ཕྱི་གསལ་ནང་གསལ་དང་ལབ་རྒྱུ་གླེང་རྒྱུ་ཉུང་ཙམ་དགོས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༢༩ཉིན། ཟླ་འདིའི་ཚེས་༢༧ཉིན་བཞུགས་དྷ་རམ་ས་ལ་ནོར་གླིང་བོད་ཀྱི་རིགས་གཞུང་གཅེས་སྐྱོང་ཁང་གི་ཉེ་འཁྲིས་སུ་ཡོད་པའི་བོད་ཕྲུག་དབང་པོ་སྐྱོན་ཅན་ལག་ཤེས་སྦྱོང་བརྡར་སློབ་གཉེར་ཁང་༼སྙིང་སྟོབས་གླིང་༽དུ་གསར་འགོད་པ་སྐོང་ཚོགས་གནང་སྟེ། སྙིང་སྟོབས་གླིང་དེ་ཉིད་འཛུགས་པའི་བརྒྱུད་རིམ་སོགས་ངོ་སྤྲོད་དང་འགྲེལ་བརྗོད་གནང་ཡོད་པ་རེད།

སྔ་ལོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཁམས་སྤྲུལ་རིན་པོ་ཆེའི་དགོན་པར་ཆིབས་བསྒྱུར་གནང་སྐབས། དེ་དང་སྟབས་བསྟུན་ནས་སྙིང་སྟོབས་གླིང་དུ་ཞབས་སོ་བཀོད་དེ་གང་ཉིད་ཀྱིས་གནད་དོན་གང་དང་གང་ཞིག་ཡིན་རུང་ཕྱི་གསལ་ནང་གསལ་དང༌། ལབ་རྒྱུ་གླེང་རྒྱུ་ཉུང་ཙམ་དགོས་པའི་སྐོར་བཀའ་སློབ་གནང་བར་བཅས་ལ་བརྟེན། ཐེངས་འདིར་ཕྱི་གསལ་ནང་གསལ་ཡོང་ཆེད་གསར་འགོད་པ་ཚོ་ཆེད་དུ་འབོད་འགུག་གནང་བ་ཞིག་རེད་འདུག

སྐབས་དེར་བོད་མི་མང་སྤྱི་འཐུས་དང་༼སྙིང་སྟོབས་གླིང་༽གསར་འཛུགས་གནང་མཁན་དང་འགན་འཛིན་གཅིག་ལྕོགས་ངག་དབང་ལྷ་མོ་ལགས་ཀྱིས་འདས་པའི་མི་ལོ་བཅུ་ཙམ་གྱི་རིང་ལ་སྙིང་སྟོབས་གླིང་དེ་འཛུགས་པ་ནས་དཀའ་ངལ་དང་ཡར་རྒྱས་སོགས་ཀྱི་བརྒྱུད་རིམ་ཆ་ཚང་ངོ་སྤྲོད་གནང་དོན།

དེ་རིང་འདིར་རྣམ་པ་ཚོར་དུས་ཚོད་ཐུང་ཐུང་ཅིག་གི་ནང་ལ་ཕེབས་རོགས་གྱིས་ཞེས་ཞུས་པ་དེར་འདི་འདྲ་ཕེབས་ཐུབ་པ་ཐུགས་རྗེ་ཆེ། ང་ཚོའི་ངོས་ནས་དེ་ཙམ་གྱི་བྱེད་ཐུབ་པ་ཞིག་གང་ཡང་ཡོད་པ་མ་རེད། འོན་ཀྱང་ཁྱེད་རྣམ་པ་འདིར་ཕེབས་པ་ཙམ་གྱི་ང་ཚོར་སེམས་ཤུགས་དེ་འདྲ་འཕར་གྱི་འདུག ཐེངས་འདིར་དུས་ཚོད་ཉུང་ཉུང་ཅིག་གི་ནང་ལ་ཞུ་རྒྱུ་གཙོ་བོ་དེ། སློབ་གྲྭ་འདི་ཐོག་མར་གང་འདྲ་བྱས་ནས་བཙུགས་ཡོད་མེད་དང༌། དཀའ་ངལ་གང་འདྲ་ཡོད་མེད། དེ་བཞིན་པུ་གུ་ག་ཚོད་ཡོད་མེད་དང་ལས་བྱེད་ག་ཚོད་ཡོད་མེད་སོགས་དང༌། གལ་ཆེ་ཤོས་དེ་ན་ནིང་འདིར་༧རྒྱལ་བ་རིན་པོ་ཆེ་ཆིབས་བསྒྱུར་གནང་བ་རེད། སྤྱིར་སྟངས་ང་རང་སྤྱི་འཐུས་ཅིག་ཡིན་པའི་ངོས་ནས་མི་ཚོས་༧རྒྱལ་བ་རིན་པོ་ཆེ་ངེས་པར་དུ་གདན་འདྲེན་ཞུ་དགོས་པ་རེད་ཅེས་ཟེར་གྱི་ཡོད་པ་རེད་དེ། ངས་དོན་དག་ཆུང་ཆུང་འདི་འདྲ་ཞིག་ལ་ཁོང་ཉིད་གདན་འདྲེན་རྩ་བ་ནས་ཞུ་རྒྱུ་མིན། གང་ཡིན་ཟེར་ན། ངས་སྤྱི་འཐུས་ནང་ལ་༧རྒྱལ་བ་རིན་པོ་ཆེ་བའི་མཛད་འཕྲིན་མང་དྲགས་ཀྱི་འདུག ག་ས་ག་ལ་དོན་དག་ཆུང་ཆུང་ཞིག་ལ་༧རྒྱལ་བ་རིན་པོ་ཆེ་གདན་འདྲེན་ཞུ་རྒྱུ་མི་འདུག་ཅེས་ཟེར་བཞིན་ཡོད་ཅེས་བཤད་པ་ཡིན།

འོན་ཀྱང་ན་ནིང་འདིར་༧གོང་ས་མཆོག་ཁམས་སྤྲུལ་རིན་པོ་ཆེའི་དགོན་པར་ཕེབས་ཡོང་དུས་འདིར་ལམ་ཁར་ཁེལ་བསྡད་ཡོད་དུས་༧རྒྱལ་བ་རིན་པོ་ཆེ་སློབ་གྲྭའི་ནང་ལ་ཕེབས་རྒྱུ་ཡོང་གི་མ་རེད་དེ། འགྲམ་དུ་ཐང་སྟེང་དུ་ཡུན་ཙམ་བཞུགས་ནས་དེའི་ཞོར་དུ་སློབ་གྲྭར་བྱིན་རླབས་ཤིག་གནང་རྒྱུ་ཡོང་གི་རེད་བསམས་བྱུང༌། དེ་འདྲའི་བཀའ་འདྲི་ཞིག་ཞུས་དུས། ཧ་ལས་དགོས་པ་ཞིག་ལ་༧རྒྱལ་བ་རིན་པོ་ཆེས་དེ་གང་ཡང་ཡོད་པ་མ་རེད་ཉིན་ཞིག་མར་ལ་འགྲོ་གསུངས་ཀྱི་འདུག་ཟེར། འོན་ཀྱང་དེའི་སྐབས་སུ་ང་ཚོར་འཆར་གཞི་གཅིག་ཀྱང་ཡོད་པ་མ་རེད་ལ། དངངས་སྐྲག་ཆེན་པོ་ལངས་བྱུང༌། གང་ཡིན་ཟེར་ན་གཅིག་ནི་གྲ་སྒྲིག་དང་གཉིས་ནི་ངས་དུས་རྒྱུན་གྲོས་ཚོགས་ནང་ལའང་དེ་འདྲའི་གདན་འདྲེན་ཞུ་རྒྱུ་མི་འདུག་ཟེར་གྱི་ཡོད་པ་རེད། དེ་ནས་ཁོང་ཚོས་ཟེར་ཡ་ལ་༧རྒྱལ་བ་རིན་པོ་ཆེ་འདིར་ཕེབས་ནས་གཞན་མཛད་རིམ་ཟེར་བ་གང་ཡང་ཡོད་པ་མ་རེད། ཁྱོན་སྐར་མ་༡༥ལས་བཞུགས་ཀྱི་མ་རེད་ཟེར་གྱི་འདུག ངའི་སེམས་ནང་ལ་གྲ་སྒྲིག་ངེས་པར་དུ་བྱེད་དགོས་ཀྱི་འདུག གལ་སྲིད་༧རྒྱལ་བ་རིན་པོ་ཆེས་འདིར་ཡུན་ཙམ་བཞུགས་ཀྱི་ཡིན་ཟེར་ན་ཁོང་ཚོས་བཀག་ཐུབ་ཀྱི་མ་རེད་བསམས་ནས་གཙང་སྒྲ་དང་ཚོགས་ཁང་ནང་ལ་གྲ་སྒྲིག་བྱས་པ་ཡིན། ༧རྒྱལ་བ་རིན་པོ་ཆེ་འདིར་ཕེབས་ནས་ས་ཆ་དེ་ཚོ་ཆ་ཚང་ལ་གཟིགས་སོང༌། འོན་ཀྱང་དེའི་སྐབས་སུ་ངས་ཚོགས་སྡེ་ཁག་གཞན་པ་ནང་བཞིན་ལས་བསྡོམས་དེ་འདྲ་གང་ཡང་བཟོས་ཡོད་པ་མ་རེད།  ༼སྙིང་སྟོབས་གླིང་༽བཙུགས་ཐུབ་པའི་ལོ་རྒྱུས་དེ་ཚོ་མ་གཏོགས་ཡར་རྒྱས་གཅིག་ཕྱིན་ཡོད་པ་རེད་ཡར་རྒྱས་གཉིས་ཕྱིན་ཡོད་པ་རེད་ཟེར་བ་དེ་འདྲ་གང་ཡང་ཞུས་ཡོད་པ་མ་རེད། ༧རྒྱལ་བ་རིན་པོ་ཆེ་འདིར་ཕེབས་ནས་བཀའ་སློབ་དེ་འདྲ་གནང་བ་རེད། བཀའ་སློབ་དེའི་ནང་དོན་སྙིང་སྡུས་དེར་ཕྱི་གསལ་ནང་གསལ་གྱིས། ལབ་རྒྱུ་གླེང་རྒྱུ་ཉུང་ཙམ་གྱིས་ཞེས་གསུངས་སོང༌། དེ་འདྲ་བའི་༧རྒྱལ་བ་རིན་པོ་ཆེས་ས་ཆ་གང་དུ་ག་དུས་བཀའ་སློབ་དང་གསུང་བཤད་གནང་བ་ཡིན་ནའང༌། ཕྱི་གསལ་ནང་གསལ་དགོས་པ་རེད། འགོ་བཙུགས་ཚར་བ་དེ་འཇུག་སྐྱེལ་ཐུབ་པ་དགོས་པ་རེད་ཅེས་གསུངས་ཀྱི་ཡོད་པ་རེད། དེ་འདྲ་ཡིན་དུས་༧རྒྱལ་བ་རིན་པོ་ཆེ་འདིར་ཕེབས་ནས་བཀའ་སློབ་གནང་བ་དེ་བདག་པོ་མ་རྒྱག་ན་འགྲིག་གི་མ་རེད་བསམས་ནས་དེ་རིང་འདིར་རྣམ་པ་ཚོ་ཕེབས་རོགས་ཞུས་པ་ཡིན། ཕྱི་གསལ་ནང་གསལ་ཟེར་བ་དེ་ནི་དུས་རྒྱུན་དུ་ག་པར་ཡིན་རུང་དཀའ་རྙོག་ཆེ་ཤོས་དེ་རྩིས་ཀྱི་སྒང་ལ་ཡོང་གི་ཡོད་པ་ཡིན་དུས། སྙིང་སྟོབས་གླིང་འདི་ཕྱི་ལོ་༡༩༩༩ལོའི་ཟླ་༣ཚེས་༣༡ནས་ཐོག་མར་གསར་འཛུགས་ཀྱི་སྐབས་སུ་གཞན་ལ་བུ་ལོན་གཡར་བ་ནས་བཟུང་སྟེ། འདི་ལོའི་ཕྱི་ཟླ་ ༣ པའི་ཕྱི་ཚེས་ ༣༡ བར་གྱི་ཞིབ་ཕྲའི་རྩིས་ཕྲ་ཆ་ཚང་ཞིག་འདིར་ཡོད་པས་རྣམ་པ་ཚོས་གཟིགས་ཞིབ་གནང་རོགས།

 ལབ་རྒྱུ་གླེང་རྒྱུ་ཉུང་དུ་གཏོང་དགོས་ཞེས་པ་དེ་འདས་པའི་དུས་སུ་ཁང་པ་གསར་རྒྱག་གི་ཐད། རྒྱ་གར་བ་དང་ང་ཚོའི་བར་ལ་ལབ་གླེང་བྱུང་བ་དང༌། ཐོས་བསམ་གླིང་བཙུན་དགོན་གསར་རྒྱག་གི་སྐབས་སུ་ང་ཚོས་ལམ་ཁ་མ་གཡར་ཚུལ། ལ་དྭགས་སྦེ་ཏེ་སློབ་གྲྭའི་འཐུང་ཆུའི་དཀའ་ངལ་དེ་ང་ཚོས་བཟོས་ཚུལ་སོགས་ཀྱི་ཐད། དགོན་པ་དང་སློབ་གྲྭ་དེ་གཉིས་ཀྱི་འགན་འཛིན་གྱིས་ཐད་ཀར་༧གོང་ས་མཆོག་ལ་སྙན་སེང་ཞུས་འདུག ཕྱིས་སུ་སྐུ་སྒེར་གྱི་མི་སྣ་གདན་ཞུ་ཐོག་གནད་དོན་དེ་དག་ང་ཚོ་དང་འབྲེལ་བ་ཡོད་མེད་ཀྱི་ཞིབ་ཕྲའི་གནས་ཚུལ་འགྲེལ་བཤད་བྱས་པ་ཡིན་ཞེས་གསུངས་བྱུང༌ཅེས་དང༌།

ཡང་ཁོང་གིས་ཐོག་མར་སྙིང་སྟོབས་གླིང་འདི་གསར་འཛུགས་བྱས་པ་ནས་བཟུང་ད་ལྟ་བར་ཁྱོན་དབང་བོ་སྐྱོན་ཅན་གྲངས་ ༢༠༠ ལྷག་སྙིང་སྟོབས་གླིང་དུ་འཛུལ་ཞུགས་བྱས་ཡོད་པ་དང༌། སྙིང་སྟོབས་གླིང་དུ་ཁོང་ཚོར་སྦྱོར་བརྡར་དང་སློབ་སྦྱོང་འདྲ་མིན་སྤྲད་པ་བཅས་ལ་བརྟེན། སློབ་ཕྲུག་བུ་མོ་གཉིས་བོད་ཁྱིམ་དུ་འཛུལ་ཐུབ་པ་བྱུང་ཡོད་པ་དང༌། གཞན་སློབ་ཕྲུག་གྲངས་ ༡༠ ལྷག་ཙམ་ཕྱིར་རང་ཁྱིམ་ཏུ་ལོག་ཏེ་རང་ཁ་རང་གསོ་ཐུབ་པར་གྱུར་ཡོད་པས་མ་ཚད། དབང་བོ་སྐྱོན་ཅན་གྱི་བརྩམས་ཆོས་མང་པོ་ཞིག་ལ་འཛམ་གླིང་དབང་བོ་སྐྱོན་ཅན་ཁྲོད་བྱ་དགའ་ཐོབ་མྱོང༌ཡོད་པ་རེད།

སྤྱིར་ང་ཚོ་སྙིང་སྟོབས་གླིང་དུ་དབང་བོ་སྐྱོན་ཅན་གྱི་རིགས་མི་འདྲ་བ་གསུམ་ཙམ་ཡོད། རྣ་ཡི་མི་གོ་བ་དང་རྐང་ལག་སྐྱོན་ཅན་ཡིན་ཡང་རིག་པ་རྣོ་པོ་ཡོད་མཁན་ཚོར་སློབ་སྦྱོང་དང་ལག་ཤེས་སློབ་སྦྱོང་དང༌། གཞན་ཁག་ཅིག་ལོ་ཆེན་པོ་ཡིན་ཡང་ལོ་ཆུང་གི་རིག་ཚོར་ལས་མེད་མཁན་དེ་དག་ལ་རིག་པའི་རྩེ་གཅིག་ཏུ་སྒྲིམ་ཐུབ་ཆེད་དམིགས་བསལ་སློབ་སྦྱོང་སྤྲོད་ཀྱི་ཡོད་པ་རེད། གཞན་རིགས་ཤིག་ཁ་ཟས་དང་གཅིན་སྐྱག་ལའང་བདག་པོ་རྒྱག་མི་ཐུབ་མཁན་ཁག་ཅིག་བཅས་རེད། ཐོག་མའི་གསར་འཛུགས་ཀྱི་དུས་ནས་ད་བར་དབང་བོ་སྐྱོན་ཅན་ ༢༠༠ ལྷག་སྙིང་སྟོབས་གླིང་དུ་འཛུལ་ཞུགས་བྱས་ཡོད་ཅིང༌། དེའི་ཁྲོད་ཀྱི་བུ་མོ་གཉིས་བོད་ཁྱིམ་དུ་འཛུལ་ཐུབ་པ་དང༌། གཞན་ ༡༠ ལྷག་ཕྱིར་རང་ཁྱིམ་ཏུ་ལོག་ཏེ་རང་ཁ་རང་གསོ་ཐུབ་པ་རུ་གྱུར་པ་མ་ཟད། དབང་བོ་སྐྱོན་ཅན་གྱི་བརྩམས་ཆོས་མང་པོ་ཞིག་ལ་འཛམ་གླིང་དབང་བོ་སྐྱོན་ཅན་ཁྲོད་བྱ་དགའ་ཐོབ་མྱོང༌ཡོད་པ་རེད་ཅེས་དང་།

ཡང་ཁོང་གིས་སྙིང་སྟོབས་གླིང་འདིར་བོད་ཕྲུག་དབང་བོ་སྐྱོན་ཅན་གཅེས་སྐྱོང་ལག་ཤེས་སྦྱོར་བརྡར་ཁྱིམ་ཚང་འདི་ནི། ད་ལྟའི་ཆར་ཨམ་རྗེ་གཉིས་དང་སྨན་ཞབས་པ་གཅིག ལྷ་བྲིས་དགེ་རྒན། ཨ་མ་ལ་བཅས་ལས་བྱེད་ ༡༧ དང༌། དབང་བོ་སྐྱོན་ཅན་མོ་ ༡༧ དང་ཕོ་ ༡༦ ཡོད་བཅས་ཁྱོན་བསྡོམས་གྲངས་ ༥༠ ཡོད། ད་ལྟའི་དུས་འདིར་ང་ཚོས་སྨན་པ་དང་སྨན་ཞབས་པ་ལག་འཁྱེར་ཡོད་པ་དང་ཤེས་ཡོན་ཚད་མཐོན་པོ་ཡོད་མཁན་བསྡུ་ཀྱིན་ཡོད་པ་ལས། ལས་བྱེད་གཞན་དག་དབང་བོ་སྐྱོན་ཅན་ལ་དམིགས་ཏེ་ཤེས་ཡོན་ཚད་མཐོན་པོ་དེ་འདྲ་མིན་པར་གཙོ་བོ་ལྷག་བསམ་དང་སེམས་ཤུགས། བྱམས་སྙིང་རྗེ་ཅན། ངང་རྒྱུད་རིང་པ་དེ་འདྲའི་རིགས་བསྡུ་བཞིན་ཡོད་ཅིང༌། ང་ཚོ་འདིར་ཡོད་པའི་དབང་པོ་སྐྱོན་ཅན་དེ་དག་ནི་བཙན་བྱོལ་བོད་མི་གཅིག་པུ་མ་ཡིན་པར་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་དབང་བོ་སྐྱོན་ཅན་གྱི་རིགས་ཀྱང་བསྡུ་རུབ་བྱེད་ཀྱིན་ཡོད་པ་རེད། མ་འོངས་པར་ང་ཚོས་ལས་བྱེད་དང་དབང་བོ་སྐྱོན་ཅན། དེ་བཞིན་ཕྱི་ཕྱོགས་ནས་ཕེབས་པའི་མི་སྣར་དམིགས་ཏེ་བོད་ཕྱི་ནང་གཉིས་ཀྱི་དཔེ་དེབ་སྣ་མང་འཛོམས་པའི་དཔེ་མཛོད་ཁང་ཞིག་གསར་རྒྱག་བྱ་རྒྱུ་ཡིན་ལ། ལུས་རྩལ་སྦྱོང་བརྡར་དང་འཕྲོད་བསྟེན་ལ་ཕན་པའི་འཕྲུལ་ཆས་སོགས་ཀྱི་མཐུན་སྐྱེན་བསྐྲུན་འཆར་ཡོད་ཅེས་ངོ་སྤྲོད་གནང་བྱུང༌།།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།