མེ་བླ་ཁང་ཚེ་རིང་གིས་ཆེས་མཐོའི་ཁྲིམས་ཞིབ་པའི་དམ་བཅའ་ཕུལ་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ།  ཕྱི་ལོ་༢༠༡༠ལོའི་ཟླ་༣པའི་ཚེས་༢༤ཉིན།ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་རིག་དྲུང་ཟུར་ན་མེ་བླ་ཁང་ཚེ་རིང་དོན་གྲུབ་མཆོག་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་འཛུགས་གནང་བ་ལྟར། སྤྱི་འཐུས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་དགུ་པའི་སྐབས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་ ༦ དོན་ཚན་རེ་གསུམ་ ༦༣ པའི་ནང་གསེས་གསུམ་ ༣ པའི་དགོངས་དོན་ལྟར་སྤྱི་མོས་འདེམས་ཐོན་བྱུང་བ་ལྟར་ཆོས་རིག་དྲུང་ཟུར་ན་མེ་བླ་ཁང་ཚེ་རིང་དོན་གྲུབ་མཆོག་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པར་བསྐོ་གཞག་སྩལ་སྨིན་བྱུང་།

 ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༢༤ སྔ་དྲོ་ཆུ་ཚོད་ ༧།༠༠ ཐོག་ཕོ་བྲང་དུ་བཅར་ཏེ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དྲུང་དུ་ཁྲིམས་ཞིབ་པའི་མཛད་ཁུར་དམ་བཅའ་འབུལ་སྐབས་མགོན་པོ་གང་ཉིད་མཆོག་ཐུགས་དགྱེས་བརྩེ་ཆེན་པོས་འཚམས་འདྲི་དང་འབྲེལ་ལེགས་དར་ཕྱག་སྲུང་བཀའ་དྲིན་སྩལ་ཡོད། དམ་འབུལ་མཛད་སྒོའི་ཐོག་བཀའ་ཁྲི་མཆོག་དང༌། ཆོས་རིག དཔལ་འབྱོར། ཤེས་རིག བདེ་སྲུང༌། ཕྱི་དྲིལ། འཕྲོད་བསྟེན། བཅས་ལྷན་ཁང་སོ་སོའི་བཀའ་བློན་རྣམ་པ་དང༌། དེ་བཞིན་ལྡི་ལི་དོན་གཅོད་དང་བཀའ་བློན་གཅིག་ལྕོགས་བསྟན་པ་ཚེ་རིང་མཆོག་དང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་མཆོག་བཅས་ལྷན་ཞུགས་གནང་ཡོད།

  དམ་འབུལ་མཛད་སྒོ་གྲུབ་རྗེས་སྔ་དྲོ་ཆུ་ཚོད་ ༩།༡༥ ཐོག་བཀའ་ཤག་ནས་ཁོང་ལ་འཚམས་འདྲི་དང་བཀྲིས་བདེ་ལེགས་ཀྱི་རྟེན་འབྲེལ་མཚོན་ཆེད་གཞུང་འབྲེལ་གྱི་མཛད་སྒོ་ཞིག་བཀའ་ཤག་གི་ཡང་སྟེང་མཆོད་ཁང་ནང་ཚོགས་པ་དེར་ཁྲིམས་ཞིབ་པ་ཆེ་བ་དབུས་པའི་ཁྲིམས་ཞིབ་པ་གཞན་དང༌། བཀའ་བློན་རྣམ་པ། རང་དབང་ཅན་གྱི་འགན་འཛིན་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང༌། དེ་བཞིན་ལྷན་ཁང་ཁག་གི་འགན་འཛིན་རྣམ་པ་བཅས་ལྷན་ཞུགས་གནང་བའི་ཐོག་མར་རྟེན་འབྲེལ་གྱི་གསོལ་ཇ་དང་འབྲས་སིལ་ཕུལ་རྗེས་ཁྲིམས་ཞིབ་པ་ན་མེ་བླ་ཁང་ཚེ་རིང་དོན་གྲུབ་མཆོག་ནས་ྋརྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་ཞུས། དེ་ནས་ཁྲིམས་ཞིབ་པ་ཆེ་བ་དབུས་པས་མཛད་སྒོར་ངོ་ཕེབས་རྣམས་ནས་ཁོང་ལ་འཚམས་འདྲིའི་མཇལ་དར་ཕུལ་ཏེ་མཛད་སྒོ་ལེགས་པར་གྲུབ་པའི་གནས་བསྡུས་སུ།།

བཙན་བྱོལ་བོད་གཞུང་དྲ་གནས་ལས་བཏུས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།