དགོངས་ཚུལ།

སྲིན་འབུ་འཁྲུག་པའི་ནད་ཡམས་སྔོན་འགོག་གི་ཟབ་སྦྱོངས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༢༢ཉིན། འདམ་ག་ནི་ཨིཌས་སམ་སྲིན་འབུ་འཁྲུག་པའི་ནད་ཡམས་བོད་རིགས་སྤྱི་ཚོགས་ནང་ཁྱབ་བརྡལ་སྔོན་འགོག་དང༌། དེ་བཞིན་སྲིན་འབུ་འཁྲུག་པའི་ནད་ཡམས་ཕོགས་པའི་ནད་པ་རྣམས་ལ་གཟིགས་སྐྱོང་གནང་མཁན་གྱི་ཁེ་མེད་སྤྱི་ཚོགས་ཞབས་ཞུ་ཚོགས་པ་ཞིག་རེད་འདུག

དེ་ཡང་འདས་པའི་ལོ་གཉིས་ནང༌། འདམ་ག་ཚོགས་པས་རྒྱ་གར་ལྷོ་ཕྱོགས་ཀྱི་བྷེལ་ཀོབ་དང་མོན་གྷོ་ཊི་བོད་མིའི་གཞིས་ཆགས་ཁག་གཉིས་ནང་ས་གནས་སྨན་ཁང་དང་ནད་གཡོག་གི་རོགས་འདེགས། གཞན་ཡང་འདམ་ག་ཚོགས་པའི་ཚོགས་མི་རྣམས་ཀྱི་འབྲེལ་མཐུད་སྟངས་འཛིན་འོག་སྲིན་འབུ་འཁྲུག་པའི་ནད་ཡམས་ཕོགས་མཁན་ནད་པ་ཚོ་གཟིགས་སྐྱོང་གི་མ་ལག་གསར་འཛུགས་ལེགས་འགྲུབ་བྱུང་ཡོད་འདུག

ཉེ་བའི་ཆར་འདམ་ག་ཚོགས་པས་རྒྱ་གར་ལྷོ་ཕྱོགས་འདོད་དགུ་གླིང་བོད་མིའི་གཞིས་གནས་ཀྱི་ས་གནས་བདེ་དོན་འགན་འཛིན་དཔལ་ལྡན་དོན་འགྲུབ་དང༌། འདོད་དགུ་གླིང་ས་གནས་སྨན་ཁང་གི་འགན་འཛིན་སྤེན་པ་བླ་བྲང༌། འདམ་ག་ཚོགས་པའི་ལས་འཆར་བ་ཕུན་ཚོགས་ཆོས་འཕེལ། སྲིན་འབུ་འཁྲུག་པའི་ནད་ཡམས་འཐབ་རྩོད་པ་ནོར་བུ་དགྲ་འདུད། འདམ་ག་ཚོགས་པའི་ཚོགས་གཙོ་ཟུར་བ་བློ་བཟང་ཡེ་ཤེས། འདོད་དགུ་གླིང་ས་གནས་སྨན་ཁང་གི་ནད་གཡོག་མ་དོན་འགྲུབ་འཚོ་མོ་སོགས་ཀྱི་ལས་སྒྲུབ་དང་སྣེ་ཁྲིད་འོག་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གནས་བྱས་པའི་བོད་མིའི་གཞིས་སྒར་ཁག་༩་དང༌། སློབ་གྲྭ་ཁག་༣། དགོན་པ་ཁག་དང་ཨིཌས་ནད་པ་ཚོར་གཞི་རྒྱ་ཆེ་བའི་ཟབ་སྦྱོངས་ཁག་༡༨བཀོད་སྒྲིག་ཞུས་འདུག་པ་མ་ཟད། སྲིད་འབུ་འཁྲུག་པའི་ནད་ཡམས་བརྟག་དཔྱད་ཚོད་ལྟའི་ལས་འགུལ་ཡང་མང་ཚོགས་ཁྲོད་སྤེལ་ཡོད་འདུག་ལ། ཐེངས་འདིའི་ཟབ་སྦྱོངས་ལས་འགུལ་འདིར་ས་གནས་མང་ཚོགས་ཀྱིས་ཡི་རངས་བསྔགས་བརྗོད་ཚད་མེད་ཐོབ་ཡོད་འདུག

འདམ་ག་ཚོགས་པས་ྋགོང་ས་མཆོག་གི་སྐུ་སྒེར་ཡིག་ཚང་དང་བཙན་བྱོལ་བོད་གཞུང་འཕྲོད་བསྟེན་ལས་ཁུངས་གཉིས་ཀྱིས་ཐེངས་འདིའི་ཟབ་སྦྱོངས་ལ་མཐུན་འགྱུར་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་འདུག་ལ། ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་གནས་སྡོད་བྱས་པའི་བོད་རིགས་སྤུན་ཟླ་རྣམས་ཀྱིས་མ་དངུལ་བསྡུ་སློང་གི་ལས་གཞི་སྤེལ་དང་སྤེལ་གྱིན་ཡོད་པར་གཟེངས་བསྟོད་དང་རྗེས་སུ་ཡི་རངས་ཞུས་ཡོད་འདུག

༢༠༠༨ལོར་སྲིན་འབུ་འཁྲུག་པའི་ནད་ཡམས་དང་འབྲེལ་བའི་སྙན་ཐོ། འཛམ་གླིང་ནང་ནད་ཡམས་དེས་མནར་བཞིན་པའི་ཁྱོན་མི་གྲངས་ས་ཡ་༣༣༌༤ཟིན་ཡོད་པའི་ནང་ནས། གཞོན་སྐྱེས་གྲངས་ས་ཡ་༣༡༌༣ལྷག་དང༌། བུད་མེད་གྲངས་ས་ཡ་༡༥༌༧བྱིས་པ་གྲངས་ས་ཡ་༢༌༡བཅས་ཡིན་འདུག འཛམ་གླིང་ནང་སྤྱི་ལོ་༢༠༠༨ལོར་གསར་དུ་འགོས་པའི་ཁྱོན་མི་གྲངས་ས་ཡ་༢༌༧ཟིན་ཡོད་པ་དང༌། དེའི་ནང་ནས་བྱིས་པ་གྲངས་ས་ཡ་༠༌༤༣ཟིན་ཡོད་འདུག ཡང་སྤྱི་ལོ་༢༠༠༨ལོར་ནད་གཞི་དེས་རྐྱེན་པས་ཁྱོན་མི་གྲངས་ས་ཡ་༢༌༠ལྷག་ཙམ་འདས་གྲོངས་སུ་ཕྱིན་ཡོད་པའི་ནང་ནས་བྱིས་པའི་གྲངས་ས་ཡ་༠༌༢༨ཙམ་ཟིན་ཡོད་འདུག

དེ་ཡང་སྤྱི་ལོ་༡༩༨༡ནས་བཟུང་སྟེ་ནད་གཞི་དེའི་རྐྱེས་པས་འཛམ་གླིང་ནང་ཁྱོན་མི་གྲངས་ས་ཡ་༢༥ལྷག་ཙམ་འཆི་སྐྱོན་བྱུང་ཡོད་འདུག ད་དུང་ཨ་ཕེ་རི་ཀའི་ནང་ནད་ཡམས་དེ་འགོས་ཁྱབ་ཏུ་ཕྱིན་ཡོད་པས་རྐྱེན་གྱིས་དྭ་ཕྲུག་ས་ཡ་༡༤ལྷག་ཡོད་ལུགས་དང་འཛམ་གླིང་ཁྱོན་དུ་བུད་མེད་གཞོན་སྐྱེས་བརྒྱ་ཆ་༥༠ཐམ་པ་ནད་གཞི་དེའི་ནང་ལྷུང་ཡོད་ལུགས་གསལ་འཁོད་བྱས་ཡོད་པ་རེད།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་གཡང་བྱམས་ཀྱི་ཕབ་བསྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།