དགོངས་ཚུལ།

གསུང་འཕྲིན་སྐོར་ཉན་ཞིབ་དང་དོགས་འདྲི།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཉན་ཞིབ་ཚོགས་ཆེན་དེའི་ཉིན་དང་པོའི་སྐབས་བཀའ་བློན་ཁྲི་པ་མཆོག་གིས་དོགས་འདྲི་དང་དགོངས་ཚུལ་ཁག་ལ་བཀའ་ལན་ཕེབས་དོན། སྐྱབས་མགོན་རིན་པོ་ཆེས་ག་དུས་ཡིན་རུང་མི་མང་གི་མཐའ་མའི་ཐག་གཅོད་དེ་བོད་མི་མང་གིས་བྱེད་ཀྱི་རེད་ཅེས་བཀའ་གནང་གི་ཡོད་པ་རེད། ད་རས་བསམ་འཆར་ཡིག་ཆ་དེའི་ནང་མི་འདུག་ཟེར་ནས་བཀའ་གནང་མཁན་དེ་འདྲ་བྱུང་སོང༌། དེ་དྲི་བ་གང་ཡང་མ་རེད་དེ་དགོངས་ཚུལ་ཙམ་ཞིག་རེད། ཡིན་ནའང་ང་ཚོའི་ངོས་ནས་ངེས་པར་དུ་གསལ་པོ་བཟོ་དགོས་པ་ཞིག་ལ། མཐའ་མའི་ཐག་གཅོད་དེ་བོད་ནང་ལ་ཡོད་པའི་བོད་རྒྱ་ཆེ་མི་མང་གི་བྱ་རྒྱུ་ཡིན་པ་དེ་༧སྐྱབས་མགོན་རིན་པོ་ཆེའི་དགོངས་བཞེས་ལ་དུས་ནམ་ཡང་འགྱུར་བ་མེད་པ་ཞིག་རེད། ད་རས་ཀྱི་བསམ་འཆར་ཡིག་ཆ་འདིའི་ནང་ལའང་མཐའ་མའི་ཐག་གཅོད་དེ་བོད་མི་མང་གིས་བྱེད་ཀྱི་རེད་ཟེར་བའི་ཚིག་དེ་འདྲ་བཀོད་ཡོད་པ་མ་རེད་དེ། ཐག་གཅོེད་བྱུང་བའི་ཉིན་མོ་དེར་བོད་མི་མང་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་དགོས་པ་རེད་ཅེས་བཀའ་གནང་ཡོད་པ་རེད། དེ་འཐོབ་རྒྱུའི་ཆེད་དུ་ངས་རོགས་པ་ཞུ་དགོས་བྱུང་རུང་ཞུ་རྒྱུ་ཡིན། དེ་ག་རེ་ཟེར་གྱི་ཡོད་པ་རེད་ཟེར་ན། དེ་སྔོན་མ་ནས་མཐའ་མའི་ཐག་གཅོད་དེ་བོད་མི་མང་གིས་བྱེད་ཀྱི་རེད་ཟེར་བ་དེ་བསྐྱར་ལྡབ་གནང་གི་ཡོད་པ་རེད། དེ་ལས་ཧ་ལས་དགོས་པ་ཞིག་ལ་བཀའ་མོལ་ལྗིད་ཁོག་ཚ་པོ་ཞིག་བྱུང་སོང༌། བཀའ་ཡིན་ཟེར་ནས། བཙན་དབང་དང་གནོན་ཤུགས་སྤྲད་ནས་བཤད་ས་མེད་པ་བཟོ་ཡི་འདུག་ཟེར། དེ་འདྲ་རྩ་བ་ནས་མ་རེད་ཅེས་ཞུ་རྒྱུ་ཡིན། དེ་འདྲར་ངོས་འཛིན་གནང་བ་ཡིན་ན། ང་ཚོ་ད་ལྟ་སྤོབས་པའི་ཐོག་ནས་བཙན་བྱོལ་བོད་མི་སྤྱི་ཚོགས་ཀྱི་ནང་ལ་མང་གཙོའི་འཕེལ་རིམ་དེ་ཧ་ཅང་གི་ཚད་མཐོ་པོར་སླེབས་ཡོད་པ་རེད་བསམས་ཀྱི་ཡོད།

དེ་འདྲར་སླེབས་པའི་ཉེ་ལེན་ལ་བརྟེན་ནས་དེ་རིང་འདིར་འདི་འདྲའི་བཙན་བཤད་གནང་བ་དང༌། མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་བྱས་པའི་བཀའ་ཤག་གི་ངོས་ནས་ཡིན་ནའང་ལྷག་བསམ་རྣམ་དག་གི་ཐོག་ནས་དེར་གུས་བརྩི་དང་ལན་འདེབས་ཞུ་རྒྱུ་དེ་གལ་ཆེན་པོ་ཡིན་པ་དང༌། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མང་ཚོགས་ནང་ལ་བསམ་ཚུལ་ག་དུས་བྱུང་བ་ཡིན་ནའང་ཐད་ཀར་མང་ཚོགས་ཀྱི་བསམ་ཚུལ་དང་བསྟུན་པ་དང༌། བསམ་ཚུལ་ལ་འདུ་ཤེས་གནང་བ། མང་ཚོགས་མང་ཤོས་ཀྱི་བསམ་ཚུལ་དང་མཉམ་དུ་ཕེབས་རྒྱུ་དེ་༧སྐྱབས་མགོན་རིན་པོ་ཆེའི་རྨ་མེད་པའི་དགོངས་བཞེས་ཤིག་ཡིན་པ་ང་ཚོས་ག་དུས་ཡིན་རུང་ངོས་ལེན་བྱེད་བཞིན་ཡོད། དེ་འདྲ་བྱེད་ནས་ད་རས་གྲོས་ཚོགས་ནང་ལ་གསུང་འཕྲིན་ཕེབས་དགོས་པ་དེ་ཡང་གྲོས་ཚོགས་དང་མང་ཚོགས་ཀྱི་བསམ་ཚུལ་གལ་གནད་ཆེན་པོ་བརྩིས་ནས་ཕེབས་པ་ཞིག་རེད་མ་གཏོགས། དེའི་ཐོག་ལ་བཙན་བཀའ་བཏང་ནས་ཕེབས་པ་ཞིག་རྩ་བ་ཉིད་ནས་ངོས་འཛིན་མི་བྱེད། ང་ཚོའི་ངོས་ནས་དེ་ལྟ་བསམས་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།

ཉན་ཞིབ་ཚོགས་ཆེན་དེའི་ཉིན་གཉིས་པའི་སྐབས་བཀའ་བློན་ཁྲི་པ་མཆོག་གིས་དོགས་འདྲི་དང་དགོངས་ཚུལ་ཁག་ལ་བཀའ་ལན་ཕེབས་དོན། བཀུར་འོས་སྤྱི་འཐུས་གཅིག་ལས་མང་བ་ཞིག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་སྔོན་འགྲོའི་སྡེ་ཚན་ནང་ལ་ཆབ་སྲིད་ཀྱི་རང་བཞིན་ལུང་དུ་དྲངས་ནས་ང་ཚོས་ད་ལྟ་བསམ་འཆར་ཡིག་ཆ་སྤྲད་པ་དེ་བཅའ་ཁྲིམས་དང་འགལ་བ་རེད་དང་འགལ་བ་མ་རེད་ཅེས་དྲིས་བ་བཏོན་སོང༌། དེའི་ལན་ལ་བཀའ་ཤག་གི་གསལ་བཤད་ནང་ལ་མདོར་བསྡུས་ཤིག་ཞུས་ཟིན་པ་ཡིན། ང་ཚོའི་ཡིག་ཆ་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འགལ་མེད་ཅེས་ཞུས་པ་རང་འཇགས་ཡིན་པ་ལས་དེ་ལ་བཟོ་བཅོས་རྒྱག་དགོས་པ་གང་ཡང་མེད། མདོར་བསྡུས་ཤིག་བརྗོད་ན། བཅའ་ཁྲིམས་ཟེར་བ་དེ་ཁྲིམས་ཀྱི་ཡིག་ཆ་ཞིག་རེད། ལམ་སྟོན་གྱི་ཡིག་ཆ་ཞིག་ཀྱང་རེད། སྤྱིའི་རྩ་འཛུགས་ཡིག་ཆ་ཞིག་ཀྱང་རེད། དེའི་ནང་ལོག་ལ་མང་པོ་ཞེ་བོ་ཞིག་ཚུད་བསྡད་ཡོད་པ་རེད། དེ་འདྲ་སོང་བ་ཡིན་ཙང༌། འགལ་དང་མི་འགལ་ཞེས་པ་གཟིགས་སྟངས་མི་འདྲ་བའི་ཐོག་ནས་གཟིགས་དགོས་པ་མ་གཏོགས། ཚིག་དང་འབྲེལ་བའི་ཐོག་ནས་འགལ་བ་རེད་ཅེས་ཟེར་ན་འགྲིགས་ཀྱི་ཡོད་པ་མ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་འདུལ་བ་གསུངས་པའི་སྐབས་ལ་དུམ་པ་བཞི་ཡོད་པ་རེད། གླེང་ཞེས་པའི་སྡེ་ཚན་གཅིག་ཡོད་པ་རེད། དགག་པ། སྒྲུབ་པ། གནང་པ་ཞེས་པའི་སྡེ་ཚན་གཅིག་ཡོད་པ་རེད། དེ་ནས་འདམས་ངག་ཅེས་པའི་སྡེ་ཚན་གཅིག་ཡོད་པ་རེད། དེ་བཞིན་དུ་རྩ་ཁྲིམས་མང་ཆེ་བ་ཞིག་གི་ནང་ལ་གཟིགས་པ་ཡིན་ན། དགག་པ། སྒྲུབ་པ། གནངས་པ་གསུམ། དེ་འདྲ་སོང་བ་ཡིན་ཙང༌། བཅའ་ཁྲིམས་ནང་ལ་གང་ཡོད་པ་དེ་ཚོ་ཁྲིམས་ཀྱི་ཐོག་ནས་སྲུང་སྐྱོབ་བྱེད་ཐུབ་པ་འདྲ་པོ་ཞིག་དང༌། ཁྲིམས་ཀྱི་ཐོག་ནས་སྲུང་སྐྱོབ་བྱེད་མི་ཐུབ་པ་ཞེས་གཉིས་རང་བཞིན་གྱིས་ཤེས་དགོས་པ་ཞིག་རེད། ད་ལྟ་གླེང་སློང་བྱེད་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཚིག་སྦྱོར་དེ་གང་ལ་ཡོད་པ་རེད་ཅེས་ན། དེ་ཡོད་ས་ལེའུ་འགོ་འགོ་ན་ཡོད་པ་རེད། གཞི་རྩའི་ལམ་སྟོན་ཞེས་པའི་ནང་ལ་ཡོད་པ་རེད། གཞི་རྩའི་ལམ་སྟོན་དེ་གཞུང་གིས་རྩ་བ་ནས་སྒྲུབ་ཀྱིན་མི་འདུག དེའི་ནང་ལ་ཆབ་སྲིད་ཀྱི་ལམ་སྟོན། དེ་འདྲ་ཡིན་ཙང༌། ཁྱོན་ཡོངས་ནས་བཤད་ན་དེ་ག་བར་ཡོད་པ་རེད་ཅེས་ན། དེའི་ནང་ལ་ཡོད་པའི་གནས་ཚུལ་དེ་དག་རྩ་ཁྲིམས་ཀྱི་འོག་བསྡད་མཁན་ཚོས་སྒྲུབ་ཐུབ་དང་མ་ཐུབ་ཅི་རིགས་ཤིག་ཡོད་བསྡད་པ་རེད། ངས་དཔེ་མཚོན་ཞིག་ཞུས་པ་ཡིན་ན། ང་ཚོའི་གནས་ཚང་དེ་རྒྱ་གར་འཕགས་པའི་ཡུལ་རེད། རྒྱ་གར་འཕགས་པའི་ཡུལ་གྱི་རྩ་ཁྲིམས་དེ་འཛམ་པོ་གླིང་གི་རྩ་ཁྲིམས་མང་པོའི་ནང་ནས་རྒས་ཤོས་ཤིག་ཡིན་ཟེར་གྱིན་ཡོད་པ་རེད། རྒྱ་གར་གཞུང་གི་རྩ་ཁྲིམས་ཀྱི་སྔོན་གླེང་ནང་ལ་ག་རེ་ཡོད་པ་རེད་ཅེ་ན། རྒྱ་ནག་༡༩༧༦ལོར་རྩ་ཁྲིམས་བསྐྱར་བཅོས་༤༢པའི་སྐབས་ལ། སྤྱི་ཚོགས་རིང་ལུགས་ཞེས་པ་ཡར་ལ་བཅུག་པ་རེད། དེ་བཅུག་ནས་རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་ཞེས་པ་དེ་རྫོགས་པ་རེད། སྤྱི་ཚོགས་རིང་ལུགས་རྫོགས་པ་མ་ཟད། ཆ་ཚང་མ་རྩ་རིང་ལུགས་ལ་སོང་ནས། ད་ལྟའི་གནས་སྐབས་ལ་ཉམས་ལེན་ཆ་ཚང་གནང་མཁན་གྱི་རྒྱལ་ཁབ་ཅིག་ཆགས་ཡོད་པ་རེད། ཡིན་ནའང༌། མི་གང་ཡང་རུང་བ་ཞིག་གིས་ཆེས་མཐོའི་ཁྲིམས་ནང་ལ་ཕྱིན་ནས་མ་རྩ་རིང་ལུགས་ཀྱི་ལམ་ལུགས་དེ་ལག་ལེན་བསྟར་གྱིན་འདུག ང་ཚོའི་རྩ་ཁྲིམས་ཀྱི་མགོ་བརྗོད་ཀྱི་ནང་ལ་སྤྱི་ཚོགས་རིང་ལུགས་ཞེས་འཁོད་འདུག དེ་ཁྲིམས་འགལ་མ་རེད་དམ་ཞེས་ནས་དེ་ལག་ལེན་བསྟར་ཡའི་ཆ་ཤས་ནང་མེད་པར་མགོ་བརྗོད་ཀྱི་ཆ་ཤས་ནང་ཡོད་པའི༌། དེ་དང་ཆ་མཚུངས་པའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལྟ་བུར་ཆ་མཚོན་ན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ད་ལྟ་ལག་ལེན་བསྟར་བཞིན་པའི་རྩ་ཁྲིམས་དེ་༡༩༨༢ལོར་གཏན་ལ་ཕབ་པའི་རྩ་ཁྲིམས་གསར་ཤོས་ཤིག་རེད། ཡིན་ནའང༌། དེ་གཏན་ལ་ཕབ་པ་ནས་བཟུང་ད་ལྟ་བར་དུ་བསྐྱར་བཅོས་མང་པོ་ཕྱིན་ཚར་བ་རེད། བསྐྱར་བཅོས་མ་ཕྱིན་པར་བསྡད་པ་དེ་སྤྱིའི་རྩ་འཛིན་དེ་རེད། ང་ཚོ་ནང་བཞིན་ཁོ་རང་ཚོར་སྤྱིའི་རྩ་འཛིན་ཞེས་པ་ཞིག་ཡོད་པ་རེད། སྤྱིའི་རྩ་འཛིན་ནང་ག་རེ་བྲིས་ཡོད་རེད་ཅེ་ན། ཀྲུང་གོ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་བཟོ་བ་གྲལ་རིམ་གྱི་འགོ་ཁྲིད་བྱེད་པ་ཞིག་དང་བཟོ་ཞིང་མནའ་སྦྲེལ་གྱི་རྨང་གཞི་བྱས་པའི་མི་དམངས་མང་ཚོགས་ཀྱི་སྲིད་དབང་འགན་འཛིན་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་ཞེས་གསལ་པོར་བཀོད་ཡོད་པ་རེད། དེའི་ནང་ལ་བཟོ་བ་གྲལ་རིམ་དང་ཞིང་པའི་གྲལ་རིམ་མཉམ་འབྲེལ་གྱིས་བྱས་པ་མ་གཏོགས། གཞན་ཚུད་ཡོད་པ་མ་རེད། ཡིན་ནའང༌། ཅང་ཙེ་མིན་གྱི་མཚོན་བྱེད་གསུམ་དེ་བཟོ་བའི་གྲལ་རིམ་དང་ཞིང་པའི་གྲལ་རིམ་ནང་ལ་མེད་མཁན་དེ་ཚོ་ཡོང་ས་ལ་མཚོན་བྱེད་གསུམ་གྱི་ལམ་ཁ་དེ་བསྟན་པ་རེད། དེ་ལ་སུ་གང་གཅིག་གིས་སྤྱི་རྩ་འཛུགས་དང་རྕ་ཁྲིམས་དང་འགལ་གྱིན་འདུག་ཅེས་ལབ་ཡོད་པ་མ་རེད་ལ། ལབ་སའང་ཡོད་པ་མ་རེད་ལ། ལབ་པའི་ལུགས་སྲོལ་ཡང་ཡོད་པ་མ་རེད། དེ་འདྲ་སོང་བ་ཡིན་ཙང༌། སྤྱིའི་རྩ་འཛུགས་ནང་ལ་ཡོད་པའི་གནས་ཚུལ་དེ་དག་རྗེས་མ་དེ་དང་མ་མཐུན་པ་བྱུང་བ་ཡིན་ན། དེ་ཁྲིམས་འགལ་རེད་དམ་མ་རེད་ཅེས་རྩོད་གླེང་བྱེད་པའི་ལུགས་སྲོལ་མེད་པ་རེད་ཅེས་ཞུས་པ་ཡིན། སྤྱིའི་རྩ་འཛིན་ཡིན་ན་འདྲ། གཞུང་གི་རྩ་བའི་བྱེད་སྒོ་ལམ་སྟོན་ཟེར་བ་དེའི་ནང་ལ་དོན་ཚན་མང་པོ་ཞིག་བཀོད་ཡོད་པ་རེད། གཞུང་གི་རྩ་བའི་བྱེད་ཕྱོགས་ལམ་སྟོན་ནང་ལ་ཡོད་པ་ཞིག་གཞུང་གིས་མ་བྱས་པ་ཡིན་ན། ཁྲིམས་ཞིབ་ཁང་གི་ནང་ལ་ཕྱིན་ནས་གཞུང་གི་རྩ་བའི་བྱེད་སྒོ་ལམ་སྟོན་ནང་ལ་འདུག་དེ་གཞུང་གིས་ལག་ལེན་བསྟར་དགོས་པ་རེད་ཅེས་ཞུ་ས་ཡོད་པ་མ་རེད། ཐུབ་ན་བྱེད་ཡ་ཞིག་རེད། མ་ཐུབ་ན་སྒུག་ཡ་ཞིག་རེད། དེ་འདྲ་སོང་བ་ཡིན་ཙང་གཞུང་གི་རྩ་བའི་བྱེད་སྒོ་ལམ་སྟོན་ནང་ལ་ཤེས་ཡོན་སྲིད་བྱུས་གཏན་ལ་ཕབ་དགོས་ཞེས་ཧ་ཅང་གསལ་པོ་བཀོད་ཡོད་པ་རེད། འོན་ཀྱང་བཅའ་ཁྲིམས་གཏན་ལ་ཕབ་ནས་ལོ་མང་པོའི་རིང་ལ་ཕབ་ཐུབ་ཡོད་པ་མ་རེད། དེ་གཏན་ལ་ཕབ་མ་ཐུབ་པ་དེ་རྩ་ཁྲིམས་དང་འགལ་བ་མ་རེད་དམ་ཟེར་ནས་ཁྲིམས་ཁང་ནང་འགྲོ་ས་ཡོད་པ་མ་རེད། སྤྱིའི་ལམ་དང་ལུགས་སྲོལ་དེ་འདྲ་རེད། དེ་ལས་གནད་འགག་ཆེ་བ་ཞིག་ནི་ཡིག་ཆ་དེ་༧སྐྱབས་མགོན་རིན་པོ་ཆེའི་ཡེ་ཤེས་དབྱིངས་དཔྱད་རེད་མི་འདུག འོག་ནས་ཟིན་བྲིས་བརྒྱབ་ནས་ཡར་ཕུལ་འདུག་ཟེར་བ་དེ་འདྲ་བཀའ་གནང་སོང༌། འོག་ནས་ཟིན་བྲིས་བརྒྱབ་ནས་ཡར་ཕུལ་བའི་རྒྱུ་མཚན་དེ་༧སྐྱབས་མགོན་རིན་པོ་ཆེའི་ཡེ་ཤེས་དབྱིངས་དཔྱད་མིན་པ་དང༌། གང་ཉིད་ཀྱི་དགོངས་བཞེད་མིན་པ་ཞིག་སྒྲུབ་གནང་བ་ཡིན་ན། ༧སྐྱབས་མགོན་རིན་པོ་ཆེའི་ཡེ་ཤེས་དབྱིངས་དཔྱད་ཡིན་པ་ཞིག་རག་པར་ཁག་པོ་བྱེད་ཀྱི་རེད་བསམས་ཀྱི་འདུག སྔོན་ལ་བཙན་བྱོལ་བོད་མའི་བཅའ་ཁྲིམས་དེ་སྐབས་༡༡པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཡེ་ཤེས་དབྱིངས་དཔྱད་བྱས་ནས་གཏན་ལ་ཕབ་པ་ཞིག་རེད་དམ་མ་རེད་ངས་དེར་དྲི་བ་འདྲི་རྒྱུ་ཡིན། གང་ཡིན་ཟེར་ན་ཟིན་བྲིས་ཚོགས་ཆུང་གི་ལོ་གཅིག་ཙམ་གྱི་རིང་ཟིན་བྲིས་བརྒྱབ་ནས་མཁས་པ་མང་པོ་དང་འབྲེལ་བྱས་པ་དང༌། དེ་ནས་ཡར་ཕུལ་བ་ཞིག་རེད། ཟིན་བྲིས་བརྒྱབ་ནས་ཕུལ་བ་ཞིག་གི་རྒྱུ་མཚན་ལ་བརྟེན་ནས་དེ་ལ་བཀའ་ཁྲོལ་གནང་མཁན་དེའི་དགོངས་པ་མིན་པ་ཞིག་སྒྲུབ་ཐུབ་ཀྱི་ཡོད་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དགོངས་པ་མ་རེད། དེ་ཟིན་བྲིས་ཚོགས་ཆུང་གི་དགོངས་པ་རེད། ཟིན་བྲིས་ཚོགས་ཆུང་གིས་སྤྱི་འཐུས་ལྷན་ཚོགས་དབུ་སྐོར་ཞུས་པ་རེད། སྤྱི་འཐུས་ལྷན་ཚོགས་དབུ་འཁོར་ནས་ཡིད་ཆེས་གནང་བ་ཞིག་རེད་ཅེས་བཀའ་གནང་བ་ཡིན་ན། ང་ཚོ་ག་པར་སླེབས་ཀྱི་འདུག རྒྱུན་དུ་ང་ཚོས་མང་གཙོ་ཀ་བ་གསུམ་ཞེས་གླེང་བའི་སྐད་ཆ་དེ་ག་པར་སླེབས་ཀྱི་འདུག ལྷག་པར་དུ་ཆོས་ཀྱི་གནས་ལུགས་དང་མཐུན་པའི་ཆོས་པ་ཞིག་གིས་ད་ལྟ་བཀའ་མོལ་དེ་འདྲ་ཕར་ཆེར་གནང་མི་སྲིད་པ་འདྲ་པོ་ཞིག་ཡོད་པ་རེད། ང་ཚོ་སངས་རྒྱས་ཀྱི་གསུང་མཇལ་བའི་སྐབས་ལ། ཞལ་ནས་གསུང་བའི་བཀའ། རྗེས་སུ་མངའ་བའི་བཀའ། བྱིན་གྱིས་བརླབས་པའི་བཀའ་ཟེར་ནས་གསུངས་ཀྱི་ཡོད་པ་རེད། ཚང་མ་གཅིག་པར་བརྩི་དགོས་ཀྱི་རེད་མ་གཏོགས། ཞལ་ནས་གསུང་བའི་བཀའ་གཅིག་པུ་ལས་བཀའ་མ་རེད་ཅེས་ལབ་རྒྱུ་ཡོད་པ་མ་རེད། ང་ཚོས་རྒྱུན་དུ་ཤེས་རབས་སྙིང་པོ་གསུང་གི་ཡོད་པ་རེད། བཀུར་འོས་སྤྱི་འཐུས་ཚོའི་ནང་ལ་ཡང་ཤེས་རབས་སྙིང་པོ་གསུང་རྒྱུ་མེད་མཁན་ཡོད་ཀྱི་མ་རེད་བསམ་གྱི་འདུག ཤེས་རབས་སྙིང་པོའི་ནང་ལ་སངས་རྒྱས་རང་གི་གསུང་དེ། ལེགས་སོ་ལེགས་སོ་རིགས་ཀྱི་བུ་དེ་དེ་བཞིན་ནོ་ཟེར་བ་ད་མ་གཏོགས་ཡོད་པ་མ་རེད། ཚང་མ་སྤྱན་རས་གཟིགས་དབང་ཕྱུག་དང་ཤཱ་རིའི་བུ་རྣམ་གཉིས་ཀྱིས་ཕར་ཚུར་བཀའ་སྡུར་གནང་བ་ཞིག་རེད། འོན་ཀྱང་མཐའ་མ་དེ་སངས་རྒྱས་ཀྱིས་དེ་ག་རང་རེད་གསུངས་པ་ཡིན་དུས་དེ་བཀའི་ནང་བཞག་ཡོད་པ་རེད་མ་གཏོགས་བསྟན་བཅོས་ནང་བཞག་ཡོད་པ་མ་རེད། ཤཱ་རི་བུ་དང་སྤྱན་རས་གཟིགས་དབང་ཕྱུག་གིས་བརྩམས་པའི་བསྟན་བཅོས་ནང་བརྩི་ཡི་ཡོད་པ་མ་རེད། སངས་རྒྱས་ཀྱིས་གསུངས་པའི་བཀའི་ནང་བརྩི་ཡི་ཡོད་པ་རེད། རྒྱུ་མཚན་དེ་དག་འདིར་དྲང་བ་ཡིན་ན་ཕ་ཆེར་མཚུངས་ས་རེད་བསམས་ཀྱི་འདུག ཐེངས་འདིའི་གསུངས་འཕྲིན་བསྩལ་བ་དེ་ཡང་སྐྱབས་མགོན་རིན་པོ་ཆེའི་བཀའ་མ་རེད་ཟེར། སྐུ་སྒེར་ཡིག་ཚང་ནས་ཟིན་བྲིས་བརྒྱབ་ནས་དེའི་ནང་ལ་ཡིག་ནོར་ཡང་འདུག་ཨ་ཞེས་ལབ་པ་ཡིན་ན། འཛམ་བུ་གླིང་གི་ཆབ་སྲིད་དང་སྤྱི་ཚོགས་སུ་འདྲ་ཞིག་ཡིན་ནའང་ཁོང་གི་དགོངས་དོན་ཡིག་ཐོག་ཏུ་བཀོད་པའི་སྐབས་ལ་ཟིན་བྲིས་ཞབས་རྗེས་ཞུ་མཁན་མེད་པ་ཚང་མ་སོ་སོ་རང་གིས་བྲིས་དགོས་པ་ཞིག་ད་ལྟ་ཕན་ཆད་ལ་བྱུང་ཡོད་ཀྱི་མ་རེད། མ་འོངས་པར་ཡང་ཡོང་གི་མ་རེད། ད་དུང་དེ་ལས་ཚབ་ཆེ་བ་ཞིག་ལ་༧སྐྱབས་མགོན་རིན་པོ་ཆེར་དབུ་སྐོར་ཞུས་པ་རེད་ཅེས་གསུངས་སོང༌། ༧སྐྱབས་མགོན་རིན་པོ་ཆེར་དབུ་སྐོར་ཞུ་ཆོག་ཆོག་ཅིག་དང་ཕེབས་ཆོག་ཆོག་ཅིག་ཡོད་པ་མ་རེད། དེ་ནི་སྐུའི་གསང་བ་གསུམ་གྱི་ཡོན་ཏན་ལ་ཁྱད་ཚིག་རྒྱག་སྟངས་ཧ་ཅང་གི་མི་འོས་པ་ཞིག་དང༌། རྒྱལ་བ་རིན་པོ་ཆེར་དབུ་སྐོར་ཞུ་མཁན་གྲས་ལ་བཀའ་ཤག་དང་བཀའ་ཤག་གི་གཤམ་འོག་ཏུ་ལས་ཀ་བྱེད་མཁན་དེ་ཚོ་བརྩིས་གནང་བ་ཡིན་ན། ཉི་མ་གཅིག་དང་ཆུ་ཚོད་གཅིག་ལའང་ཞབས་འདེབས་ཞུ་ཐུབ་རྒྱུ་རྩ་བ་ནས་མེད་པ་ཆགས་འགྲོ་ཡི་ཡོད་པ་རེད། དེ་ངེས་པར་དུ་གཅིག་གྲོས་ཚོགས་རེད་ལྷག་པར་དུ་ལས་རིམ་གྱི་དཀྱིལ་འཁོར་འདིའི་ནང་ཡོད་པའི་ཚང་མས་ཐུགས་ལ་བཞག་དགོས་པ་ཞིག་དང༌། ང་ཚོའི་ངོས་ནས་བྱས་པ་ཡིན་ན། ༧རྒྱལ་བ་རིན་པོ་ཆེར་དབུ་སྐོར་ཞུས་མེད། ཞུ་མ་མྱོངས་ཞུ་གི་མིན་ཞེས་ཚིག་ཐག་བཅད་ནས་བྱུང་རབས་ཀྱི་དེབ་ཐེར་ནང་བསྡད་པའི་དོན་དག་དེའི་ཐོག་ནས་འདིར་གསལ་པོ་བྱེད་ནས་ཞུ་རྒྱུ་ཡིན།

ལྷག་པར་དུ་རྒྱུན་དུ་ང་ཚོའི་ལས་དོན་བྱེད་ཕྱོགས་༧སྐྱབས་མགོན་རིན་པོ་ཆེས་བཀའ་ཕེབས་པ་དེ་ཚོ་གལ་གནད་ཆེ་ཤོས་དང་པོ་དང༌། གྲོས་ཚོགས་ཀྱི་བཀའ་ཕེབས་པ་དེ་ཚོ་གཉིས་པར་བརྩི་བཞིན་ཡོད་ཅེས་ཐོག་མར་ངས་སྐབས་༡༣པའི་གྲོས་ཚོགས་ནང་ལའང་ཞུས་པ་ཡིན་བསམས་ཀྱི་འདུག ༧རྒྱལ་བ་རིན་པོ་ཆེས་འདི་འདྲ་ཞིག་བྱོས་འདི་འདྲ་ཞིག་མ་བྱེད་ཟེར་བ་དེ་ཚོར་འདི་འདྲ་བྱས་ན་ག་རེ་ཡོང་གི་རེད་ཅེས་རྩ་བ་ནས་ཡར་ཞུས་མ་མྱོངས། ཞུ་དགོས་པའི་རྒྱུ་མཚན་ཡང་མཐོང་གི་མེད། དེའི་སྐོར་ག་རེ་བྱ་རྒྱུ་ཡིན་ཁྱེད་རང་ཚོས་གྲོས་སྡུར་བྱེད་དགོས་ཞེས་གསུངས་བ་ཡིན་ན། གོ་སྡུར་བྱེད་ཀྱི་ཡོད་བསམ་འཆར་གླེང་གི་ཡོད། དེ་ནས་ཡར་སྙན་སེང་ཞུ་ཡི་ཡོད། དེ་མ་གཏོགས་༧སྐྱབས་མགོན་རིན་པོ་ཆེས་ཐག་བཅད་ནས་མར་གསུངས་བ་ཞིག་ལ། ང་ཚོའི་བཀའ་ཤག་རིང་ལ་དེ་འདྲ་གནང་ན་ཡག་པོ་མི་འདུག་ཟེར་བ་ཧ་ལམ་ཡར་ཞུ་མྱོངས་མེད། ང་ལ་བཀའ་སློབ་གནང་མཁན་དེ་འདྲ་བྱུང་སོང༌། སྔོན་མ་ང་ཚོའི་སྐབས་ལ་སྐུ་མདུན་གྱིས་དེ་འདྲ་གསུང་སོང་སྟེ། ང་ཚོས་ཡར་རྒྱུ་མཚན་ཞུས་པ་ཡིན་ཟེར་ནས། དེ་འདྲ་རྒྱུ་མཚན་ཞུ་དགོས་པ་རེད། ཁྱེད་རང་ཚོས་དེ་འདྲ་རྒྱུ་མཚན་ཞུ་བཞིན་ཡོད་ས་མ་རེད་ཟེར་ནས་དེ་འདྲའི་བཀའ་སློབ་གནང་མཁན་བྱུང་སོང༌། འོན་ཀྱང་ངས་དེ་བཀའ་སློབ་ཅིག་ལ་ངོས་ལེན་ཞུས་མེད། དེ་འདྲ་ཡིན་དུས་སྤོབས་པ་ཆེན་པོའི་ཐོག་ནས་༧རྒྱལ་བ་རིན་པོ་ཆེར་དབུ་སྐོར་ཞུས་མེད། ཞུ་མ་མྱོངས། ཞུ་རྒྱུ་མིན། ༧རྒྱལ་བ་རིན་པོ་ཆེར་དབུ་སྐོར་ཐེབས་ཀྱི་མ་རེད་ཅེས་ཞུ་རྒྱུའི་འདོད་པ་བྱུང་སོང༌།

ཉན་ཞིབ་ཚོགས་ཆེན་དེའི་ཉིན་གཉིས་པའི་བཀའ་བློན་ཁྲི་ཟུར་དང་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་གསུངས་དོན།

ངས་རྟག་པར་བཤད་བསྡད་ཡོད་སོ་སོའི་ལོ་རྒྱུས་དེར་གསལ་པོ་ལྟ་དགོས་པ་རེད། ང་ཚོའི་གནས་ཚུལ་ཁ་ཤས་ངུ་ཤོར་དགོས་པ་དེ་འདྲ་ཡང་བྱུང་ཡོད་པ་རེད། དེ་ནི་སྦས་རྒྱུའི་གནད་དོན་ཅིག་མ་རེད་བལྟ་དགོས་པ་རེད་ཤེས་དགོས་པ་རེད། འོ་ན་ལོ་རྒྱུས་དེ་ཚོར་བལྟས་ནས་སྔར་གྱི་མེས་པོ་དེ་ཚོར་སྐྱོན་བརྗོད་བྱེད་རྒྱུ་དེ་རེད་དམ། དེ་མ་རེད། ཡིན་ནའང་དེ་ཚོ་ང་ཚོས་ཤེས་པ་བྱེད་དགོས་པ་རེད། བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་པ་ཚང་མས་ང་ཚོ་གངས་ཅན་པ་ཡིན། ང་ཚོ་ཚང་མ་རིགས་གཅིག་ཡིན། རྒྱལ་ཁབ་གཅིག་ཡིན་ཟེར་བའི་ས་བོན་དེ་སུས་བཟོས་པ་ཡིན་ནམ། དེ་༧རྒྱལ་བ་བསྟན་འཛིན་རྒྱལ་མཚོས་བཟོས་གནང་བ་ཞིག་རེད། ང་ཚོའི་མི་ཚེ་ནང་གཞན་དག་གང་ཡང་སྒྲུབ་མ་ཐུབ་པ་ཡིན་ནའང་དེའི་ས་བོན་དེ་བརླག་པར་ཉར་ཐུབ་པ་ཡིན་ན། ངོ་ཚ་བ་ཕར་བཞག་མཇིང་པ་སྦོམ་པོ་བྱེད་ནས་མ་འོངས་པར་ང་ཚོའི་པུ་གུའི་པུ་གུ་དེ་ཚོར་ཡིན་ནའང་༧རྒྱལ་དབང་བསྟན་འཛིན་རྒྱལ་མཚོའི་སྐུ་ཚེ་ལ་འདི་འདྲའི་རླབས་ཆེན་གྱི་མཛད་པ་ཞིག་གནང་ཡོད་པ་རེད། དེ་ང་ཚོས་རླགས་མི་ཤོར་བ་བྱེད་ནས་ང་ཚོའི་མི་ཚེ་ལ་བདག་པོ་བརྒྱབ་ཡོད་ཅེས། ཕ་མ་ཡིན་ནའང་ཁ་ཆེམས་འཇོག་རྒྱུ་ཞིག་དང༌། དེ་འདྲའི་དུས་ཚོད་ཅིག་མ་སླེབས་པ་ཡིན་ནའང་ང་རང་ཚོའི་མི་ཚེ་རང་ལ་འབད་བརྩོན་བྱེད་དགོས་པ་རེད།

༧རྒྱལ་བ་རིན་པོ་ཆེ་འདིའི་སྐུ་ཚེ་ལ། དེ་བཤད་པ་དང་ཆབས་ཅིག་ངས་ཞུ་བ་ནང་བཞིན་བྱེད་ནས་ང་རང་ཚོས་སྔོན་གྱི་ལོ་རྒྱུས་དེ་ཤེས་པ་བྱེད་དགོས་པ་དང༌། ལོ་རྒྱུས་དེ་སོ་སོར་མགོ་སྐོར་བཏང༌། དེ་འདྲ་ཡིན་དུས་སྐབས་རེ་བྲེག་འདུག བཅད་འདུག གཙོང་འདུག་ཟེར་བ་དེ་ཚོ་རེད། ངས་སྟག་པར་ལབ་བསྡད་ཡོད། ག་པར་བྲེག་ཡོད་པ་རེད། ག་པར་བཅད་ཡོད་པ་རེད། རྒྱ་མིས་ཧ་གོ་གི་འདུག་ཨ། རྒྱ་མིས་སྟག་པར་༧རྒྱལ་བ་རིན་པོ་ཆེ་བའི་དགོངས་འཆར་དེ་ཚོར་ད་ལྟའི་སྐབས་ལ་ཡིན་ནའང་སྐྱོན་བརྗོད་ཤུགས་ཆེན་པོའི་ཐོག་ནས་ཁྱེད་ཚོས་ག་རེ་བཤད་བཞིན་ཡོད་རེད། སྔར་ཆོས་རྒྱལ་ཚོ་སྐབས་ཀྱི་བོད་དེ་ཁྱེད་ཚོས་དགོས་ཟེར་གྱི་འདུག་ཨ། དེ་ཁོང་ཚོས་ཧ་གོ་ཡི་འདུག དེ་བཤད་པ་པོ་སྤོབས་པ་སྐྱེས་ཀྱི་འདུག ཏན་ཏན་རེད། ད་ལྟ་ང་ཚོས་ཐ་སྙད་ག་རེ་བེད་སྤྱོད་གཏོང་གི་ཡོད་མེད་དེ་ད་ལྟ་བཀའ་བློན་ཁྲི་པ་མཆོག་གིས་གསུངས་སོང༌། སྐབས་རེ་བོད་ཆོལ་ཁ་གསུམ་ཟེར་གྱི་ཡོད་པ་རེད། སྐབས་རེར་བོད་རིགས་ཡོངས་རྫོགས་ཟེར་གྱི་ཡོད་པ་རེད།  གཙོ་བོ་དེ་རྒྱ་མི་ཁ་རང་ཚོས་ཧ་གོ་ཡི་འདུག་ཨ། ཁོང་ཚོས་ངར་ངར་ཤོར་ཤོར་བྱེད་ནས། སྐབས་རེར་ཁོང་ཚོ་གད་མོ་ཤོར་ནས་ཁྱེད་ཚོས་བཤད་པ་དེ་ཧ་ལས་པའི་ཧམ་པ་ཆེན་པོ་རེད། གཅིག་ནི་རྒྱ་ནག་རྒྱལ་ཁབ་དེ་དུམ་བུ་བཞིར་བཏང་བ་ཡིན་ན། དུམ་བུ་གཅིག་དེ་ཏཱ་ལའི་བླ་མས་འཁྱེར་ཤོགས་ཟེར་གྱི་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།