དགོངས་ཚུལ།

ཡུལ་གྱར་དང་ངའི་མི་ཚེ་ཞེས་པའི་དཔེ་དེབ་དབུ་འབྱེད།།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༡༦ཉིན། དེ་རིང་ཞོགས་པར་བཞུགས་སྒར་དྷ་རམ་ས་ལར་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་ལྷག་པ་ཚེ་རིང་ཚོགས་ཁང་དུ། རྩོམ་པ་པོ་དགའ་ལྡན་གྲྭ་བག་གྲོ་ལགས་ཀྱིས་བརྩམས་པའི་༼ཡུལ་གྱར་དང་ངའི་ཚེ་༽ཞེས་པའི་དེབ་དེའི་དབུ་འབྱེད་མཛད་སྒོ་ཞིག་ཚོགས་སོང༌།

མཛད་སྒོ་ཐོག་སྐུ་མགྲོན་གཙོ་བོ་བོད་གཞུང་ཕྱི་འབྲེལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་ལགས་དང༌། ཕྱི་འབྲེལ་དྲུང་ཆེ་ཨསྟིཤ་བསྟན་འཛིན་ཕུན་ཚོགས་རྣམ་གཉིས་གདན་འདྲེན་ཞུས་འདུག་ལ། གཞན་ཡང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང༌། དེབ་གཟུགས་ཇུས་འགོད་པ་དང་ཞུ་དག་གནང་མཁན། དེ་བཞིན་གསར་འགོད་པ་སོགས་ཁྱོན་མི་གྲངས་༤༠ལྷག་ཙམ་ངོ་ཕེབས་གནང་འདུག

སྐབས་དེར་དཔེ་དེབ་རྩོམ་པ་པོ་སྐུ་ཞབས་བག་གྲོ་ལགས་ནས་དཔེ་དེབ་ངོ་སྤྲོད་དང་འབྲེལ་བའི་གསུངས་བཤད་ནང་ཐོག་མར་ཁོང་གིས་བོད་ཀྱི་རྩ་དོན་དང་འབྲེལ་བའི་ལས་འགུལ་འདི་ལྟར་སྤེལ་བའི་རྒྱུད་རིམ་དང་ཆོད་སེམས་ཇི་ལྟར་སླེབས་མིན་སྐོར་གསུངས་དོན།

ང་རང་རྒྱ་གར་ནང་སླེབས་ནས་ལོ་༢༠རིང་བོད་ཀྱི་རྩ་དོན་དེ་མ་དོར་བའི་ཐོག་ནས། གང་ཐུབ་ཅི་ཐུབ་ཀྱིས་དཀའ་ལས་བརྒྱབ་པའི་དེབ་ཅིག་དེ་རིང་འདིར་དཔར་སྐྲུན་བྱེད་ཐུབ་སོང༌། ཐོག་མར་ཞུ་རྒྱུ་ཞིག་ལ་ཕྱི་ལོ་༡༩༨༨ཟླ་༣པའི་ཚེས་༥ཉིན་དགའ་ལྡན་དགོན་པའི་དགེ་འདུན་པས་དབུ་ཁྲིད་ནས་བོད་ཀྱི་རྒྱལ་ས་ལྷ་ས་རུ་ཞི་བའི་རྔམ་སྟོན་ཁྲོམ་སྐོར་དེའི་ནང་ང་རང་འཛུལ་ཞུགས་བྱས་པ་རེད། དེའི་ནང་ཕྱིན་ནས་ལོ་༣ལྷག་ཙམ་བཙོན་ཁང་ནང་ཚུད་པ་དང༌། ཚང་མས་མཁྱེན་གསལ་ལྟར་ངས་དེའི་སྐོར་དེབ་ཁ་ཤས་བཏོན་ཡོད་པ་རེད།

དེ་ནས་ང་རང་༡༩༩༡ལོར་གློད་བཀྲོལ་གཏོང་གྲབས་ཡོད་པའི་ཞོགས་པ་དེར། ངས་རོགས་པ་ཆབ་སྲིད་བཙོན་པ་མང་པོ་ཞིག་ལ་ཞུས་པ་ཡིན། ང་རང་བཙོན་ཁང་ནས་མར་དོན་གྱི་མིན། རང་བཙན་གཙང་མ་ཡིན། ༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བསྟན་པར་ཤོགས་གང་ཉིད་བོད་ལ་ཕེབས་དགོས་ཞེས་སྐད་རྒྱག་གི་ཡིན། ང་ཚོ་ཡར་འཛུལ་དུས་མཉམ་དུ་འཛུལ་བ་རེད། མར་དོན་དུས་མཉམ་དུ་དོན་རྒྱུ་རེད། ཤི་ན་མཉམ་ཤི་དང་གསོན་ན་མཉམ་གསོན་བྱེད་ཀྱི་ཡིན་ཞེས་ལབ་དུས། ཁོང་ཚོས་དེ་འདྲ་རྩ་བ་ནས་བྱེད་རྒྱུ་ཡོད་པ་མ་རེད། ཁྱེད་རང་རྒྱ་གར་ལ་ཕྱིན་ནས་བོད་པའི་གནད་དོན་དེ་ངེས་པར་དུ་འཛམ་གླིང་རྒྱལ་སྤྱིའི་སྡིང་ཆ་དང༌། ལྷག་པར་དུ་བཙན་བྱོལ་བོད་གཞུང་དང་༧གོང་ས་མཆོག དེ་བཞིན་བཙན་བྱོལ་བོད་མི་རྣམས་ལ་གནས་ཚུལ་དེ་དག་ཞུ་བར་འགྲོ་དགོས་པ་རེད་ཅེས་གསུངས་དུས་ང་རང་རྒྱ་གར་ལ་བྲོས་ནས་ཡོང་བ་ཞིག་རེད།

དེ་འདྲ་ཡིན་དུས་ད་ལྟ་ཁོང་ཚོའི་མ་འོངས་པའི་ཕུགས་རྒྱང་དང༌། མ་འོངས་པའི་བོད་ཀྱི་གནད་དོན་དེ་འཛམ་གླིང་རྒྱལ་སྤྱིའི་སྡིང་ཆའི་ཐོག་ཏུ་སླེབས་ཐུབ་རྒྱུར་ཁོང་ཚོའི་ཕུགས་བསམ་དེ་ངས་བློས་མ་བཏང་བ་དང༌། ཁོང་ཚོས་ང་ལ་རྒྱ་མིའི་སྒོར་མོ་༡༥༠༠སྤྲད་ཡོད་པ་དེ་ཆུད་ཟོས་སུ་མ་བཏང་བའི་ཐོག གང་ལྟར་དྷ་རམ་ས་ལ་བསྡད་ནས་གང་ཐུབ་ཅི་ཐུབ་ཀྱིས་བོད་པའི་རྩ་དོན་རྒྱུ་འཁྱོང་བྱེད་བཞིན་ཡོད་པའི་སྐོར་གསུངས་སོང༌།

ཡང་ཁོང་གིས་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ལ་སོགས་པར་བོད་དོན་ལས་འགུལ་སྤེལ་བའི་སྐོར་གསུངས་དོན།
བོད་དོན་དྲིལ་བསྒྲགས་བྱས་པའི་བརྒྱུད་རིམ་ནང་གལ་ཆེ་ཤོས་ཤིག་ནི་ཕྱི་ལོ་༢༠༠༦ནང་འཛམ་གླིང་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོ་འགྲན་སྡུར་ཉིན་མོར། ཇར་མིན་ནིང་ནང་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་གིས་འཛམ་གླིང་རྒྱལ་ཁབ་༤༥ཡོད་པའི་རོལ་དབྱངས་འདུ་འཛོམས་ཤིག་ཚོགས་ཡོད་པ་རེད། སྐབས་དེར་ཁོང་ཚོས་ང་ཡང་སྐད་བཏང་བྱུང༌། འོན་ཀྱང་དེའི་སྐབས་སུ་བོད་ཀྱི་རྒྱལ་དར་སྒྲེང་མི་འདུག་པས་ང་ཁོང་ཚོར་ངེས་པར་དུ་བོད་ཀྱི་རྒྱལ་དར་སྒྲེང་དགོས་ཀྱི་ཡོད། གལ་སྲིད་བོད་ཀྱི་རྒྱལ་དར་མ་སྒྲེང་ཚེ་ང་རང་རྒྱ་གར་ལ་ལོག་འགྲོ་རྒྱུ་ཡིན་ཞེས་ཞུས་ནས། གང་ལྟར་ཁོང་ཚོས་བོད་ཀྱི་རྒྱལ་དར་མ་སྒྲེང་ཐབས་མེད་ཅིག་བཟོས་པ་ཡིན་ཞེས་གསུངས་སོང༌། གཞན་ཡང་སྐུ་ཞབས་བག་གྲོ་ལགས་ཀྱིས་༢༠༠༤ནང་ཡོ་རོབ་གྲོས་ཚོགས་སུ་གལ་ཆེའི་བོད་དོན་གཏམ་བཤད་སྤེལ་ཡོད་འདུག་པ་དང༌། ཕྱི་ལོ་༡༩༨༧ཙམ་གྱི་ཚུན་ཆད་ནས་རྒྱ་གཞུང་གིས་བོད་མི་དམར་གསོད་བཏང་བ་དེ་དག་དང༌། ལྷག་པར་དུ་ཕྱི་ལོ་༢༠༠༨ལོར་བོད་མདོ་དབུས་ཁམས་གསུམ་དུ་ཞི་རྒོལ་སྐབས་རྒྱ་དམར་གྱིས་བོད་མི་མང་པོ་དམར་གསོད་བཏང་བ་དེ་དག་སིན་པན་ཁྲིམས་ཁང་དུ་ཁྲིམས་གཏུགས་བྱས་པ།

དེ་བཞིན་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་ལོ་༥༠འཁོར་བའི་དུས་དྲན་དེའི་སྐབས་སུ། རྒྱ་གར་གྱི་གཞུང་ཚབ་གཙོས་པའི་ཁྱོན་ཕྱི་རྒྱལ་གྱི་གཞུང་ཚབ་ཁང་༡༥༠ཙམ་གྱི་ནང་ཁོང་གིས་༼བོད་རྒྱ་ནག་གི་བཙོན་རྭ་༽ཞེས་པའི་དེབ་དེ་ཁྱེར་ནས་བོད་དོན་དྲིལ་བསྒྲགས་དང༌། ༧གོང་ས་མཆོག་དང་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིང་ཐའོ་དབར་ཞི་མོལ་ཡོང་བར་སྙན་ཞུ་ཕུལ་བ་སོགས་ལས་འགུལ་གང་མང་ཞིག་སྤེལ་ཡོད་འདུག་པས་མ་ཚད། གལ་སྲིད་༧གོང་ས་མཆོག་དང་བོད་དོན་ཞི་མོལ་མ་བྱུང་ཚེ་སྤྱི་ཟླ་༧པའི་ནང་ཧོ་ལན་ཌི་དང་བྷེ་ཇམ་ནང་འགྲོ་ནས་བསྐྱར་དུ་རྒྱལ་སྤྱིའི་ཁྲིམས་ཁང་ལ་མུ་མཐུད་ནས་གཏུགས་བཤེར་བྱ་རྒྱུ་ཡིན་འདུག

མཇུག་མཐར་ཁོང་གིས་ད་ལྟ་ང་ཚོ་བོད་འདི་ཤི་དང་གསོན་གྱི་འགག་རྩ་འདིར་གལ་ཆེ་ཤོས་ནི་སློབ་སྦྱོང་ཆགས་བསྡད་ཡོད་ལུགས་སྐོར་གསུངས་དོན།
ད་ལྟའི་དུས་ཚོད་ནི་བོད་འདི་ཤི་དང་གསོན་གྱི་མཚམས་སུ་སླེབས་ཡོད་དུས། ང་ཚོ་ཚང་མས་ང་ཚོ་ནང་པ་ཞིག་ཡིན་པ་དང༌། སོ་སོའི་རྒྱལ་ཁབ་ཤོར་བསྡད་མཁན་ཞིག་ཡིན་པ། མི་རིགས་འདིར་ད་ལྟ་བོད་ནང་དུ་མྱ་བ་མི་ཡུལ་དུ་སླེབས་པ་ནང་བཞིན་སྡུག་བསྔལ་མྱོང་བཞིན་ཡོད་པ་དེ་དག་ལ་བརྟེན་ནས། ང་ཚོ་ཐུན་མོང་ཐོག་ལག་གདང་སྦྲེལ་ནས་གཞིས་ལུས་མི་མང་གི་དཀའ་ངལ་སེལ་དགོས་པ་དེ་སྐབས་བབ་ཀྱི་ལས་འགན་ཞིག་དང་། ༧རྒྱལ་བ་རིན་པོ་ཆེ་བཞུགས་པའི་རིང་ལ་ང་ཚོའི་ངོས་ནས་དཀའ་ངལ་དེ་སེལ་དགོས། ལྷག་པར་དུ་སློབ་སྦྱོང་ཐོག་ཤུགས་ཅིག་རྒྱག་མ་ཐུབ་པ་ཡིན་ན། ང་ཚོས་ད་ལྟ་རང་བཙན་སྒྲུབ་བཞིན་ཡོད་ནའང་འདྲ་དབུ་མ་སྒྲུབ་བཞིན་ཡོད་ནའང་འདྲ། སློབ་སྦྱོང་མེད་པ་ཡིན་ན་ལུང་པ་དེ་སྐྱོང་མི་ཐུབ་པ་དང༌། ལུང་པ་དེ་ཤོར་བ་ཡང་འདས་པའི་ལོ་རྒྱུས་ནང་བལྟས་པ་ཡིན་ན་སློབ་སྦྱོང་མེད་པའི་དབང་གིས་ཤོར་བ་རེད། མ་འོངས་པ་ལུང་པ་དེ་ལེན་དགོས་ནའང༌། ད་ལྟའི་སློབ་སྦྱོང་གི་གནས་བབ་འདི་འདྲ་ཞིག་དང༌། གནས་ཚད་འདི་འདྲ་ཞིག་འཁྱེར་ནས་ང་ཚོའི་ལུང་པ་དེ་དུས་ནམ་ཡང་སྐྱོང་ཐུབ་ས་མ་རེད། རྒྱུ་མཚན་ནི་དེ་སྔོན་ང་རང་རྒྱལ་ཁབ་༣༢ནང་ཕྱིན་ནས་བོད་དོན་དྲིལ་བསྒྲགས་བྱས་པའི་སྐབས་སུ་ཉམས་མྱོངས་དེ་འདྲ་ཞིག་བསགས་སོང༌།

དེ་འདྲ་ཡིན་དུས་དེ་རིང་གི་གསར་འགྱུར་བརྒྱུད་ལམ་འདི་དག་གི་ཐོག་ནས། ངས་གཞིས་ཆགས་ཁག་ལ་སོགས་པའི་ཕ་མ་དེ་ཚོར་རེ་སྐུལ་ཞུ་རྒྱུ་ཞིག་ནི། གང་ལྟར་ད་ལྟ་ང་ཚོའི་དཀའ་ངལ་དེ་དག་སེལ་དགོས་ཀྱི་ཡོན་ན། ང་ཚོ་འདི་ནས་ཕར་ལོགས་དགོས་ཀྱི་ཡོད་པ་ཡིན་ན། མཐར་ཐུག་ནི་སློབ་སྦྱོང་རེད་ཅེས་ཞུ་རྒྱུ་ཡིན་ཞེས་གསུངས་སོང༌།

དེ་རྗེས་སྐུ་མགྲོན་གཙོ་བོ་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་ནས་དཔེ་དེབ་དབུ་འབྱེད་དང་གསུངས་བཤད་གནང་དོན།
བོད་དེ་རྒྱ་མིར་དབང་བའི་ཉེ་ལེན་ལ་བརྟེན་ནས་ས་ཕྱོགས་གང་སར་གནས་པའི་བོད་མི་དེ་དག་ལ་མི་ཐོག་ནས་མི་ཐོག་བར་དཀའ་ངལ་རབ་དང་རིམ་པ་ཞིག་འཕྲད་བཞིན་པའི་ནང་ནས། སྐུ་ཞབས་བག་གྲོ་ལགས་ལ་མཚོན་ནའང་སྔོན་མ་བོད་ནང་དུ་ཞི་བའི་ངོ་རྒོལ་ནང་ཞུགས་ནས་རྒྱ་མིས་ཁྲིམས་དང་འགལ་བའི་མནར་གཅོད་ཚད་མེད་བཏང་ཡོད་པ་དང༌། དེ་རྗེས་ཁོང་ཉིད་བཙན་བྱོལ་རང་དབང་ལུང་པར་འབྱོར་བའི་རྗེས་སུའང་སོ་སོ་སྒེར་དོན་ཁོ་ན་སྒྲུབ་ནས་མ་བཞུགས་པར་བོད་ནང་དཀའ་ངལ་འོག་ལུས་བསྡད་ཡོད་པའི་བོད་མི་དེ་དག་གི་སྐུ་ཚབ་མཚོན་པར་བྱེད་ནས་རྒྱལ་ཁབ་མང་པོའི་ནང་བོད་དོན་དྲིལ་བསྒྲགས་བྱེད་པར་ཕེབས་ཡོད་པས་མི་ཚད། ཕྱག་དེབ་ཡང་མང་པོ་ཞིག་གསར་རྩོམ་གནང་ནས་དྲིལ་བསྒྲགས་དེ་འདྲ་གནང་ཡོད་པ་རེད། ད་ལྟ་ཁོང་གིས་བཀའ་སློབ་གནང་བ་དེ་ཚོར་བལྟས་པ་ཡིན་ན། ད་དུང་ཡང་མུ་མཐུད་ནས་བོད་དོན་ཐོག་ཕྱག་ལས་གནང་རྒྱུའི་སེམས་ཤུགས་ཡོད་པ་དེར་བསྔགས་བརྗོད་ཞུ་རྒྱུ་ཡིན་ཞེས་གསུངས་སོང་ལ། དེ་རྗེས་སྐུ་ཞབས་བག་གྲོ་ལགས་ལ་ཐུགས་རྗེ་ཆེ་ཞུའི་མཇལ་དར་ཞིག་ཀྱང་གནང་སོང༌།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།