བལ་ཡུལ་དུ་བོད་མི་ཞི་རྒོལ་བ་༡༨གློད་བཀྲོལ་བྱུང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༢༩ཉིན། ད་ལོའི་གསུམ་བཅུའི་དུས་དྲན་ཉིན་བལ་ཡུལ་དུ་རྒྱ་རྒོལ་གྱི་ལས་འགུལ་སྤེལ་རྐྱེན་འཛིན་བཟུང་བཙོན་འཇུག་ཐེབས་པའི་བོད་མི་ཞི་རྒོལ་བ་དག་ལས་༡༨དེ་རིང་གློད་བཀྲོལ་ཐོབ་ཡོད་འདུག

དེ་ཡང་གསུམ་བཅུའི་དུས་དྲན་ཐེངས་ང་གཅིག་པའི་ཉིན་བལ་ཡུལ་གནས་སྡོད་བོད་མི་སྐྱབས་བཅོལ་བ་༢༥ལྷག་གིས་ཡུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་ཕྱིར་བསྐྱོད་ལག་ཁྱེར་ལས་ཁུངས་སུ་མཆོངས་རྒོལ་བྱེད་རྩིས་བྱས་པར། བལ་ཡུལ་ཉེན་རྟོག་དམག་མིས་ཞི་རྒོལ་བ་ཡོངས་དམངས་ཀྱི་བདེ་འཇགས་ལ་ཉེན་ཚབས་སྤྲད་པའི་ཉེས་འཛུགས་འོག་འཛིན་བཟུང་གིས་ཉིན་གྲངས་༩༠རིང་ལ་བཙོན་འཇུག་བཀག་ཉར་བྱ་རྒྱུའི་བཀའ་རྒྱ་བཏང་འདུག་མོད། བདུན་ཕྲག་སྔོན་མའི་ནང་བཙོན་འཇུག་བཀག་ཉར་བྱས་པའི་བོད་མི་གསུམ་གྱི་ནག་ཉེས་ཁུངས་སྐྱེལ་དག་འབུད་བྱེད་མ་ཐུབ་པར་གློད་བཀྲོལ་བྱས་འདུག་ལ། དེ་རིང་ཡང་བོད་མི་༡༨ལྷག་དམངས་ཀྱི་བདེ་འཇགས་ལ་ཉེན་ཚབས་མེད་པའི་དཔྱད་ཞིབ་འོག་བཙོན་ནས་གློད་ཡོད་འདུག

བལ་ཡུལ་གྱི་རྒྱལ་ས་ཀ་ཐི་མན་ཊུའི་ས་གནས་སྤྱི་ཁྱབ་དཔོན་གྱིས་ཡུལ་དེའི་རེ་ཕ་བྷི་ལེས་ཀ་ཞེས་པའི་གསར་ཁང་གི་གསར་འགོད་པར། དེ་རེས་གཟའ་ཟླ་བའི་ཉིན་སྐོང་འཚོགས་བྱས་པའི་ཀ་ཐི་མན་ཊུ་ས་གནས་བདེ་སྲུང་ལྷན་ཁང་གི་ཚོགས་འདུའི་ཐོག བཙོན་འཇུག་བྱས་པའི་བོད་མི་དེ་རྣམས་དམངས་ཀྱི་བདེ་འཇགས་ལ་ཉེན་ཚབས་མེད་པའི་དཔྱད་ཞིབ་འོག་གློད་བཀྲོལ་དགོས་པའི་ཐག་གཅོད་བྱུང་བ་རེད། ཅེས་འགྲེལ་བརྗོད་བྱས་ཡོད་འདུག 

གཞན་ཡང་བཙོན་བཀྲོལ་ཐོབ་མ་ཐག་པའི་ནོར་བུ་རྡོ་རྗེ་ལགས་ཀྱིས་ཨེ་ཕི་གསར་ཁང་གི་གསར་འགོད་པར། ང་ཚོས་མུ་མཐུད་དུ་རྒྱ་གཞུང་ལ་རྒོལ་པའི་འཚེ་མེད་ཞི་བའི་ལས་འགུལ་སྤེལ་སྟེ་རྒྱ་གཞུང་གིས་ྋགོང་ས་མཆོག་དང་ལྷན་དུ་གྲོས་མོལ་བྱེད་དགོས་པའི་དགོས་འདུན་འདོན་རྒྱུ་ཡིན། ཞེས་བརྗོད་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།