དགོངས་ཚུལ།

དྷ་རམ་ས་ལར་གསུམ་བཅུའི་དུས་དྲན་སྲུང་བརྩི།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༡༠ཉིན། དེ་རིང་ཞོགས་པར་རྒྱ་གར་བྱང་ཕྱོགས་བཞུག་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག བཙན་བྱོལ་བོད་གཞུང་གི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང༌། རྒྱ་རིགས་གཙོས་པའི་ཕྱི་རྒྱལ་གྱི་སྐུ་མགྲོན་རྣམ་པ། དེ་བཞིན་སློབ་གྲྭ་ཁག་གི་དགེ་སློབ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག གཞན་ཡང་མི་མང་སྟོང་ཕྲག་མང་པོ་འདུ་འཛོམས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་དུ་བཙན་འཛུལ་དང༌། དེ་རྗེས་ཕྱི་ལོ་༡༩༥༩ལོར་བོད་མི་ཡོངས་ཀྱིས་རྒྱ་དམར་ལ་ཞི་བའི་ངོ་རྒོལ་བྱས་སྐབས། བོད་མི་སྟོང་ཕྲག་མང་པོའི་གཅེས་པའི་རང་སྲོག་ཤོར་ནས་མི་ལོ་༥༡འཁོར་བའི་དུས་དྲན་སྲུང་བརྩི་བྱས་སོང༌།

ཞོགས་པར་ཆུ་ཚོད་༩པའི་ཐོག་བོད་གཞུང་ཟློ་གར་ཚོགས་པས་རོལ་དབྱངས་རྡུང་བཀྲོལ་དང༌། སྐུ་འཁོར་རྣམས་ཀྱིས་སྡུག་སྤོས་ཀྱི་སྣེ་མོར་༧གོང་ས་མཆོག་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གཙུག་ཕོ་བྲང་ནས་ལག་ཁང་དུ་གདན་ཞུ་དང༌། བཙོན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་བློ་བཟང་བསྟན་འཛིན་མཆོག་ནས་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲོན་དང་ཆབས་ཅིག བོད་གཞུང་ཟློ་གར་ཚོགས་པའི་རོལ་དབྱངས་དང་ལྷན་དུ་ཚང་མར་སྐུ་བཞེངས་ཐོག་རྒྱལ་གླུ་བཏང་བ་དང༌། བོད་མི་རིགས་དང་རྒྱལ་ཁབ་ཆེད་དུ་གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་མཁན་དོན་ལྡན་གྱི་དཔའ་བོ་དཔའ་མོ་རྣམས་ལ་གུས་འདུད་ངག་བཅད་སྐར་མ་གཅིག་དང༌། བདེན་ཚིག་སྨོན་ལམ། བོད་གཞུང་ཟློ་གར་ནས་གསུམ་ཅུའི་ལང་གླུ་བཅས་རིམ་པར་བཏང་སོང༌།

དེ་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་གསུམ་ཅུའི་དུས་དྲན་དང་འབྲེལ་བའི་བོད་མི་མང་སྤྱི་འཐུས་ཀྱི་གཏམ་བཤད་དང༌། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་ནས་བོད་གཞུང་བཀའ་ཤག་གི་གསུང་བཤད། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་གསུམ་ཅུའི་དུས་དྲན་དང་འབྲེལ་བའི་ཡོངས་ཁྱབ་གསུང་འཕྲིན་དང༌། བཀའ་སློབ་བཅས་རིམ་པར་བསྩལ་སོང༌།

སུམ་ཅུ་དུས་དྲན་དང་འབྲེལ་བའི་གཞུང་འབྲེལ་མཛད་སྒོ་དངོས་གཞི་གྲུབ་པ་དང༌། དེ་རྗེས་བཙན་བྱོལ་དུ་ཡོད་པའི་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལྔ་སྟེ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང༌། བོད་ཀྱི་བུ་མེད་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་དབང་སློབ་ཕྲུག་ཚོགས་པ་བཅས་ཀྱིས་སྣེ་ཁྲིད་དང་གོ་སྒྲིག་འོག་དྷ་ས་གཙུག་ལག་ཁང་ནས་དྷ་ཤོད་ཀ་ཅ་རི་བར་བོད་མི་དང༌། ཕྱི་རྒྱལ་བ་སོགས་ཁྱོན་མི་མང་སྟོང་ཕྲག་མང་པོས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།