དགོངས་ཚུལ།

བོད་ནང་གི་རྒྱ་ཆེ་མི་མང་ཚོས་ཐུགས་ཁྲལ་རྩ་བ་ནས་གནང་དགོས་པ་མ་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༢༠ཉིན། ༧གོང་ས་མཆོག་གི་གསུང་འཕྲིན་རིན་པོ་ཆེ་ཕེབས་པ་ལ་བརྟེན་ནས་གཞིས་བྱེས་གཉིས་སུ་གྲགས་པའི་སྐབས་༡༤པའི་ཚོགས་དུས་བརྒྱད་པ་དང་མི་འདྲ་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བཞི་པའི་ཚོགས་དུས་དགུ་པ་དེ་ཚོགས་དུས་གཞན་ལས་ཁྱད་པར་བ་ཞིག་བྱུང་ཡོད་པར་སྤྱིའི་ཆ་ནས་ངོས་འཛིན་ཐོབ་ཡོད་པ་དང་། ༢༠༡༠ལོའི་ཟླ་༠༣ཚེས་༢༠ཉིན་ཏེ་ཚོགས་དུས་དགུ་པ་མཇུག་བསྒྲིལ་ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་རྣམ་གཉིས་ནས་ཡོངས་གྲགས་ཀྱི་གསར་འགོད་གསལ་བསྒྲགས་ཞིག་བོད་གཞུང་དྲིལ་བསྒྲགས་ལས་ཁུངས་ཀྱི་ལྷག་པ་ཚེ་རིང་དྲན་གསོ་ཚོགས་ཁང་དུ་བསྐོང་འཚོགས་གནང་ཡོད་པ་དང་། སྐབས་དེར་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསར་འགོད་པར་འགྲེལ་བརྗོད་གནང་དོན་གཤམ་དུ་བཀོད་ཡོད།

དེ་རིང་དམིགས་སུ་བཀར་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས། གསར་འགོད་གསལ་བསྒྲགས་ཞུ་རྒྱུ་དེ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ཐོག་ལ་གསུང་འཕྲིན་ཕེབས་པ་དང་འབྲེལ་བའི་ཐོག་ནས། གསུང་འཕྲིན་ནང་དུ་གང་གསུངས་ཡོད་པ་རེད་ཅེས་ཞུས་ན། མང་ཚོགས་ལ་མགོ་རྨོངས་དུ་བཅུག་པའི་གནས་ཚུལ་དེ་དག་ཕྱི་གསལ་ནང་གསལ་བཟོ་དགོས་པ་དང༌། འགོ་ཁྲིད་ཚོ་ཙམ་མ་ཡིན་པར་མི་མང་ཚོའི་ཁྲོད་དུའང་ཧ་ཅང་གསལ་པོ་ཆགས་པ་བཟོ་དགོས་པ་ཡིན་དུས། ཁ་སང་ང་ཚོས་ཚོགས་ཆུང་གཉིས་ཆ་བགོས་བྱས་པ་དང༌། ཚོགས་ཆུང་གཅིག་གིས་ད་ནང་ག་རེ་ཐག་གཅོད་བྱུང་བ་དེ་གསར་འགོད་གསལ་བསྒྲགས་ཤིག་གནང་རོགས་གནང་ཟེར་བ་དེ་གཞི་རྩ་གཅིག་ཆགས་བསྡད་ཡོད་པ་རེད། ད་རས་ཀྱི་གནས་ཚུལ་དེ་གསལ་པོ་ཆགས་ཡོད་པ་ཡིན་དུས་མང་ཚོགས་ཀྱིས་མཁྱེན་དགོས་པ་དེ་གནད་འགག་ཆེན་པོ་ཞིག་ཏུ་བརྩི་བཞིན་ཡོད་པ་རེད། གསུང་འཕྲིན་རིན་པོ་ཆེ་དེ་རྣམ་པ་ཚོ་ཚང་མས་མཁྱེན་གྱི་ཡོད་པ་རེད། དེའི་སྔོན་ལ་རྒྱང་སྲིང་གནང་གྲུབ་པ་རེད། ང་ཚོས་བསྐྱར་ལྡབ་བྱེད་ནས་ཕེབས་རྒྱུ་ཡོད་པ་མ་རེད། འོན་ཀྱང་གལ་ཆེན་པོ་ཡིན་དུས་ནང་དོན་གཙོ་བོ་དེ་གསུང་འཕྲིན་རིན་པོ་ཆེའི་ནང་ལ་དོན་དག་དང་པོ་དེ་མང་གཙོ་འཕེལ་རིམ་གྱི་ཐོག་ནས་གང་ལ་གང་འཚམ་གྱིས་འདས་པའི་ལོ་༥༠ནང་ལ་གོམ་པ་རྒྱག་ཐུབ་ཡོད་པ་རེད། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རང་གི་ངོས་ནས་དགའ་སྤོབས་ཡོད་ཅེས་གསུངས་ཡོད་པ་རེད། ཐོག་མ་དེ་སྤྱི་འཐུས་རང་དང་འབྲེལ་བ་ཡོད་པ་སྤྱི་འཐུས་རྣམ་པ་ཚོ་དང་འབྲེལ་བ་ཡོད་པའི་ཐོག་ནས་བཀའ་སློབ་ཕེབས་ཡོད་པ་དེ་སྔོན་མ་ལའང་ཞུས་པ་ཡིན། དེ་འདྲ་ཡིན་དུས་སྤྱི་འཐུས་རྣམ་པ་ཚོས་ཡིན་ནའང་གྲོས་ཚོགས་ནང་ལ་ཕྱག་ལས་གནང་སྟངས་དང༌། རྣམ་དཔྱོད་སྟོན་སྟངས་དེ་ཚོའི་ཐོག་ལ་སྟུན་ཤེས་མཇུག་ལྡོག་མ་ནོར་བ་སྒེར་གྱི་དོན་དུ་རྩོད་པ་རྒྱག་བཞིན་ཡོད་པ་འདྲ་པོ་ཞིག་དང༌། སྒེར་གྱི་དོན་དུ་ཕྱོགས་འཐེན་བྱེད་བཞིན་ཡོད་པའི་རྣམ་པ་དེ་ཚོ་ཚང་མ་སྤོང་ནས། གྲོས་ཚོགས་ཀྱི་ལས་དོན་དེ་ཚོ་སྤུས་ཚད་ཡག་ཏུ་གཏོང་དགོས་པ་དང༌། གནས་ཚད་གོང་མཐོར་གཏོང་དགོས་པ་དེ་ཚོའི་སྐོར་བཀའ་སློབ་གནང་ཡོད་པ་རེད། དེ་བཞིན་མང་གཙོའི་འགྲོ་ལུགས་ཐོག་ནས་མང་གཙོ་ཀ་བ་གསུམ་ནང་ལ་ལྗིད་མཉམ་སྟངས་འཛིན་བྱེད་པའི་ལམ་སྲོལ་ཞིག་ཡོད་པ་རེད། ང་ཚོས་ས་ཁུལ་ནས་སྤྱི་འཐུས་འདེམས་བཞིན་མེད་པ་དང༌། ཆོལ་ཁ་ཆོས་བརྒྱུད་ནས་ཡོང་བ་ཞིག་ཡིན་དུས་མི་མང་གི་འགན་ཁུར་ཐུབ་མཁན་དེ་འདྲ་ཞིག་དགོས་ཀྱི་འདུག་ཅེས་བཀའ་གནང་ཡོད་པ་རེད། དེ་དང་འབྲེལ་བའི་ཐོག་ནས་ད་རས་གྲོས་ཚོགས་འདིའི་ནང་ལ་ང་ཚོ་སྤྱི་མོས་ཀྱི་ཐོག་ནས་གྲོས་ཆོད་བཞག་ཡོད་པ་དེ་ད་ལྟ་གྲོས་ཚོགས་ཀྱི་གནས་ཚད་ཡག་ཏུ་གཏོང་རྒྱུ་དང༌། སྤུས་ཀ་གོང་འཕེལ་གཏོང་རྒྱུའི་ཆེད་དུ་ང་རང་ཚོར་ནུས་པ་ག་རེ་ཡོད་པ་དེ་གཅིག་ཏུ་སྤུང་ནས་མ་འོངས་པར་འབད་འབུངས་བྱེད་ཀྱི་ཡིན་ཞེས་གྲོས་ཆོད་ནང་ལ་ཞུས་ཡོད་པ་རེད། དེ་ནས་ད་ལྟ་བར་དུ་ང་རང་ཚོ་སྤྱི་འཐུས་ཚོའི་ངོས་ནས་ནུས་པ་མ་འདང་བ་སྟུན་ཤེས་མཇུག་ལྡོག་ནོར་བའི་གནས་ཚུལ་བྱུང་བ་དེ་ཚོ་༧རྒྱལ་བ་རིན་པོ་ཆེར་བཟོད་གསོལ་ཞུ་བ་དང་སྦྲགས་ཐོལ་བཤགས་ཞུ་བཞིན་ཡོད་ཅེས་ང་ཚོས་གྲོས་ཆོད་དེ་བཞག་ཡོད་པ་རེད།

མ་འོངས་པར་ང་ཚོས་སྒེར་འཁོན་ཕྱོགས་ལྷུང་དེ་ཚོ་སྤངས་ནས་དེ་བཞིན་མང་ཚོགས་ཀྱི་འགན་ཁུར་བའི་ཐོག་ནས་དེ་ག་རང་ཞུ་རྒྱུ་ཡིན་ཞེས་དམ་བཅའི་ཚུལ་དུ་བཞག་ཡོད་པ་རེད། ཡང་དེ་མིན་པའི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་རིན་པོ་ཆེ་དེའི་ནང་ལ་ང་ཚོས་ཞེ་ས་མ་ཞུས་ན་མང་ཚོགས་དང་གྲོས་ཚོགས་ཀྱིས་སྔ་རྗེས་གཏན་ལ་ཕབ་པའི་གྲོས་ཆོད་གཞིར་བཟུང་ཐོག་ངས་འགན་ཁུར་ནས་ལས་ཀ་བྱེད་བཞིན་ཡོད་ཅེས་བཀའ་གནང་ཡོད་པ་རེད། ད་ལྟ་བར་དུ་ཞི་བའི་དོན་ཚན་ལྔ་བཏོན་ཡོད་པ་རེད། ཞི་བའི་དོན་ཚན་ལྔ་དེ་ནི་ཕུགས་ཀྱི་འཆར་སྣང་རེད། དེ་ནི་ཁ་ཐུག་བོད་རྒྱ་ཞི་མོལ་དང་འབྲེལ་བ་ཡོད་པ་མ་རེད། དེ་ནས་སི་ཊ་སི་སྦའི་གྲོས་འཆར་དེ་བཏོན་པ་རེད། འོན་ཀྱང་དེའི་སྐབས་ལ་རྒྱ་ནག་གཞུང་གིས་ངོས་ལེན་མ་གནང་བ་ཡིན་དུས་དེ་ནི་ནུས་མེད་དུ་ཕྱིན་པ་ཡིན་ཞེས་སྔོན་མ་ནས་གསལ་བསྒྲགས་གནང་ཡོད་པ་རེད། ཉེ་བའི་ཆར་བོད་རྒྱ་འབྲེལ་མོལ་འགོ་བཙུགས་ནས་༢༠༠༨ལོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཚབ་རྣམ་པ་གཉིས་རྒྱ་ནག་གི་འགོ་ཁྲིད་ཚོ་དང་མཇལ་སྐབས། བོད་རིགས་ཡོང་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་བསམ་འཆར་གྱི་ཡིག་ཆ་དེ་དང་ད་རས་འབྲེལ་མོལ་ཐེངས་༩པའི་སྐབས་དེར་དེ་ལ་འབྲེལ་བརྗོད་ཡིག་ཆ་དེ་འདྲ་སྤྲད་ཡོད་ཟེར་ནས། ཡིག་ཆ་དེ་ཚོ་ཚང་མ་༧རྒྱལ་བ་རིན་པོ་ཆེ་རང་གི་དགོངས་བཞེད་ཡིན་པ་ཐེངས་འདིའི་གསུངས་འཕྲིན་དེའི་ནང་ལ་གསལ་ཡོད་པ་རེད། འོན་ཀྱང་འདི་སྤྲད་ཡོད་པ་ཡིན་རུང་དེའི་ཐོག་ལ་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་གྲོས་ཚོགས་སུ་སྔ་ཕྱི་གྲོས་ཆོད་བཞག་པ་ནང་བཞིན་བྱེད་ནས་ལས་ཀ་བྱེད་པའི་ཁུལ་ཡིན་ཟེར་ནས། ཐུགས་ཕམ་དང་བཅས་ཏེ་གསུངས་པ་དེའི་ནང་འཁོད་འདུག བསམ་འཆར་དང་འབྲེལ་བརྗོད་ཀྱི་ཡིག་ཆ་དེ་ཚོ་གྲོས་ཚོགས་ལ་མོས་མཐུན་མ་གནང་བ་དང༌། དེ་བཞིན་གྲོས་ཚོགས་ལ་མ་སྟོན་པའི་ཡིག་ཆ་རེད་ཟེར་ནས་སྐད་ཆ་མང་པོ་ཞིག་སྤྱི་ཚོགས་ནང་འགྲོ་བཞིན་ཡོད་པ་དེ་ཡང་གྲོས་ཚོགས་ནང་ལའང་དེ་འདྲ་བྱུང་ཡོད་པ་དང༌། སྤྱི་ཚོགས་ནང་ལ་མི་མང་ཐད་ཀར་འཛོམས་པའི་སྐབས་སུ་གསུངས་པ་དང༌། བརྒྱུད་ལམ་གཞན་པ་མང་པོའི་ཐོག་ནས་གནས་ཚུལ་དེ་འདྲ་གསུངས་ཡོད་འདུག དེ་བཞིན་དབུ་མའི་ལམ་གྱི་གཞི་འཇོག་དེའི་ཐོག་ནས་བསམ་འཆར་ཡིག་ཆ་དང་འབྲེལ་བརྗོད་ཡིག་ཆ་དེ་ཚོ་༧རྒྱལ་བ་རིན་པོ་ཆེའི་དགོངས་པཞེས་ཡིན་ནམ་མིན་ཟེར་བའི་དོགས་པ་མང་པོ་ཞིག་སློང་བཞིན་ཡོད་པ་ཡིན་དུས། གནས་ཚུལ་དེ་དག་ནི་རྩ་དོན་དང་འབྲེལ་བ་ཆགས་བསྡད་ཡོད་པ་རེད། རྩ་དོན་དང་འབྲེལ་བ་ཆགས་བསྡད་པ་ཞིག་ཡིན་དུས་ཕྱི་བསལ་ནང་བསལ་ཞིག་བཟོ་དགོས་པ་རེད། ཕྱི་བསལ་ནང་བསལ་ཞིག་ཡོང་བའི་ཆེད་དུ་ད་རེས་གྲོས་ཚོགས་འདི་ནང་ལ་འཐུས་མི་ཚོས་བགྲོ་གླིང་མཐིལ་ཕྱིན་པ་ཞིག་གནང༌། དེ་བཞིན་དུ་བཀའ་ཤག་དང་༧རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚབ་རྣམ་པ་གཉིས་གཞན་ཡང་འབྲེལ་ཡོད་སུ་ཆགས་ཀྱི་ཡོད་པ་དེ་ཚོ་ཚང་མས་སྐད་བཏང་ནས་ཉན་ཞིབ་དང་དོགས་འདྲི་བྱས་ནས་གནས་ཚུལ་དེ་གསལ་པོ་གསལ་རྐྱང་འཁྲུན་ཐག་ཆོད་པ་ཞིག་བྱེད་དགོས་ཀྱི་རེད་ཅེས་བཀའ་གནང་བ་གཞིར་བཟུང་གི་ང་ཚོའི་གྲོས་ཚོགས་ཀྱི་ལས་རིམ་ནང་ལའང་ཉིན་གཅིག་ལྷག་ཙམ་ཞིག་བགྲོ་གླེང་གནང་ཡོད་པ་རེད། བགྲོ་གླེང་ཤུགས་ཆེན་པོར་གནང་བ་རེད། དེའི་ཐོག་ལ་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་གསལ་བཤད་ཧ་ཅང་ཞིབ་ཚགས་པོ་དེའི་ནང་ནས་བཀའ་ཤག་གི་ཚོར་བ་འདྲ་པོ་དེ་གང་འདྲ་བྱུང་བ། བཀའ་ཤག་གི་ངོས་ནས་དེ་འདྲའི་གསུང་འཕྲིན་རིན་པོ་ཆེ་བཀའ་ལྗིད་པོ་དེ་འདྲ་ཞིག་ཕེབས་དགོས་པ་དེ་རྒྱུ་མཚན་ག་རེ་ཆགས་བསྡད་ཡོད་པ་རེད། དེ་ལྟ་བར་དུ་བརྒྱུད་རིམ་གང་འདྲ་དང་གང་འདྲ་བྱས་པ་རེད། དེ་ཚོ་ཆ་ཚང་དང་སི་ཊ་སི་སྦག་གྲོས་འཆར་ནས་ད་ལྟ་བསམ་འཆར་བར་དུ་གནས་སྟངས་གང་འདྲ་དང་གང་འདྲ་ཆགས་ཡོད་པ་རེད། ༧རྒྱལ་བ་རིན་པོ་ཆེ་མཆོག་གིས་བཀའ་ག་རེ་དང་ག་རེ་གནང་ཡོད་པ་རེད། ༧རྒྱལ་བ་རིན་པོ་ཆེའི་དགོངས་བཞེས་ཡིན་པ་ར་སྤྲོད་དེ་ཚེས་གྲངས་ནས་བཅས་ཏེ་ལུང་དྲང༌། དེ་བཞིན་གྲོས་ཚོགས་ནང་བགྲོ་གླེང་བྱུང་བའི་སྐབས་ལ་གྲོས་ཚོགས་འཐུས་མི་ཚོས་དགོངས་འཆར་གསུངས་པ་དེ་ཚོར་རེ་རེ་བཞིན་བྱེད་ནས། མཐའ་མའི་མདོར་དེར་དེ་རིང་བཀའ་ཤག་གི་ངོས་ནས་གྲོས་ཚོགས་འདིའི་ནང་ལ་གྲོས་ཆོད་ཀྱི་ངོ་བོ་གང་འདྲ་ཞིག་བཞག་དགོས་ཡོད་མེད་དེ་དགོངས་ཚུ་བཀྱོན་གནང་བ་རེད། དེས་གནས་ཚུལ་མང་པོ་ཞིག་གསལ་པོ་ཆགས་རྒྱུ་དང་རྩ་བའི་དེའི་ནང་ལ་གསར་པོ་འདྲ་པོ་དེ་འདྲ་གང་ཡང་ཡོད་པ་མ་རེད། དེ་རིང་དུས་གཅིག་ནང་ལ་རྒྱུན་རིང་ཆ་ཚང་གསུངས་བ་ཡིན་དུས་དེས་གནས་ཚུལ་ཧ་ཅང་གི་གསལ་པོ་ཆགས་ཡོད་པ། རྒྱུན་དུ་གྲོས་ཚོགས་ནང་ལ་བགྲོ་གླེང་བྱེད་པའི་སྐབས་སུ་སྤྱི་འཐུས་མང་པོ་ཞིག་གིས་དེ་དགོས་པ་མི་འདུག་སྔོན་མ་ནས་གསལ་པོ་རེད། ང་ཚོས་ཤེས་ཀྱི་ཡོད། ༧རྒྱལ་བ་རིན་པོ་ཆེར་སྐུ་དབང་ཕུལ་ཡོད་པ་རེད། དེ་འདྲ་ཡིན་དུས་གྲོས་ཚོགས་ལ་དེ་འདྲ་སྟོན་དགོས་པ་བརྩི་བཞིན་མེད་གསུང་མཁན་འདུག ཡིན་ན་ཡང་སྤྱི་འཐུས་མི་ཉུང་བ་ཞིག་གིས་ཉན་ཞིབ་དེ་ཡང་གནང་དགོས་ཀྱི་འདུག་ཟེར་ཡིན་དུས་ང་ཚོས་ཉན་ཞིབ་ཀྱི་ལས་རིམ་དེ་གོ་སྒྲིག་ཞུས་པ་རེད། ཉན་ཞིབ་དེ་ཡང་ང་ཚོའི་ལོ་རྒྱུས་ནང་ལ་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་པ་རེད། ༢༠༠༨ལོར་ང་ཚོས་ཉན་ཞིབ་ཞིག་གོ་སྒྲིག་ཞུས་པ་རེད། དེའི་སྐབས་དེར་སྐུ་ཚབ་རྣམ་པ་གཉིས་ཀྱིས་བོད་རྒྱ་འབྲེལ་མོལ་གྱི་བརྒྱུད་རིམ་དང༌། ཕར་ཕྱོགས་འབྲེལ་བ་བྱེད་པའི་སྐབས་ལ་གནད་དོན་གང་འདྲ་གང་འདྲ་ཡོང་གི་ཡོད་མེད་དེ་ཚོའི་སྐོར་ངོ་སྤྲོད་ཞུ་རྒྱུའི་ཆེད་སྐུ་ཚབ་རྣམ་པ་གཉིས་གདན་འདྲེན་ཞུས་པ་རེད། འོན་ཀྱང་དེའི་སྐབས་ལ་སྐུ་ཚབ་བགྲེས་པ་གནད་དོན་ཞིག་གིས་ཕེབས་ཐུབ་ཡོད་པ་མ་རེད། ༧རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་དང་དེ་བཞིན་བཀའ་ཤག་ལྷན་རྒྱས། སྐུ་ཚབ་རྣམ་གཉིས་ཀྱི་ཕྱགས་རོགས་བུ་ཆུང་ལགས་དང་དྭགས་པོ་ལགས། འཇིགས་མེད་དཔའ་བཟང་ལགས་ཁོང་ཚོ་ཚང་མ་ཕེབས་ཡོད་པ་རེད། དེའི་སྐབས་སུ་ཉན་ཞིབ་ཞིག་གནང་བ་རེད། ད་རས་ཀྱི་ཉན་ཞིབ་དེར་སྐུན་མདུན་གྱི་བཀའ་འཕྲིན་དང་གྲོས་ཚོགས་ནང་ལ་དགོས་འདུན་བསྟོན་པ་ནང་བཞིན་ང་ཚོས་ཉན་ཞིབ་ཀྱི་གོ་སྒྲིག་ཞུས་པ་དེའི་ནང་ལ་སྔར་དང་མི་འདྲ་བ་འབྲེལ་ཡོད་བཀའ་ཟུར་རྣམ་པ་ཚོའང་གདན་འདྲེན་ཞུས་ནས། བཀའ་ཟུར་རྣམ་པ་ཚོས་ཀྱང་ཐུགས་མོས་ཆེན་པོ་གནང་ནས་ཕེབས་ནས་དེར་དགོངས་ཚུལ་གསུངས་ཡོད་པ་རེད། ཁོང་རྣམ་པ་ཚོའི་སེམས་ནང་ལའང་ཐུགས་དོགས་ཡོད་པ་དེ་ཚོ་གསལ་པོ་སེལ་སོང་ཟེར་ནས། ཐེངས་འདིར་བཀའ་ཟུར་༡༠ཕེབས་ཡོད་པ་རེད། དེའི་ནང་ལ་བཀའ་ཟུར་༨ཀྱིས་གསུངས་སྟངས་གཅིག་པ་གཅིག་རྐྱང་དང༌། གནད་དོན་འདིའི་ཐོག་ལ་དོགས་པ་དང་རྣམ་རྟོགས་རྩ་བ་ཉིད་ནས་མེད་གསལ་པོར་ཆགས་སོང་ཞེས་གསུངས་ཡོད་པ་རེད། དེ་ནས་སྤྱི་འཐུས་རྣམ་པོ་ཚོས་ཀྱང་དགོངས་ཚུལ་གསུངས་པ་རེད། དེར་བརྟེན་ནས་གྲོས་ཚོགས་ཀྱི་གཟིགས་སྟངས་སུ་མ་འོངས་པར་གནད་དོན་དེ་གླེང་མི་དགོས་པ་ཞིག་དང་གཙང་མ་གཙང་རྐྱང་དང༌། གསལ་པོ་གསལ་རྐྱང་སྐུ་མདུན་གྱིས་བཀའ་ཕེབས་པ་ནང་བཞིན་ང་ཚོས་འཁྲུན་ཐག་ཆོད་པ་ཞིག་བྱུང་སོང་བསམས་པ་དང༌། ང་ཚོས་དེའི་སྐབས་ལ་གསལ་བསྒྲགས་ཤིག་བྱས་པ་ཡིན། ཁ་སང་ཉན་ཞིབ་དེ་གྲུབ་པའི་རྗེས་ལ་གྲོས་ཚོགས་ཀྱི་ཉིན་རྒྱབ་ཀྱི་ལས་རིམ་ནང་ལ་ང་ཚོས་སྤྱི་འཐུས་རྣམ་པ་ཚོགས་ཆུང་ཆ་བགོས་བྱས་ནས་གྲོས་ཆོད་ཀྱི་ཟིན་བྲིས་དེ་ཚོ་མར་ཕུལ་ནས། དེ་རྗེས་ཚོགས་ཆུང་གཉིས་ཀྱིས་སྙན་ཐོ་ཡང་གྲོས་ཚོགས་ནང་ལ་སྙན་སྒྲོན་ཞུས། ཚོགས་ཆུང་གཉིས་ཀྱི་སྙན་ཐོ་དེ་དག་ཚུར་གཅིག་ཏུ་སྤུངས་ནས་དེ་རིང་ཞོགས་པར་གྲོས་ཚོགས་ནང་ལ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ད་རས་ཀྱི་གྲོས་ཚོགས་ཚོགས་དུས་འདི་ལ་གསུང་འཕྲིན་ཕེབས་པའི་སྒང་ལ་གྲོས་ཆོད་གྲོས་འཆར་ཞིག་དང༌། ད་ལྟའི་གྲོས་ཆོད་གྲོས་འཆར་བཞག་རྒྱུ་དེའི་ཐོག་ལ་སྤྱི་མོས་ཀྱི་ཐོག་ནས་དགག་བྱ་གཅིག་ཀྱང་མེད་པའི་ཐོག་ནས། ཚང་མས་བློ་སེམས་གཅིག་ཏུ་སྒྲིམ་པའི་ཐོག་ནས་གཏན་འབེབས་བྱེད་ཐུབ་པ་བྱུང་ཡོད་པ་རེད་ཅེས། བོད་ནང་ལ་ཡོད་པའི་བོད་མི་ཚོ་ཡིན་ནའང་རྩ་བ་ཉིད་ནས་ཐུགས་ཁྲལ་གནང་དགོས་པ་ཡོད་པ་མ་རེད། ང་ཚོ་འདིར་བཙན་བྱོལ་ནང་ལ་༧རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་མང་གཙོའི་ལམ་སྲོལ་གསར་གཏོད་བྱས་ནས་ད་བར་ལོ་༥༠ཙམ་འགྲོ་བཞིན་ཡོད་པ་རེད། དེའི་ཐོག་ལ་བསམ་ཚུལ་མི་འདྲ་བ་དེ་འདྲ་ཏན་ཏན་ཡོང་སྲིད་པ་ཞིག་རེད། བསམ་ཚུལ་མི་འདྲ་བ་ཡོང་སྲིད་ཀྱི་རེད་ལ་ཡོང་ཆོག་གི་རེད། དེ་བཞིན་སོ་སོའི་བསམ་ཚུལ་བཤད་ཆོག་གི་རེད། དེས་ང་ཚོའི་ནང་ལ་གཅིག་སྒྲིལ་མེད་པ་དང་ནུས་པ་མཉམ་སྤུངས་བྱ་རྒྱུར་འདོད་པ་མེད་པ། བཙན་བྱོལ་གྱི་སྤྱི་ཚོགས་འདི་ཧ་ཅང་འཐོར་བསྡད་ཡོད་པའི་རྣམ་པ་དང༌། མང་གཙོའི་གོ་སྐབས་གནང་ཡོད་པ་དེ་བླངས་མ་ཐུབ་པའི་གནས་སྟངས་རྩ་བ་ཉིད་ནས་ཆགས་ཡོད་པ་མ་རེད་ཅེས་བོད་ནང་ལ་ཡོད་པའི་བོད་མི་ཚོས་གསལ་པོ་མཁྱེན་ཐུབ་ན་བསམས་པའི་གསར་འགོད་གསལ་བསྒྲགས་འདི་བརྒྱུད་ནས་དེ་འདྲ་ཞུ་རྒྱུ་དང༌། དེ་བཞིན་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོར་དེ་ལས་ཀྱང་གོ་སྐབས་མང་བ་ཡོད་པ་རེད། དེ་རིང་འདིར་ང་ཚོས་གསར་འགོད་གསལ་བསྒྲགས་བྱེད་ནས་ཚོགས་གཙོ་དང་ཚོགས་གཞིན་གཉིས་བཅར་ནས་ཞུ་ཡ་དེ་སྤྱི་ཚོགས་ནང་ལ་གསུང་འཕྲིན་རིན་པོ་ཆེ་དེ་དང་འབྲེལ་བའི་ཐོག་ནས་བཀའ་མོ་མང་པོ་ཞིག་གཅིག་ནས་གཅིག་ཏུ་བརྒྱུད་ནས་བ་ཡིན་དུས་སྐད་ཆ་ཏག་ཏག་མ་བསྡད་པ་མ་ཆགས་པའི་ཆེད་དུ་དེ་རིང་འདིར་གསར་འགོད་འགལ་བསྒྲགས་འདི་གནང་བ་རེད།

མཐའ་མ་དེར་འབྱུང་འགྱུར་བྱེད་ཕྱོགས་དེ་གྲོས་ཚོགས་ཀྱི་བསམ་འཆར་དང་མངོན་འདོད་གསར་པ་དེ་འདྲ་སྟོན་རྒྱུ་ཡོད་པ་ཡིན་ན། སྦྱོར་དངོས་འཇུག་གསུམ་གང་ལྟར་ཆ་ཚང་བ་ཞིག དེ་ཡང་སྲིད་ཇུས་ཙམ་ཞིག་འགྱུར་བ་གཏོང་ནས་དབུ་མའི་ལམ་ནས་རང་བཙན་སྒྲུབ་རྒྱུ་ཟེར་བ་དེ་འདྲ་ཙམ་ཞིག་མ་ཡིན་པའི་ཐོག་ནས། འགྲོ་བ་ཡིན་ན་འགྲོ་སྟངས་གང་འདྲ་ཞིག་འགྲོ་རྒྱུ་ཡིན་པ་དང༌། ལས་རིམ་གང་འདྲ་ཞིག་སྒྲིག་རྒྱུ་ཡིན་པ། མཐའ་མར་སླེབས་ས་གང་ཞིག་ཏུ་སླེབས་ཀྱི་རེད་དེ་ཚོ་ཆ་ཚང་ཞིག་དང༌། སྒྲོམ་གཞི་ཆ་ཚང་ཞིག་ཡོད་པའི་ཐོག་ནས་དེ་འདྲ་བའི་བསམ་འཆར་གསར་པ་སྟོན་རྒྱུ་ཡོད་པ་ཡིན་ན་འཁྱེར་ཤོགས་ཅེས་བཀའ་གནང་ཡོད་པ་རེད། དེའི་ཐོག་ནས་གྲོས་ཚོགས་ནང་ལ་བགྲོ་གླེང་གནང་བའི་སྐབས་དང་ཉན་ཞིབ་གནང་བའི་སྐབས་སུ་གཅིག་ལ་གསར་པ་བཏོན་རྒྱུ་ཡོད་ཅེས་གསུང་མཁན་མི་འདུག དུས་ལ་བབས་འདུག་ཟེར་ནས་གསུངས་མཁན་ཁ་ཤས་འདུག དུས་ལ་བབ་འདུག་གསུངས་མཁན་དེ་ཚོས་ཁོ་རང་ཚོ་བློ་རྩེ་བསྡུར་ནས་ཐབས་ལམ་དེ་འདྲ་སྟོན་རྒྱུ་ཡོད་པ་ཡིན་ན། དེ་ནི་ག་དུས་ཡིན་རུང་ང་ཚོས་སྒོ་བརྒྱབ་ཡོད་པ་མ་རེད། ཁ་སང་ཚོགས་གཙོས་ཞུས་པ་ཡིན། ཚོགས་གཙོ་བགྲེས་པོས་སྐུ་ཚབ་བྱས་ནས་ཞུས་པ་རེད། དེ་འདྲ་ཡིན་དུས་མ་འོངས་པར་ཡང་བོད་པའི་སྤྱི་ཚོགས་ནང་ལ་བཀའ་ཟུར་ཞིག་གིས་བཀའ་གནང་སོང་ཟེར་ནས་གོ་སྐབས་མི་འདུག་གསུང་སོང༌། དེ་གོ་སྐབས་མིན་པ་རྩ་བ་ཉིད་ནས་མ་རེད་བསམས་ཀྱི་ཡོད། གང་ལྟར་བོད་རིགས་ཤིག་ཡིན་པའི་ཚུན་ཆད་ལ་དེ་འདྲའི་བསམ་འཆར་གསར་པ་སྦྱོར་དངོས་འཇུག་གསུམ་ཚང་བའི་བསམ་འཆར་དེ་འདྲ་སྟོན་རྒྱུ་ཡོད་པ་ཡིན་ན། འཛིན་སྐྱོང་བཀའ་ཤག་གི་བརྒྱུད་ནས་ཡིན་ན་རེད། ཚོགས་གཙོ་བགྲེས་པོའི་བརྒྱུད་ནས་ཡིན་ན་རེད། ག་དུས་ཡིན་རུང་ཕུལ་སའི་ལམ་ཁ་ཡོད་པ་རེད། དེ་ནི་སྤྱོ་ཡོངས་ཀྱི་གནས་སྟངས་དེ་འདྲ་ཞིགས་ཆགས་ཡོད་པ་རེད། དེའི་ཐོག་ལ་ད་ནང་ཞོགས་པར་ང་ཚོས་གྲོས་ཆོད་བཞག་པའི་ནང་ནས། གང་ལྟར་༧རྒྱལ་བ་རིན་པོ་ཆེས་བོད་རྒྱ་འབྲེལ་མོལ་གྱི་ལས་རིམ་ནང་ལ་རྒྱ་ནག་མི་མང་སྤྱི་འཐུན་རྒྱལ་ཁབ་ལ་གནང་བའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དང༌། དེའི་འགྲེལ་བརྗོད་ཀྱི་ནང་དོན་ཆ་ཚང་༧རྒྱལ་བ་རིན་པོ་ཆེའི་རླབས་ཆེན་གྱི་དགོངས་བཞེས་དང་ཡོངས་སུ་མཐུན་པ་ཡིན་པ་ཞིག་ང་ཚོར་ངེས་པ་བརྙེད་སོང༌། དེ་བཞིན་གོ་རྟོགས་གསལ་པོ་བྱུང་སོང་ཟེར་ནས་གྲོས་ཆོད་བཞག་ཡོད་པ་རེད། ཡིག་ཆ་དེ་ཚོ་གྲོས་ཚོགས་ལ་གྲོས་བསྡུར་གནང་མི་དགོས་པ་དང༌། གནང་དགོས་ཀྱི་མེད་པ་ཞིག་ལ་ང་ཚོས་ཡིད་ཆེས་བྱེད་ཀྱི་ཡོད། དེ་ཡང་ཡིག་ཆ་དེ་གྲོས་ཚོགས་ལ་མ་བསྟན་པ་དང༌། གྲོས་ཚོགས་ཀྱིས་འདོད་པ་མ་གནང་བ་དེ་ང་ཚོས་གྲོས་ཆོད་བཞག་ཡོད་པ་གཞིར་བཟུང་ཐོག་ནས་སྟོན་མི་དགོས་པ་ཞིག་ལ་ང་ཚོས་ངོས་འཛིན་ཞུ་བཞིན་ཡོད་ཟེར་ནས་གྲོས་ཆོད་དེ་འདྲ་བཞག་ཡོད་པ་རེད། གྲོས་ཆོད་ཀྱི་གྲོས་དོན་གསུམ་པ་དེ་༡༩༩༧ལོའི་ཟླ་༩ཚེས་༡༨ཉིན་མང་མོས་འོས་བསྡུའི་ལས་རིམ་བྱེད་མི་དགོས་པའི་ཐོག་ནས་གནང་བའི་མི་མང་གི་བསམ་འཆར་ནང་མི་མང་མང་ཆེ་བ་ཞིག་གིས་༧རྒྱལ་བ་རིན་པོ་ཆེས་དུས་ནས་དུས་སུ་ག་རེ་ཐུགས་ཐག་གཅོད་པ་ཡིན་ནའང་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐུགས་ཐག་གཅོད་རོགས་གནང་ཞེས་གྲོས་ཆོད་བཞག་པ་དེའི་ཐོག་ནས་ང་ཚོས་༧རྒྱལ་བ་རིན་པོ་ཆེ་མཆོག་ལ་ཇི་ལྟར་གསོལ་བ་བཏབ་པ་ནང་བཞིན་ད་ལྟ་ཕན་ཆད་ལ་བོད་ཀྱི་རྩ་དོན་དང་དེ་བསྒྲུབ་པའི་ཐབས་ལམ་ཚང་མ་༧གོང་ས་མཆོག་གིས་དུས་ནས་དུས་སུ་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐག་གཅོད་བཀའ་དྲིན་བསྐྱངས་ཡོད་པ་རེད། དེ་ལ་ང་ཚོས་སྙིང་ནས་བཀའ་དྲིན་བསམ་ཤེས་བྱེད་བཞིན་ཡོད་ཟེར་ནས། དེའི་ཐོག་ལ་གོང་གསལ་གྲོས་ཆོད་ནན་ཏན་གྱི་ཐོག་ནས་བསྐྱར་དུ་འཇུག་སྣོན་དང་འབྲེལ་བའི་མ་འོངས་པ་ཡིན་ནའང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དུས་ནས་དུས་སུ་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐག་གཅོད་གནང་རྒྱུའི་ཐུགས་འགན་དེ་མུ་མཐུད་ནས་བཞེས་རོགས་གནང༌། ༧སྐྱབས་མགོན་རིན་པོ་ཆེས་ཐག་གཅོད་ག་རེ་གནང་བ་ཡིན་ནའང༌། ཕྱག་བསྟར་ག་རེ་གནང་བ་ཡིན་ནའང་ང་ཚོ་གྲོས་ཚོགས་ཀྱིས་མོས་མཐུན་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན་ཞེས་དེ་རིང་གྲོས་ཆོད་དེ་འདྲ་བཞག་ཡོད་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་སྒྲ་ཕབ་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།