བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་འགན་འཛིན་ལྷན་ཚོགས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༢༧ཉིན། དེ་རིང་ཞོགས་པར་བཞུགས་སྒར་དྷ་རམ་ས་ལར་སྟོད་པའི་སྐྱིད་སྡུག་ཚོགས་ཁང་དུ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་༣པ་དེ་དབུ་འཛུགས་གནང་ཡོད་པ་དང༌། ཚོགས་ཐོག་ཏུ་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་རྣམ་གཉིས་ཕེབས་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཚེས་༢༧ནས་༢༨བར་ཉིན་གཉིས་རིང་གི་འགན་འཛིན་ལྷན་ཚོགས་དེ་གཙོ་བོར་འབྱུར་འགྱུར་བཀའ་བློན་ཁྲི་པ་དང་བོད་མི་མང་སྤྱི་འཐུས་སྐབས་༡༥པའི་འོས་འདེམས་བྱེད་ཕྱོགས་དང༌། བོད་ཀྱི་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང༌།་ས་གནས་གཉིས་ཀྱི་ལས་བསྡོམས་དང་རྩིས་ཁྲ་སྙན་གསེང་ཞུ་རྒྱུ་བཅས་རེད་འདུག ཐེངས་འདིར་ས་གནས་མི་འདྲ་བ་ཁག་༡༤ནས་ཁྱོན་འཐུས་མི་གྲངས་༣༢ཙམ་ཕེབས་ཡོད་པ་རེད།

སྔ་དྲོ་ཆུ་ཚོད་༩པའི་ཐོག་མཛད་སྒོ་དབུ་འཛུགས་སྐབས། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་བ་དང༌། བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་ངག་བཅད་གུས་བཏུད་གྲུབ་རྗེས། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་ལགས་ནས་འགན་འཛིན་ལྷན་ཚོགས་ཀྱི་དགོས་དམིགས་སྐོར་གསུང་བཤད་དང༌། དེ་རྗེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་དང༌། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་རྣམ་གཉིས་ཀྱིས་བཀའ་སློབ་དང་གསུང་བཤད་རིམ་པར་གནང་སོང༌།

ཚེ་དབང་རིག་འཛིན་ལགས་ཀྱིས། འབྱུང་འགྱུར་ཕྱི་ལོ་༢༠༡༡ལོར་བཀའ་བློན་ཁྲི་པ་དང་བོད་མི་མང་སྤྱི་འཐུས་སྐབས་བཅུ་བཞི་པ་གཉིས་ཀའི་འོས་འདེམས་ཀྱི་དུས་ཚོད་མཉམ་དུ་ཁེལ་གྱི་ཡོད་པ་དང༌། ང་རང་ཚོ་ནི་མང་གཙོའི་སྒྲིག་འཛུགས་ཤིག་ཆགས་བསྡད་ཡོད་པ་རེད། དེ་འདྲ་ཡིན་དུས་གལ་ཆེ་ཤོས་དེ་མི་དམངས་རེད། ཚང་མས་འགན་འཁྱེར་དགོས་པ་རེད། དེ་རིང་འདིར་ས་ཕྱོགས་ཁག་མི་འདྲ་བ་མང་པོ་ཞིག་ནས་འཐུས་མི་ཕེབས་ཡོད་དུས། ཚོགས་པའི་དབུས་དང་ས་གནས་གཉིས་ཀས་བཀའ་བློན་ཁྲི་པ་དང་སྤྱི་འཐུས་འོས་འདེམས་སྐོར་མི་མང་ལ་གོ་རྟོགས་སྤེལ་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་སོང༌།

དེ་རྗེས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། ངོས་དེ་རིང་འདིར་བཅར་དགོས་དོན་ནི་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོས་མགྲོན་འབོད་གནང་བ་བཞིན། སྤྱི་འཐུས་རྒྱུན་ལས་ནས་བཀའ་ཁྲོལ་ཐོབ་སྟེ་དེ་རིང་འདིར་གཞུང་འབྲེལ་ཆགས་ཡོད་པ་རེད། ཡང་ཁ་ཤས་ཀྱི་ཐུགས་ལ་བཙན་བྱོལ་བོད་གཞུང་གི་ལམ་ཕྱོགས་དེ་དབུ་མའི་ལམ་རེད། མ་ཚད་ཚོགས་གཙོ་སྒེར་ཁོ་རང་གི་ལམ་ཕྱོགས་དེ་ཡང་༧རྒྱལ་བ་རིན་པོ་ཆེའི་དུས་ནས་དུས་སུ་ཡེ་ཤེས་དབྱིངས་དཔྱད་ག་རེ་གནང་བ་ཡིན་ནའང་དེ་ལ་མོས་མཐུན་བྱེད་མཁན་ཞིག་རེད། དེ་འདྲ་ཡིན་དུས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་འདུ་ལ་སྤྱི་འཐུས་ཚོགས་གཙོ་བཅར་དགོས་དོན་ག་རེ་ཡིན་ན་བསམས་པའི་ཐུགས་དོགས་ཡོང་མི་སྲིད་པ་གང་ཡང་མ་རེད། ཡིན་ན་ཡང་སྒྲིག་འཛུགས་དེ་གལ་ཆེན་པོ་ཞིག་ཡིན་དུས། གཞུང་འབྲེལ་མིན་པའི་སྒྲིག་འཛུགས་ཤིག་རེད། དེ་ཡང་བཙན་བྱོལ་ནང་ལ་ཆབ་སྲིད་ཚོགས་པ་གཅིག་མ་གཏོགས་ཡོད་པ་མ་རེད། དེ་འདྲ་ཡིན་དུས་དེ་རིང་གཞུང་འབྲེལ་གྱིས་བཅར་དགོས་དོན་དེ་འདྲ་རེད།

དེ་རིང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་དེ་སྐོང་དགོས་པའི་པའི་རྒྱུ་མཚན་གཙོ་བོ་ནི་འབྱུང་འགྱུར་བཀའ་བློན་ཁྲི་པ་དང་སྤྱི་འཐུས་འོས་འདེམས་དང་འབྲེལ་བའི་གནད་དོན་ཆེན་པོ་གཉིས་ཀྱི་ཐོག་ནས་ལྷན་ཚོགས་བསྡུ་སྐོར་བྱས་ཡོད་པའི་སྐོར་གསུངས་སོང་བས། གནད་དོན་དེ་གཉིས་ཀ་གལ་ཆེན་པོ་ག་ཚོད་ཡིན་པ་ངས་ཞུ་མི་དགོས་པའི་ཐོག་ནས་ཚང་མས་མཁྱེན་གསལ་རེད། ངས་རྒྱུན་དུས་སྤྱི་འཐུས་ལྷན་ཚོགས་ཟེར་བ་དེ་སྒྲིག་འཛུགས་ཤིག་གི་ངོ་བོ་ཐོག་ནས། ཧ་ཅང་གི་གལ་ཆེ་བའི་སྒྲིག་འཛུགས་ཏེ་ཁྲིམས་བཟོ་ལྷན་ཚོགས་སྲིད་བྱུས་གཏན་འབེབས་བྱེད་མཁན་ཞིག་རེད། སྤྱི་འཐུས་མི་བྱེ་བྲག་པ་རེ་རེ་དཔེར་ན་དེ་རིང་འདིར་འཛོམས་པའི་སྤྱི་འཐུས་རྣམ་པ་ཡིན་ནའང་རེད། ང་སྤྱི་འཐུས་ཚོགས་གཙོ་ཡིན་ནའང་རེད་མི་གཅིག་དེ་གལ་ཆེན་པོ་གང་ཡང་མ་རེད། སྒྲིག་འཛུགས་དེ་གལ་ཆེན་པོ་ཡིན་དུས། སྤྱི་འཐུས་ལྷན་ཚོགས་ནང་མི་མང་ཆེ་བ་ཞིག་དང་ལྷག་པར་དུ་སྤྱི་འཐུས་རྩ་འབོར་སུམ་ཆ་གཉིས་ཀྱིས་མོས་མཐུན་བྱུང་བ་ཡིན་ན། གནད་དོན་མང་པོ་ཞིག་ལ་ཐེ་བྱུས་བྱེད་རྒྱུ་ཡོད་པ་དང༌། འགྱུར་བ་གཏོང་རྒྱུ་ཡོད་པའི་དབང་ཚད་ལྡན་པའི་སྒྲིག་འཛུགས་ཞིག་ཡིན་དུས།  བཀའ་བློན་ཁྲི་པ་དེ་གལ་ཆེན་པོ་ག་ཚོད་ཅིག་ཡིན་པ་དེ་བཞིན་སྤྱི་འཐུས་ལྷན་ཚོགས་ཡང་དེ་བཞིན་གལ་ཆེན་པོ་ཞིག་རེད་ཅེས་གསུངས་སོང༌།

ཡང་ཁོང་གིས་དེང་སང་སྤྱི་ཚོགས་ནང་བཀའ་བློན་ཁྲི་པའི་འོས་འདེམས་དང་འབྲེལ་བའི་འོས་མིང་མང་པོ་ཞིག་དོན་བཞིནཡོད་པ་རེད། དེ་ཚོར་དཔྱད་ཞིབ་ལེགས་པར་བྱེད་དགོས་པ་དེ་གལ་ཆེན་པོ་རེད། སྤྱི་ཚོགས་ནང་ལ་མི་ཁག་ཅིག་གིས་འོས་མི་རྙེད་ཀྱི་མི་འདུག་ཟེར་བཞིན་ཡོད་པ་རེད། མི་མ་རྙེད་པ་གང་ཡང་ཡོད་པ་མ་རེད། དང་པོར་སོ་སོ་རྙེད་པ་བྱེད་དགོས་པ་རེད། སོ་སོ་གང་འདྲ་བྱེད་ནས་རྙེད་དགོས་པ་རེད་ཟེར་ན། སོ་སོའི་ལྟ་བ་དང་ལངས་ཕྱོགས། དཔེར་ན་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་ལྟ་བུ་ཡིན་ན། རང་བཙན་གྱི་ཐོག་ནས་དམིགས་ཡུལ་ཟིན་གྱི་ཡོད་པ་རེད། སོ་སོའི་ལྟ་བ་རང་བཙན་ཡིན་ན་འོས་གཞི་ནང་ལ་ཡོད་པའི་དུས་རྒྱུན་སྤྱི་ཚོགས་ནང་མི་མང་ལ་ཕན་པའི་ལས་ཀ་མང་པོ་སྒྲུབ་མཁན། སོ་སོའི་མངོན་འདོད་བསྒྲུབ་ཐུབ་ས་རེད་བསམས་པའི་མི་ཞིག་རྙེད་ཡོང་གི་རེད། སོ་སོའི་ལྟ་བ་དང་ལངས་ཕྱོགས་བསྟན་པོ་མེད་པ་ཡིན་ན། རང་བཙན་སྐོར་རྫིག་པོ་བཤད་མཁན་ཞིག་བྱུང་ན་དེ་རེད་འདུག་བསམ་པ་ཞིག་དང༌། ཡང་དབུ་མའི་སྐོར་རྫིག་པོ་བཤད་མཁན་ཞིག་ཡོང་དུས་དེ་ཡང་རེད་འདུག་བསམ་ནས་ཁག་པོ་ཆགས་ཀྱི་རེད། སོ་སོའི་ལང་ཕྱོགས་བསྟན་པོ་ཞིག་ཡོད་ན་མི་རྙེད་རྒྱུར་དཀའ་ངལ་འཕྲད་ཀྱི་མ་རེད་ཅེས་བཀའ་སློབ་གནང་སོང༌།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།