དགོངས་ཚུལ།

བོད་ཀྱི་བུད་མེད་སྒེར་ལངས་ཐེངས་༥༡པའི་དུས་དྲན་སྲུང་བརྩི།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༡༢ཉིན། བཞུགས་སྒར་དྷ་སར་རྟེན་གཞི་བྱས་ཡོད་པའི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ཕྱི་ལོ་༡༩༥༩ལོར་བོད་ཀྱི་བུད་མེད་རྣམས་ཀྱིས་རྒྱ་དམར་གྱི་དབང་བསྒྱུར་ལ་ངོ་རྒོལ་སྒེར་ལངས་བྱས་ཏེ་མི་ལོ་ང་གཅིག་འཁོར་བའི་དུས་དྲན་གྱི་ཉིན་མོ་དྷ་སའི་ཐེག་ཆེན་གཙུག་ལག་ཁང་དུ་སྲུང་བརྩི་ཞུས་སོང་ལ། སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་རྒྱ་རི་བློ་གྲོས་སྒྲོལ་མ་མཆོག་དང༌། རྒྱ་རིགས་རྩོམ་པ་པོ་ཀྲུའུ་རོས། དེ་མིན་དྷ་སར་རྟེན་གནས་བྱས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་གདན་འབོད་བྱས་འདུག་པ་དང༌། བོད་རིགས་བཙུན་མ་དང་སློབ་ཕྲུག བུད་མེད་སོགས་བརྒྱ་ཕྲག་དུ་མ་དུས་དྲན་མཛད་སྒོར་ཞུགས་ཡོད་པ་རེད།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་དུས་དྲན་གྱི་ཡོངས་ཁྱབ་གསལ་བསྒྲགས་སྒྲོག་འདོན་བྱས་དོན། བོད་ཀྱི་བུད་མེད་རྣམས་ནས་རྒྱལ་གཅེས་ལྷག་བསམ་དང་སྙིང་སྟོབས་ཆེན་པོས་༡༩༥༩ཟླ་བ་༣པའི་ཚེས་༡༢ཉིན་རང་དབང་འཐབ་རྩོད་ཀྱི་ལས་འགུལ་འགོ་བཙུགས་ཏེ་དཔའ་མོ་རྣམས་ནས་ཕོ་བྲང་པོ་ཏ་ལའི་ཞོལ་གྱི་འབྲས་བུ་གཡུལ་ཁའི་སྟེང་མ་གྲོས་བསམ་པ་གཅིག་མཐུན་གྱི་སྒོ་ནས་རྒྱ་ནག་བཙན་འཛུལ་པའི་དྲག་པོའི་དབང་བསྒྱུར་ལ་ཞི་བའི་ངོ་རྒོལ་སྒེར་ལངས་ཀྱི་ལས་འགུལ་སྤེལ་ནས་མི་ལོ་ང་གཅིག་འཁོར་བའི་ཉིན་མོར། ང་ཚོས་བོད་རྒྱལ་ཁབ་དང་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་གཏོང་གནང་བའི་དཔའ་མོ་རྣམས་ཀྱི་དཔའ་མཛངས་སྙིང་སྟོབས་ཀྱི་གཟེངས་ཐོན་མཛད་རྗེས་ལ་དྲན་གསོ་དང་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན།

རྒྱ་ནག་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་རྣམས་རིམ་བཞིན་འཆར་གཞི་ལྡན་པའི་སྒོ་ནས་ཤུལ་མེད་བཟོས་དང་བཟོ་བཞིན་ཡོད། ལྷག་པར་དུ་ཕྱི་ལོ་༢༠༠༨ནས་བཟུང་དེང་རབས་དྲག་ཤུགས་ལ་བརྟེན་ནས་ཉེས་མེད་བོད་རིགས་རྣམས་ལ་མ་ཉེས་ཁ་གཡོག་གིས་འཛིན་བཟུང་བཙོན་འཇུག་བྱེད་པ་དང༌། དམར་གསོད་བཏང་བ་སོགས་མི་སྤྱོད་ལས་འདས་པའི་བྱ་སྤྱོད་རབ་དང་རིམ་པ་སྤེལ་རུང་ད་བར་བོད་མིའི་སེམས་ཤུགས་དང་ཆིག་བསྒྲིལ་གྱི་ནུས་ཤུགས་ནམ་ཡང་གཏོར་བཤིག་གཏོང་ཐུབ་མེད། དཔེར་ན། བོད་ནང་བུད་མེད་རྩོམ་པ་པོ་འོད་ཟེར་ལགས་དང་འཇམ་དབྱངས་སྐྱིད་ལགས་གཉིས་ལ་ཆ་མཚོན་ན་རྒྱ་མིས་བཙོན་འཇུག་དམ་དྲག་ཇི་ཙམ་ཞིག་བྱས་ཡོད་ཀྱང་ཁོང་གཉིས་ཀྱིས་རྩོམ་ཡིག་སྤེལ་རྒྱུ་མཚམས་འཇོག་གནང་མེད་པ་མ་ཟད། ད་ལྟའང་རྩོམ་ཡིག་སྤེལ་གནང་བཞིན་པ་ཡོངས་གྲགས་རེད། ནོར་འཛིན་དབང་མོ་ལགས་དང་བཙུན་མ་སངས་རྒྱས་ལྷ་མོ་ལགས་གཉིས་ཀྱང་ད་ལྟ་རྒྱ་མིས་འཛིན་བཟུང་བཙོན་འཇུག་གིས་མནར་གཅོད་ཚད་མེད་མྱོང་མུས་ཐོག་ལོ་ལྔའི་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་རེད། ཁོང་གཉིས་ཀྱི་ནག་ཉེས་ནི་བོད་ནང་དངོས་ཡོད་གནས་ཚུལ་ཕྱི་བསྒྲགས་བྱེད་པ་དང་སྐད་འབོད་ནང་འཛུལ་ཞུགས་བྱེད་པའི་ཉེས་པ་ཕོགས་ཡོད་པ་སོགས་ལས་ཀྱང༌། བོད་ནང་གི་བོད་མིར་ཆབ་སྲིད་ཀྱི་རང་དབང་མེད་པ་དང༌། ཤེས་ཡོན་གྱི་རང་དབང་མེད་པ། ཆོས་དད་རང་དབང་མེད་པ། འགྲོ་བ་མིའི་ཐོབ་ཐང་སོགས་གང་ཡང་མེད་པ་ར་འཕྲོད་གསལ་པོ་ཡིན།

ལོ་འདིར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དགོངས་གཞི་ལྟར་སློབ་མོ་གཉིས་ལ་རྒྱ་གར་མཐོ་སློབ་ནང་ཆེས་མཐོའི་སློབ་ཡོན་དང༌། ཡང་སློབ་མོ་གཅིག་ལ་རྒྱ་གར་མཐོ་སློབ་ནང་རིགས་གཅིག་རྐང་འཛིན་གྱི་སློབ་ཡོན་འབུལ་རྒྱུ། གཞན་ཡང་དབུས་བུད་མེད་ལྷན་ཚོགས་སུ་ཁོར་ཡུག་དང་བུད་མེད་ཅེས་པའི་སྡེ་ཚན་ཞིག་གསར་འཛུགས་ཞུ་རྒྱུའི་གསལ་བསྒྲགས་ཀྱང་ཞུ་རྒྱུ་ཡིན། ཞེས་བསྒྲགས་སོང༌།

བོད་མི་མང་སྤྱི་འཐུས་ཚོཌ་གཞོན་མཆོག་གིས་དུས་དྲན་མཛད་སྒོའི་ཐོག་གཏམ་བཤད་སྤེལ་དོན། ངས་ད་ལྟ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་ཡོད་པའི་བོད་པའི་བུད་མེད་རྣམས་ཀྱིས་ཚབ་བྱས་ཏེ་བོད་ཕྱི་ནང་གཉིས་ལ་ཡོད་པའི་བུད་མེད་རྣམ་པ་ཚོར་ང་ཚོའང་ཁྱོད་ཚོ་དང་མཉམ་དུ་ཡོད་ཅེས་ཞུ་རྒྱུ་གཅིག་དང༌། ལྷག་དོན་བོད་ཆོལ་ཁ་གསུམ་གྱི་བུད་མེད་ཡོད་དོ་ཅིག་གི་ཚབ་མཚོན་པའི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་འོག་ལས་འགུལ་མང་པོ་ཞིག་སྤེལ་བསྡད་ཀྱིན་ཡོད་པ་རེད། དེ་བཞིན་དུ་ད་ལྟ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོའི་ལས་ཐོག་ཏུ་ཡོད་པའི་སྤྱི་འཐུས་སྒྲོལ་དཀར་ལྷ་མོ་ལགས་གཙོས་པའི་ཚོགས་ཟུར་དང༌། རྒྱུན་ལས་ཟུར་བ་རྣམ་པ་ཚང་མར་ཕྱག་ལས་རྒྱ་ཆེན་གནང་བར་བསྔགས་བརྗོད་ཞུས་པ་ཡིན། ང་རང་བུད་མེད་ཚོས་ཀྱང་བོད་དོན་ཉེན་འཕྲང་ཅན་དུ་གནས་པའི་སྐབས་འདིར་བོད་ཀྱི་བུད་མེད་ཀྱི་ཐོབ་ཐང་རྩོད་དོན་དུ་ལས་ཀ་བྱེད་ཀྱིན་མེད་པར། ང་ཚོ་བོད་ཀྱི་བུད་མེད་དེ་ཚོས་སོ་སོའི་རྒྱལ་ཁབ་དང་བསྟན་སྲིད་ཀྱི་དོན་དུ་འགན་ཁུར་ཏེ་ལས་ཀ་བྱེད་ཀྱིན་ཡོད་པ་རེད། ཅེས་གསུངས་པ་མ་ཟད། བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་པའི་བུད་མེད་རྣམས་ལ་བོད་རྒྱལ་ཁབ་ཀྱི་ཆེད་དུ་སྐུ་གཤེགས་པའི་བོད་རིགས་དཔའ་བོ་དཔའ་མོ་རྣམས་ཀྱི་བླ་མེད་ཀྱི་མཛད་རྗེས་དྲན་གསོ་དང༌། དེ་བཞིན་བོད་ཀྱི་བུད་མེད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་དགོས་པའི་འབོད་སྐུལ་ཞུས་སོང༌།

རྒྱ་རིགས་རྩོམ་པ་པོ་ཀྲུའུ་རོས་ལགས་ཀྱིས། ང་ལ་མཚོན་ན་བོད་ཀྱི་ཁ་སང་དང་དེ་རིང་དྲང་སྙོམས་དང་དངོས་འབྲེལ་ཐོག་སྨྱུག་རྩེར་དྲངས་ནས་འཛམ་གླིང་མི་མང་དང༌། ཁྱད་པར་དུ་རྒྱ་མི་རིགས་ལ་གསལ་སྟོན་བྱེད་རྒྱུ་དེ་ངའི་བོད་དོན་རྒྱབ་སྐྱོབ་གནང་ཐབས་གཙོ་བོ་ཞིག་ཡིན་ལ། རྫུན་མི་བཤད་རྒྱུ་དེ་ངས་འགྲོ་བ་མིའི་གཞི་རྩའི་སྤྱོད་ལམ་གྱི་རྣམ་བཞག་ཅིག་ཏུ་བརྩི་གྱིན་ཡོད། ལོ་རྒྱུས་ཐོག་རྒྱ་ནག་གི་བུད་མེད་རྣམས་རྒྱལ་བཙུགས་སློབ་གྲྭ་ལས་སློབ་གྲྭ་གཞན་ལ་འགྲོ་དབང་མེད་དུས་སུ་བོད་ཀྱི་བུད་མེད་རྣམས་ལ་རང་དབང་རང་འཛིན་བྱུང་ཡོད་པ་རེད། དེ་བས་བོད་རིགས་བུད་མེད་རྣམས་ཀྱི་སྙིང་སྟོབས་དེ་འཛམ་གླིང་ཐོག་སྔོན་ཐོན་གྱི་གྲས་ཡིན་པ་རེད། ཅེས་དང༌། དེ་རིང་འདིར་ངས་རང་ཉིད་ཀྱི་མི་ཚེ་ལྷག་མ་ཡོད་ཚད་བོད་རང་དབང་འཐབ་རྩོད་དང་གཅིག་ཏུ་སྦྲེལ་རྒྱུ་ཡིན་ཞེས་གསལ་བསྒྲགས་བྱས་པ་ཡིན། འདི་ནི་ང་རང་རྒྱ་རིགས་ཤིག་ཡིན་པའི་ངོས་ནས་བོད་མི་མང་ལ་དགོངས་སེལ་ཞུ་སླད་ཀྱི་ཐབས་ལམ་ཞིག་ཡིན། ཞེས་བརྗོད་བྱུང༌།

བུད་མེད་སྒེར་ལངས་ཐེངས་༥༡པའི་དུས་དྲན་གྱི་ལས་རིམ་ནང་ཞོགས་པར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་མྱུར་དུ་བཙོན་གྲོལ་ཡོང་སླད་མཚན་རྟགས་བསྡུ་རུབ་དང་། པར་རིས་ལ་འགྲེལ་བྱང་འབྲི་བའི་འགྲན་བསྡུར། གཙུག་ལག་ཁང་ནས་དྷ་ཤོད་བར་དུ་གོམ་བགྲོད་དུ་བསྐྱོད་པའི་ལས་འགུལ་སོགས་ཚུད་འདུག་ལ། ཕྱི་དྲོར་མར་མེ་ཁྲོམ་སྐོར་དང་བོད་དོན་དང་འབྲེལ་བའི་དངོས་བྱུང་གློག་བརྙན་གཟིགས་འབུལ་ཞུ་རྒྱུ་རེད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་གཡང་བྱམས་ཀྱིས་བྲིས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།