན་དུ་འོས་ཤོག་ཏག་ཏག་ཅིག་བླུགས་ཐུབ་པའི་ཆེད་དུ། ལས་འཆར་དེའི་ཐོག་ནས་ཟབ་སྦྱོང་དང་གོ་རྟོགས་སྤེལ་རྒྱུ་ཡིན།

ཕྱི་ལོ་༢༠༡༡ཟླ་༨པའི་ནང་ད་ལྟའི་བཀའ་བློན་ཁྲི་པའི་དུས་ཡུན་རྫོགས་ཉེའི་མཚམས་སུ་སླེབས་ཀྱི་ཡོད་པ་དང༌། དེའི་སྔོན་ལ་ང་ཚོས་བཀའ་བློ་ཁྲི་པ་དེ་གསར་དུ་འདེམས་བསྒྲུབ་དགོས་པ་ཞིག་ཆགས་བསྡད་ཡོད་པ་རེད། བཀའ་བློན་ཁྲི་པ་དེ་ཡང་༧གོང་ས་ཡིད་བཞིན་ནོར་བུའི་རླབས་ཆེན་གྱི་དགོངས་པ་རྟོགས་ཐུབ་མཁན་དང༌། བོད་མིའི་ཆོས་དང་རིག་གཞུང་ལ་རྒྱུས་མངའ་ཧ་ཅང་ཆེན་པོ་ཡོད་པ། དེ་བཞིན་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་མང་གཙོའི་ལམ་སྲོལ་ལ་རྒྱུས་མངའ་དང་ཡིད་ཆེས་བརྟན་པོ་ཡོད་མཁན། མིའི་ཀུན་སྤྱོད་བཟང་པོ་ཡོད་པ་གང་ཞིག་ལ་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་མེད་མཁན། ཕྱི་ནང་སུས་བལྟས་པ་ཡིན་ནའང་དང་བ་འདྲེན་ཐུབ་མཁན། གཞན་ཡང་བོད་དང་རྒྱ་ནག་གཙོས་པའི་རྒྱ་གར་དང་རྒྱལ་སྤྱིའི་ཆབ་སྲིད་ལ་ཐུགས་རྒྱུས་ཡོད་མཁན། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཕྱི་ནང་ཚང་མར་འབྲེལ་བ་གནང་ཐུབ་མཁན། མ་མཐར་ཡང་ང་ཚོར་དེ་འདྲ་ཞིག་ཡོད་མཁན་ཞིག་དགོས་ཀྱི་ཡོད་དུས་དེའི་ཐོག་ལ་ང་ཚོས་འདས་པའི་ཉམས་མྱོངས་ཐོག་ནས་ཡིན་ནའང་རེད། ད་ལྟར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ལས་འཆར་འདི་ཞུ་དགོས་པའི་རྒྱུ་མཚན་ཅིག་ཞུས་པ་ཡིན་ན། གཅིག་ནི་བོད་ནང་གི་གནས་སྟངས་དེ་ཉིན་རེ་བཞིན་དུ་ཛ་དྲགས་ཏུ་འགྲོ་བཞིན་ཡོད་པ་རེད། གཉིས་ནི་བོད་ནང་ཡོད་པའི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ཐད། ཆབ་སྲིད་ཀྱི་ཐོབ་ཐང་དང་ཤེས་ཡོན་གྱི་ཐོབ་ཐང་སོགས་ཐོབ་ཐང་དེ་ཚོ་ཚང་མ་རག་ཐབས་སུ་ང་ཚོ་འདིར་བཙན་བྱོལ་ལ་ཡོད་པའི་བོད་མི་རྩམ་གཟན་ཡོད་དོ་ཅོག་ལ་འགན་ཞིག་ཁྲི་བཞིན་ཡོད་པ་བཅས་ཛ་དྲག་གི་གནས་སྟངས་ཆགས་བསྡད་ཡོད་པ་དེ་དང༌། གཉིས་ནས་འདས་པའི་ཉམས་མྱོང་གི་ཐོག་ལ་ཞུས་པ་ཡིན་ནའང་བཀའ་བློན་ཁྲི་པའི་འོས་བསྡུ་དང་འབྲེལ་བའི་མིང་གཞུང་དེབ་བཀོད་བྱུང་བ་དེ་ལས་ཀྱང་འོས་ཤོག་དངོས་སུ་བླུགས་མཁན་དེའི་བརྒྱ་ཆ་དེ་ཧ་ཅང་གི་ཉུང་ཉུང་ཆགས་བསྡད་ཡོད་པ་རེད།

ཉེ་བའི་ཆར་ང་ཚོ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་དཔེ་མཚོན་ཙམ་ཞིག་ཞུས་པ་ཡིན་ན། རྩ་བའི་ང་ཚོའི་གྲོས་ཆོད་ཐོག་ལ་ཡིན་ནའང་ཡོད་པ་རེད། མང་གཙོ་ལམ་ལུགས་ཐོག་ནས་ཡིན་ནའང་རེད། སྒྲིག་གཞི་དང་དེ་དག་ཚང་མ་མི་མང་གི་ཐོག་ལ་གོ་རྟོགས་སྤེལ་དགོས་པ་དང༌། དེ་དང་འབྲེལ་བའི་ཐོག་ནས་ང་ཚོའི་ད་ལྟ་ལས་གཞི་འདི་དུས་དང་འཚམ་པའི་ཐོག་ནས་རྒྱ་ཆེ་མི་མང་གི་དོ་འཁུར་ཆེན་པོ་ཞིག་གནང་ཐུབ་པའི་ཆེད་དུ་ལས་འགུལ་འདི་བརྩམས་པ་ཡིན། དེ་ནས་ང་ཚོའི་འདས་པའི་ཉམས་མྱོངས་ཐོག་ནས་ད་ལྟ་ངས་སྔོན་དུ་ཞུས་པ་ནང་བཞིན་བཀའ་བློན་ཁྲི་པ་འདེམས་དུས་འོས་ཤོག་དངོས་སུ་བླུགས་མཁན་དེ་བརྒྱ་ཆ་ཉུང་ཉུང་ཞིག་ཆགས་བསྡད་ཡོད་པ་རེད། ང་ཚོ་བཙན་བྱོལ་གྱི་སྤྱི་ཚོགས་ནང་ལ་བོད་མི་ཆིག་འབུལ་ལྔ་ཁྲི་ཙམ་ཞིག་ཡོད་པ་རེད། དེའི་ནང་ལ་བོད་མི་ཆིག་འབུལ་ཉིས་ཁྲི་ཙམ་ཞིག་གིས་ངེས་པར་དུ་ཆ་ཤས་བླངས་དགོས་པ་རེད། འོན་ཀྱང་ག་ཚོད་ཙམ་ཞིག་དགོས་པ་དེ་ཙམ་ཞིག་ང་ཚོས་ཞུ་ཐུབ་ཀྱི་མེད་པ་ཞིག་ཆགས་བཞིན་ཡོད་པ་རེད། དེ་ཚོའི་ཉམས་མྱོང་གཞིར་བཞག་ཐོག་ནས་ང་ཚོའི་ཚོགས་པའི་ངོས་ནས་ཡར་རྒྱས་གང་འདྲ་ཞིག་གཏོང་དགོས་ཀྱི་འདུག མི་མང་ལ་གོ་རྟོགས་གང་འདྲ་ཞིག་སྤེལ་དགོས་ཀྱི་འདུག དེ་ཚོ་ཐོག་ལ་ང་ཚོས་འགན་འཁུར་རྐང་བཞེས་ཞུ་བཞིན་པ་ཆགས་བསྡད་ཡོད། གཉིས་ནས་ང་ཚོས་འོས་གཞི་བཏོན་དགོས་པ་ནི་དེ་ཙམ་གྱི་གལ་གནད་ཞིག་ཏུ་མཐོང་གི་མི་འདུག དེ་ལས་རྒྱ་ཆེ་མི་མང་ཚོའི་ངོས་ནས་ཐེངས་འདིར་བཀའ་བློན་ཁྲི་པ་དང་སྤྱི་འཐུས་གཉིས་ཀ་སྔར་ལས་ལྷག་པའི་སོ་སོས་བསམ་པ་ནང་བཞིན་སོ་སོའི་ཐོབ་ཐང་དེ་དེའི་ཐོག་ཏུ་བེད་སྤྱོད་གཏོང་ཐུབ་པ་ཞིག་ཆགས་པའི་ང་ཚོས་འགན་འཁུར་དང་དམ་བཅའ་བསྟན་པོ་ཐོག་ནས་ལས་འཆར་དེ་ཞུ་རྒྱུ་ཡིན་ཞེས་གསུངས་སོང༌།

གཞན་ཡང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཡིག་ཐོག་གསལ་བསྒྲགས་སྤེལ་བའི་ནང༌། ཕྱི་ལོ་ ༢༠༠༠ ལོར་བཙན་བྱོལ་སྤྱི་ཚོགས་ཀྱི་མི་ལོ་བཞི་བཅུའི་མང་གཙོའི་ལོ་རྒྱུས་ནང་མང་ཚོགས་ནས་བཀའ་བློན་ཁྲི་པའི་འོས་འདེམས་ཐད་ཀར་བྱ་རྒྱུའི་གོ་སྐབས་བསྐྲུན་པ་ནི་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོའི་ཡང་དག་པའི་ཐགགཅོད་ཏུ་ངོས་འཛིན་ཞུ་བཞིན་ཡོད་ལ། དེ་ནི་ལོ་རྒྱུས་རང་བཞིན་ནམ་ཁྱད་དུ་འཕགས་པའི་ཐག་གཅོད་ཅིག་དང་བཙན་བྱོལ་བོད་མིའི་ལས་དབང་དང་ཡོངས་སུ་འཚམས་པའི་མཛད་ཐབས་ཤིག་ཡིན། དེར་བརྟེན་བཀའ་བློན་ཁྲི་པའི་འོས་འདེམས་ཀྱི་འགན་བབ་དང་གོ་སྐབས་ནི་བོད་མི་རང་ཉིད་ལ་རགས་ལུས་ཀྱི་ཡོད་ལ། དེ་དག་གིས་ཆེད་མངགས་རྒྱལ་སྤྱིའི་ནང་གནས་ཆགས་བོད་པའི་སྤྱི་ཚོགས་ཀྱི་འགན་འཁུར་མཉམ་ལེན་བྱེད་རྒྱུའི་དུས་ཚོད་ལ་སླེབས་ཡོད། མི་མངགི་འོས་འདེམས་ཀྱི་ལམ་ལུགས་དེ་དག་གིས་བཙན་བྱོལ་སྤྱི་ཚོགས་ཡང་དག་པའི་མང་གཙོའི་ལམ་ཕྱོགས་ཏུ་བསྐྱོད་རྒྱུར་ར་སྤྲོད་བྱེད་ཐུབ། ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༨ ནང་ད་ཡོད་བཀའ་ཁྲིའི་དུས་ཡུན་རྫོགས་ངེས་ལ་བརྟེན། ཕྱི་ལོ་ ༢༠༡༡ བཀའ་བློན་ཁྲི་པའི་འོས་འདེམས་དེ་བཞིན་ལོ་རྒྱུས་རང་བཞིན་དང་གལ་འགངས་ཆེ་ཤོས་ཡིན་པའི་ཐད་གཤམ་དུ་རྒྱུ་མཚན་གསུམ་གི་སྟེང་ནས་བཀོད་ཡོད།

༡། བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་གི་ཡོད་ལ། ཁོང་ཚོ་དེ་ལྟ་བུའི་ཛ་དྲག་གི་གནས་སྟངས་ལས་སྐྱབས་རྒྱུའི་འོས་འགན་ཡོད།
༢། བོད་ནང་ཡོད་པའི་ང་ཚོའི་གཅེན་གཅུང་ཚོས་ཀྱང་གནད་དོན་དེར་ངོས་འཛིན་ཆོག་པའི་འགན་དབང་དང་ཐོབ་ཐང་ཡོད་ཅིང༌། ཁོང་ཚོས་དེ་དག་ནི་རང་དབང་གི་གོང་བུ་ཞིག་ཏུ་བརྩིས་བཞིན་ཡོད་སྟབས། ང་ཚོས་བོད་མིའི་ཡང་དག་པའི་མང་གཙོའི་ལམ་སྲོལ་དེའི་དགེ་མཚན་དག་ཁོང་ཚོ་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་གསལ་སྟོན་བྱེད་དགོས།
༣། དེ་སྔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་འོས་ཤོག་བརྒྱ་ཆ་ ༩༠།༧༢ དང༌། འོས་གྲངས་ ༢༩༢༡༦ ཐོབ་ཡོད། དེར་བརྟེན་བཀའ་བློན་ཁྲི་པ་ཕུལ་དུ་བྱུང་བ་ཞིག་འདེམས་དགོས་པ་ནི་ང་ཚོར་འཁྲི་བའི་དུས་རབས་ཀྱི་འགན་འཁྲི་ཞིག་ཡིན། ཕྱི་ལོ་ ༢༠༡༡ ལོའི་བཀའ་བློན་ཁྲི་པའི་འོས་འདེམས་ལ་འོགག་རྐྱེན་ཆེ་ཤོས་གསུམ་འཕྲད་སྲིད་ངེས་ཡིན།
༡། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་བཟོ་སྐྲུན་ཞུས་པའི་བཀའ་ཁྲིའི་འོས་འདེམས་དང་འབྲེལ་བའི་དངོས་ཡོད་རང་བཞིན་གྱི་(Are We Ready-2011)ཞེས་པ་འི་གློག་བརྙན་སྐར་མ་བརྒྱད་ཅན་དེའི་ནང་མི་མང་ནང་ད་དུང་ཡང་དེ་འབྲེལ་མཁྱེན་རྟོགས་མེད་པ་མང་དག་ཅིག་ཡོད་པ་ཁ་གསལ་ར་སྤྲོད་བྱུང་ཡོད་སྟབས། མི་མང་ལ་དེ་འབྲེལ་གོ་རྟོགས་གང་མངསྤེལ་དགོས་ཀྱི་ཡོད།
༢། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོད་དཔག་ནང་བཙན་བྱོལ་བོད་མི་གྲངས་འབོར་ ༡༥༠༠༠༠ ཡོད་པའི་ནང་ནས་མི་གྲངས་ ༡༢༠༠༠༠ ལྷག་འོས་ཤོག་འཕེན་ཆོག་པ་ཆགས་ཀྱི་ཡོད་ཀྱང༌། ཕྱི་ལོ་ ༢༠༠༦ ལོའི་བཀའ་ཁྲི་འོས་འདེམས་སྐབས་འོས་ཤོག་འཕེན་ཆོག་པའི་མི་གྲངས་ཁྲོད་ནས་བརྒྱ་ཆ་ ༢༦།༨ ནས་མ་གཏོགས་འོས་འཕེན་ནང་བཞུགས་མེད། ད་དུང་དེབ་སྐྱེལ་བྱེད་མཁན་ནང་ནས་བརྒྱ་ཆ་ ༤༤།༥ ཡིས་མ་གཏོགས་དངོས་གཞིའི་འོས་འཕེན་གྱི་ཆ་ཤས་བླངས་མེད།
༣། ད་ལྟ་བཀའ་ཁྲིའི་འོས་འདེམས་ལ་ཉེ་བར་ལོ་གཅིག་ཙམ་ལས་མེད་ནའང༌། ད་དུང་འབྲེལ་ཡོད་གང་ཟག་སུ་འདྲ་ཞིག་གིས་ཀྱང་འོས་མིར་དྭངས་བླང་གི་ཁས་ལེན་གནང་མཁན་བྱུང་མེད་ལ། དེ་ལ་སྨིན་པའི་འདུན་པའང་བཅངས་ཀྱི་མེད་ཚོད།

དེར་བརྟེན་གོང་གི་འགོག་རྐྱེན་དེ་དག་དམིགས་ཏེ་བོད་ཀྱི་བུད་མེད་ལྷན་ཚོགས་ནས་བཀའ་ཁྲིའི་འོས་འདེམས་དེ་དག་ལམ་ལྷོང་ཡོང་རྒྱུར་འཅར་ལྡན་གྱི་ཐབས་ཇུས་ཁག་གསུམ་གསལ་སྟོན་ཞུས་ཡོད།

༡། མི་མང་ནང་ཐད་ཀར་གོ་རྟོགས་སྤེལ་ཆེད་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ས་གནས་ཁག་ཚང་མའི་ནང་ལས་གཞི་ཞིག་དབུ་འཛུགས་བྱ་རྒྱུ་ཡིན། དེ་ཡང་བཀའ་ཁྲིའི་སྔོན་འགྲོའི་འོས་འདེམས་མ་བྱུང་གོང་ནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཕྱི་ལོ་༢༠༡༠ཕྱི་ཟླ་༧ནས་ཕྱི་ལོ་༢༠༡༠ཟླ་༦བར་དབུས་རྒྱུན་རྣམས་ནས་རྒྱ་གར་དང་བལ་ཡུལ་ཁག་གི་ས་གནས་ཁག་སུམ་ཅུ་སོ་དྲུག་ཏུ་བཀའ་ཁྲིའི་འོས་འདེམས་འབྲེལ་བའི་གོ་རྟོགས་སྤེལ་རྒྱུ་དང༌། ཕྱི་རྒྱལ་དུ་གནས་འཁོད་ཕྱོགས་ཞུགས་རྒྱུན་ལས་རྣམས་ནས་ཀྱང་སོ་སོའི་ཁྱབ་ཁོངས་ཀྱི་ས་གནས་བཅུ་དྲུག་རྣམས་སུ་དེ་འབྲེལ་གོ་སྟོགས་ཀྱི་ལས་གཞི་སྤེལ་རྒྱུ་ཡིན།

༢། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་ཁང་དང༌། ས་གནས་ཁག་ནས་འདི་ལོའི་འཁྲུངས་སྐར་དུས་ཆེན་ཉིན་རྒྱ་ཆེའི་མང་ཚོགས་ནས་སོ་སོའི་བཀའ་ཁྲིའི་འོས་མི་འོས་འདེམས་བྱ་རྒྱུ་ཡིན་ཞིང༌། དེ་དག་ཕྱོགས་ལྷུངས་སུ་མ་འགྲོའི་ཆེད་དུ་བུད་མེད་ལྷན་ཚོགས་ནས་འོང་མི་དམིགས་འཛུགས་བྱེད་རྒྱུ་མིན། དེ་ཡང་འོས་འཕེན་མཁན་རང་ཉིད་ནས་རང་གི་འོས་མི་སུ་བཏོན་ཡིན་ལ། རྒྱུད་རིམ་དེ་དག་ལས་ཡོང་རྒྱུའི་སྒྲུབ་འབྲས་ནི་འདི་ལོའི་ཟླ་༧ཟླ་དཀྱིལ་དུ། མཱ་ན་ལིར་འཚོགས་རྒྱུའི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་སྐབས་བཅུ་པར་གསལ་བསྒྲགས་བྱ་རྒྱུ་ཡིན།

༣། འོས་འདེམས་དཻ་དག་གི་རྒྱུད་རིམ་ལས་བྱུང་བའི་འོས་ཐོན་རྩེ་ཕུད་བཅུ་འདེམས་སྒྲུབ་བྱས་ཏེ་བརྙན་འཕྲིན་གྱི་རྒྱུད་ལམ་བརྒྱུད་འདི་ལའི་མང་གཙོའི་དུས་ཆེན་ཐེངས་༥༠ སྐབས་ས་གནས་བེལ་ཀོབ་ཏུ་བགྲོ་གླེང་ཞིག་གོ་སྒྲིག་ཞིག་ཞུ་རྒྱུ་ཡིན། ལས་གཞི་དེས་བཀའ་ཁྲིའི་འོས་འདེམས་ཀྱི་བརྒྱུད་རིམ་དང་འོས་མི། གནད་དོན་བཅས་ལ་དོ་སྣང་གནང་རྒྱུར་ཕན་རླབས་བསྐྲུན་ངེས་མ་ཟད། ལས་འགུལ་དེ་རིགས་ངེས་ཅན་རང་བཞིན་དང་ཚད་འཛིན་རང་བཞིན། བྱ་གཞག་རང་བཞིན། དངོས་ཡོད་རང་བཞིན། དུས་ཐོག་ཐང་བཞིན་བཅས་ཡིན་པ་ནི། དེ་ཡང་ ༢༠༡༠ ལོའི་བཀའ་ཁྲིའི་ལོས་འདེམས་སྔོན་འགྲོ་དང་དངོས་གཞིའི་སྐབས་འོས་འཕེན་གྱི་གྲངས་འབོར་བརྒྱ་ཆ། ༧༥ ཡར་བརྒལ་ཐུབ་པར་ཤུགས་སྣོན་རྣམས་མང་ཚོགས་ཁྲོད་མངོན་གསལ་དོད་པོ་ཆགས་རྒྱུ། དེ་བཞིན་གསར་གཏོད་ཀྱི་ངོ་བོ་ལྡན་པའི་བརྙན་འཕྲིན་རྒྱུད་ལམ་ནས་འོས་མི་རྣམས་དང་བགྲོ་གླེང་བྱ་རྒྱུ། ས་གནས་ཁག་བཞི་བཅུ་ཞེ་གཅིགཧ་ནས་མི་མང་སོ་སོ་སྒེར་ངོས་ནས་འོས་འཕེན་བྱེད་རྒྱུའི་གོ་སྐབས་སྤྲོད་རྒྱུ། ཚོད་བལྟའམ་སྦྱོང་བརྡར་གྱི་འོས་བསྡུ་དང་བགྲོ་གླེང་གཉིས་ཀ་དུས་ཡུན་ཟླ་བ་གཉིས་ནང་ཚུད་སྟེ། ཕྱི་ཟླ་ ༧ ནས་ ༩ ནང་སྒྲུབ་ཐུབ་པ་བྱེད་རྒྱུ་སོགས་ཡིན།

བོད་ཀྱི་བུད་མེད་ལྷན་ཚོགས་ནས་རང་ཉིད་ཀྱི་སྨྲ་བརྗོད་རང་དབང་དང་འོས་བསྡུའི་ཐོབ་ཐང་གཉིས་པོ་ནི་བོད་མིའི་འཚེ་མེད་ཞི་བའི་མངོན་ཚུལ་ཞིག་ཡིན་པའི་ཐད་ལངས་ཕྱོགས་སྲ་བརྟན་ཡིན། དེ་ལྟ་བུའི་ལས་གཞི་དེས་བུད་མེད་ལྷན་ཚོགས་ལ་སྔར་ལས་ལྷག་པའི་སྙིང་སྟོབས་དང༌། བཙན་བྱོལ་གྱི་རང་དབང་ལོངས་སྤྱོད་བྱེད་རྒྱུར་བསྐུལ་འདེད་གཏོང་གི་འདུག

མཐའ་དོན། བོད་ཀྱི་བུད་མེད་ལྷན་ཚོགས་ནས་འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་ཀྱི་བོད་མི་ཡོད་དོ་ཅོག་གིས་ང་ཚོའི་བཀའ་བློན་ཁྲི་པའི་ལས་གཞི་འདིར་དོ་སྣང་སྤྲོད་པ་དང༌། གོ་རྟོགས་སྤེལ་བ། དངོས་སུ་འཛུལ་བཞུགས་གནང་རྒྱུའི་འབོད་སྐུལ་ཞུ་གི་ཡིན་ཞེས་བཀོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།