དགོངས་ཚུལ།

རྒྱ་རིཌ་མང་གཙོ་དོན་གཉེར་བས་བོད་རང་སྲིད་རང་སྐྱོང་ལ་རྒྱབ་སྐྱོར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༡༢ཉིན། ཟླ་འདིའི་ཚེས་༡༠ཉིན་བོད་མིའི་རང་དབང་སྒེར་ལངས་ཀྱི་ལས་འགུལ་སྤེལ་ཏེ་མི་ལོ་༥༡འཁོར་བའི་དུས་དྲན་གྱི་མཛད་སྒོ་དངོས་གཞི་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གནང་སྒོ་ཁག་གྲུབ་མཚམས་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་འགྲེམས་སྟོན་ཁང་གི་མདུན་དུ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བརྒྱད་པའི་སྐབས་སུ་གྲོས་ཆོད་བྱུང་བ་ལྟར་ཆོལ་གསུམ་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོའི་དྲན་རྟེན་རྡོ་རིང་ཞིག་གསར་སྐྲུན་གནང་ཡོད་པ་དེ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་སྤྱི་འཐུས་ཁག་གཅིག དེ་བཞིན་མི་མང་སྟོང་ཕྲག་བརྒལ་བའི་དབུས་སུ་བཀའ་ཁྲི་མཆོག་གིས་དབུ་འབྱེད་དང་སྦྲགས་སྣང་གསལ་ཞལ་ཕྱེ་གནང་ཡོད།

དེ་རྗེས་འགྲེམས་སྟོན་ཁང་དུ་བཀའ་བློན་ཁྲི་པས་དབུས་རང་གཞུང་གི་མཛད་གཙོ་རྣམས་ཕེབས་ཏེ་རྒྱ་རིགས་དམངས་གཙོ་དོན་གཉེར་ཅན་གྱིས་བོད་མིར་གདུང་སེམས་མཉམ་སྐྱེ་མཚོན་ཆེད་དུ་བཞེངས་ཏེ་ཕུལ་བའི། བོད་མིའི་རང་དབང་གི་ལམ་བུ། ཞེས་པའི་འབུར་བརྐོས་གཟུགས་བརྙན་ཕུལ་བ་དེ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་དབུ་འབྱེད་གནང་བ་དང་ཆབས་ཅིག་རྒྱ་རིགས་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཇལ་དར་བསྒྲོན། དེ་ནས་བརྐོས་བཀྲོལ་མཁན་རྒྱ་རིགས་སྒྱུ་རྩལ་པ་གྲགས་ཅན་ཁྲན་ས་མེང་གིས་འབུར་བརྐོས་གཟུགས་བརྙན་དེའི་སྐོར་ངོ་སྤྲོད་གསུང་བཤད་གནང་གྲུབ་བསྟུན་རྒྱ་རིགས་དམངས་གཙོ་དོན་གཉེར་གྲགས་ཅན་ཡང་ཅན་ལིས་ཀྱིས་བོད་མིར་རྒྱབ་སྐྱོར་མཚོན་པའི་གསུང་བཤད་གནང་ཡོད།

དེ་རྗེས་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་དོན། འཛམ་གླིང་གི་ས་གནས་གང་ས་ནས་ཕེབས་པའི་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་དྲང་བདེན་ལ་རྒྱབ་སྐྱོར་བྱེད་མཁན། དེ་བཞིན་བོད་པའི་གྲོགས་པོ་རྒྱ་རིགས་ཁག་གཅིག་འདིར་ཕེབས་ཏེ་གསུམ་བཅུའི་དུས་དྲན་གྱི་མཛད་སྒོར་མཉམ་ཞུགས་བྱས་པ་དང༌། ལྷག་པར་དུ་དེ་རིང་གི་དུས་དྲན་འདི་དང་འབྲེལ་བའི་བཙན་བྱོལ་བོད་མིར་གདུང་སེམས་མཉམ་སྐྱེ་མཚོན་ཆེད་དུ་ཁོང་ཚོས་འབུར་བརྐོས་གཟུགས་བརྙན་ཕུལ་ཡོད་པ་འགྲེམས་སྟོན་ཁང་ནང་དབུ་འབྱེད་བྱ་རྒྱུའི་གོ་སྐབས་བྱུང་ཡོད། དེ་ལ་བོད་མི་ཚང་མའི་ཚབ་ཞུས་ཏེ་རྒྱ་རིགས་གྲོགས་པོ་ཚོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྩ་བའི་ང་ཚོ་བོད་པ་རྒྱ་གཞུང་གིས་བཙན་གནོན་འོག་སྡོད་མ་ཐུབ་པར་བཙན་བྱོལ་དུ་སླེབས་པ་རེད། དེ་བཞིན་ད་ལྟ་འདིར་ཕེབས་མཁན་གྲོགས་པོ་ཚོར་སོ་སོར་ལུང་པ་ཡོད་ཀྱང་བཙན་བྱོལ་ནང་གནས་དགོས་རྒྱུའི་གནས་སྟངས་ཤིག་འོག་མུ་མཐུད་དེ་ལྷགས་ཡོད། ང་ཚོའི་འཐབ་རྩོད་དང་ཁོང་ཚོའི་འཐབ་རྩོད་གཉིས་རྩ་བའི་ངོ་བོ་ཐ་དད་ཡིན་ནའང་འཐབ་རྩོད་བྱ་རྒྱུའི་བརྒྱུད་རིམ་གཅིག་པ་ཆགས་ཡོད། ཁོང་ཚོས་གོང་དུ་ྋརྒྱལ་བ་རིན་པོ་ཆེ་མཆོག་ནི་ཁོང་ཚོའི་སེམས་ཤུགས་ཀྱི་འབྱུང་ཁུངས་ཡིན་ཞེས་གསུངས་པ་བཞིན་ང་ཚོ་ཕན་ཚུན་མཉམ་རུབ་བྱས་ཏེ། ང་ཚོ་ཕྱོགས་གཉིས་ཀའི་དཀའ་ངལ་སེལ་ཐབས་སུ་འབད་བརྩོན་བྱ་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད། གཟུགས་བརྙན་བཟོས་པའི་རྗེས་སུ་བཟོ་མཁན་གྱི་སོ་སོའི་འཆར་སྣང་ཞིག་ཡོད་པ་དེ་འགྲེལ་བཤད་རེ་རྒྱག་རྒྱུ་ཡོད་པ་རེད། དེ་རིང་འདིར་ཕུལ་བའི་གཟུགས་བརྙན་འདིའི་ནང་རྩ་བའི་བོད་གངས་ལྗོངས་གཞི་རྩར་བཞག་ཐོག་དེའི་སྟེང་ལ་མིའི་གཟུགས་བརྙན་འདྲ་མིན་ཞིག་འདུག་པ་དེའི་ནང་མཚོན་བྱེད་གཙོ་བོ་དེ་བོད་པའི་འཐབ་རྩོད་མཚོན་བྱེད་དང༌། བོད་པའི་འཐབ་རྩོད་ཀྱི་ཐབས་ལམ་དེ་ཡང་ཞི་བའི་ཐབས་ལམ་ཞིག་ཡིན་པ། དེའི་ནང་རི་མོ་ཁག་མང་པོ་ཞིག་ད་ལྟའི་རྒྱ་ནག་སྲིད་གཞུང་གི་བཙན་གནོན་འོག་བོད་མི་ཚོ་སྡུག་སྦྱོང་ག་ཚོད་མྱངས་དང་མྱོང་བཞིན་ཡོད་པ་དང༌། རང་དབང་གང་འདྲ་ཞིག་དགོས་ཀྱི་ཡོད་མེད་མཚོན་བྱེད་རེད་འདུག དྲན་རྟེན་འདིའི་མིང་ལ་བོད་མིའི་རང་དབང་གི་ལམ་བུ་ཞེས་མིང་རྟགས་ཡོད། དེར་བརྟེན་སླར་ཡང་རྒྱ་རིགས་གྲོགས་པོ་ཚོར་བོད་མི་ཚང་མས་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་ཡོད།

བོད་མིའི་རང་དབང་གི་ལམ་བུ་ཞེས་པའི་འབུར་བརྐོས་གཟུགས་བརྙན་ནས། བོད་མིའི་ཞུམ་པ་མེད་པའི་སྙིང་སྟོབས་འདིས་གདུག་རྩུབ་ཅན་གྱི་སྲིད་དབང་ལས་ཐར་ཏེ་རང་དབང་ལ་མངོན་པར་ཕྱོགས་པའི་སྟངས་སྟབས་མཚོན་ཡོད། ཉམས་སྣང་འབུར་སྟོན་གྱི་གཟུགས་བརྙན་འདི་རྒྱ་གཞུང་གིས་སྒྲོག་བཞིན་པའི་བོད་ནང་གི་བོད་མི་ཚོ་བདེ་སྐྱིད་ལྡན་པ་དང་བོད་མིའི་སྲོལ་རྒྱུན་རིག་གཞུང་དང་ཆོས་ལུགས་བཅས་སྲུང་སྐྱོབ་བྱས་ཡོད་ཅེས་རྫུན་གཏམ་གསོན་པོར་ཐེར་འདོན་ཐུབ་ཡོད། འབུར་བརྐོས་འདི་ནི་ཤེལ་ལྕགས་ལས་བཞེངས་སྐྲུན་བྱས་པ་ཞིག་ཡིན་ལ་དཔངས་སུ་སྤྱི་ཁྲེ་ ༣ དང་དཀྱུས་སུ་སྤྱི་ཁྲེ་ ༣་༢ ཡོད། གཟུགས་བརྙན་འདིའི་ངོས་ན་བོད་མི་བཅུའི་གཟུགས་བརྙན་བཀོད་དེ་བོད་མཐོ་སྒང་མཚོན་པ་དང༌། གྲུབ་ཆ་དེའི་སྟེང་ནས་བོད་ཀྱི་རང་བྱུང་ཁོར་ཡུག་དང༌། མི་རིགས་ས་ཁམས་བཅས་མངོན་པར་མཚོན་པ་བྱས་ཡོད། མིའི་གཟུགས་བརྙན་འདིར་སྡེ་ཚན་གསུམ་དུ་ཕྱེ་ཡོད་པ་སྟེ། སྡེ་ཚན་དང་པོར་བུད་མེད་གསུམ་དང་ཕྲུ་གུ་དམར་འབྱར་གཅིག་བཅས་འབུར་བརྐོས་འདིའི་ལྟེ་བར་བཞེངས་ཡོད། གཡས་ཕྱོགས་ཀྱི་སྡེ་ཚན་གཉིས་པའི་ནང་བོད་ཀྱི་ན་གཞོན་ཞིག་དང་དགེ་འདུན་པ་གཅིག གཡོན་ཕྱོགས་སྡེ་ཚན་གསུམ་པའི་ནང་བུད་མེད་གཉིས་ཀྱི་གཟུགས་བརྙན། དེ་བཞིན་ཅུང་ཟད་སྟེང་དུ་བུད་མེད་གཅིག་དང་བུ་མོ་ཆུང་ཆུང་གཅིག་བཅས་བཞེངས་བཀོད་བྱས་ཡོད།

བཙན་བྱོལ་བོད་གཞུང་གི་དྲ་གནས་ནས་བཏུས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།