དགོངས་ཚུལ།

༧གོང་ས་མཆོག་ནས་ཕྱི་རྒྱལ་གྱི་སྐུ་མགྲོན་རྣམས་ལ་བསྩལ་བའི་གསུང་བཤད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༡༠ཉིན། གསུམ་ཅུའི་དུས་དྲན་ཐེངས་༥༡པའི་ཐོག་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན་འགྲོ་བ་ལྷ་དང་བཅས་པའི་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་གིས། སུམ་ཅུའི་དུས་དྲན་ཐོག་ཆེད་དུ་ཕེབས་པའི་རྒྱ་རིགས་ཁག་ཅིག་དང༌། ཨུ་རུ་སུའི་མི་རིགས། དེ་བཞིན་ཉི་ཧོང་བ་སོགས་ལ་དམིགས་བསལ་འཚམས་འདྲི་དང༌། དེ་བཞིན་བོད་མི་གཞིས་བྱེས་གཉིས་ལ་གལ་ཆེའི་བཀའ་སློབ་དང་ལམ་སྟོན་གནང་དོན། དེ་རིང་འདིར་རྒྱ་རིགས་ཀྱི་གྲོགས་པོ་མང་པོ་ཞིག་ཕེབས་ཡོད་པ་ཡིན་དུས། དམིགས་བསལ་སྐད་ཆ་ཞིག་བཤད་འདོད་བྱུང༌།

ཁོང་ཚོ་འདིར་ཕེབས་ནས་དངུལ་གྱི་ཁེ་བཟང་རག་རྒྱུ་གང་ཡང་ཡོད་པ་མ་རེད་ལ། མིང་ཆེ་རུ་འགྲོ་རྒྱུ་ཡང་ཡོད་པ་མ་རེད། ཡིན་ན་ཡང་ཕྱོགས་གཅིག་ནི་དྲང་བདེན་དེ་འདྲ་ཞིག་གི་འཐབ་རྩོད་ལ་མི་ཤེས་ལྡན་སུ་ཡིན་རུང་དེར་དོ་སྣང་དང་རྒྱབ་སྐྱོར་བྱེད་རྒྱུར་བསམ་བློ་ཞིག་སླེབས་ཀྱི་ཡོད་པ་རེད། གཉིས་ནི་རྒྱ་རིགས་ཚོར་བོད་ཀྱི་གནས་དོན་དེ་རྒྱ་ནག་རྒྱལ་ཁབ་ནང་ལ་བཤད་པ་ཡིན་ནའང་མཚན་ཤས་ཡོང་བའི་གཞི་རྩ་ཞིག་ཆགས་བསྡད་ཡོད་པ་རེད། དེ་འདྲ་ཡིན་དུས་བོད་ཀྱི་གནད་དོན་དེ་སེལ་རྒྱུ་ཡིན་པ་རེད། གཉིས་ནི་ང་ཚོས་འདིར་འཐབ་རྩོད་བྱེད་ཡ་དེ་བོད་ཀྱི་ཆོས་དང་རིག་གཞུང་ཉམས་པར་སོ་ཆུད་དང་མི་ཉམས་གོང་འཕེལ་ཡོང་བར་དམིགས་ཡུལ་གཙོ་བོ་ཡིན་དུས། བོད་ཀྱི་ཆོས་དང་རིག་གཞུང་དེ་རྒྱ་རིགས་མི་མང་དུང་ཕྱུར་བཅུ་གྲངས་ཤིག་ལ་གཏན་གཏན་ཕན་ཐོག་ཡོང་གཞིར་ཞིག་ཆགས་བསྡད་ཡོད་པ་རེད། བར་ལམ་ངོས་ལ་རྒྱ་རིགས་གྲོགས་པོ་ཁ་ཤས་ཐུགས་བྱུང་བའི་ཁོང་ཚོས་ཨེ་འདྲ་ཟེར་གྱི་འདུག འདས་པའི་ལོ་༦༠རིང་ལ་རྒྱ་ནག་དུ་ལོ་སྟོང་ཕྲག་རིང་གི་ཡ་རབས་བཟང་སྤྱོད་སོགས་དེ་འདྲའི་གོམ་གཤིས་ཤིག་ཡོད་བསྡད་པ་དེ་བར་སྐབས་གཏོར་བཤིགས་དང་ཉམས་ཆག་ཕྱིན་པ་རེད་ཟེར། རྒྱ་ནག་མི་མང་ལ་ཚང་མས་དངུལ་རྐྱང་རྐྱང་མ་གཏོགས་བསམ་བློ་གཏོང་རྒྱུ་མེད་པ་འདྲ་པོ་ཞིག ལོ་སྟོང་ཕྲག་རིང་ལ་གོམ་གཤིས་བཟང་པོ་ཡོད་པ་དེ་མེད་པ་གྱུར་བ་རེད། གོམ་གཤིས་དེར་ལམ་སྟོན་གསར་པ་ཞིག་མ་རག་པ་དང༌། དེ་འདྲའི་དཀའ་ངལ་ཆེན་པོ་ཞིག་གནས་འདུག་ཟེར། དེ་འདྲའི་དཀའ་ངལ་དེ་བོད་ཀྱི་ཆོས་དང་རིག་གཞུང་དེའི་ཐོག་ནས་དཀའ་ངལ་དེ་སེལ་ཐུབ་རྒྱུའི་རེ་བ་རྒྱག་བཞིན་ཡོད། མ་འོངས་པར་རྒྱ་ནག་མི་མང་དུང་ཕྱུར་མང་པོ་ཡོད་བསྡད་པ་དེ་ཡ་རབས་བཟང་པོའི་ལྟ་ཚུལ་ཞིག་བོད་ནས་མར་རག་རྒྱུའི་རེ་བ་ཡོད་ཅེས་དེ་འདྲ་གསུངས་ཀྱི་འདུག དེ་འདྲ་ཡིན་དུས་བོད་ཀྱི་ཆོས་དང་རིག་གཞུང་དེ་ཉམས་པར་སོ་ཆུད་དང་མི་ཉམས་གོང་འཕེལ་ཡོང་བར་ང་ཚོས་འབད་བརྩོན་བྱེད་དགོས་པ་དེ་རྒྱ་རིགས་གྲོགས་པོ་ཚོས་རྒྱུ་མཚན་མང་པོའི་ཐོག་ནས་རྒྱབ་སྐྱོར་དང་ཤ་ཚ་བྱེད་བཞིན་ཡོད་པ་རེད། དེ་འདྲ་ཡིན་དུས་དེ་རིང་འདིར་མང་ཚོགས་ཚང་མ་ཡོད་ས་དེར་རྒྱ་རིགས་ཀྱི་གྲོགས་པོ་ཁྱེད་རང་ཚོར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན་ཞེས་དང༌།

ཡང་གང་ཉིད་ཀྱིས་དེ་བཞིན་དུ་དེ་རིང་འདིར་ཉི་ཧོང་གི་གྲོགས་པོ་ཚོ་ཁག་ཅིག་དང༌། དེ་བཞིན་དུ་ཁལ་མིག་ནས་གྲོགས་པོ་ཚོ་ཁག་ཅིག་ཕེབས་ཡོད་པ་རེད། ཁལ་མིག་ཁྱེད་རང་ཚོར་ཆ་བཞག་པ་ཡིན་ན། བོད་ཀྱི་ཆོས་དང་རིག་གཞུང་དེ་ཁལ་མིག་ཚུན་པའི་ཨུ་རུ་སུའི་ས་ཁུལ་ཁག་ཅིག་ལ་ཧ་ལམ་ལོ་དྲུག་བརྒྱ་བདུན་བརྒྱ་ཙམ་ལ་བོད་ཡིག་གི་ཐོག་ནས་ནང་ཆོས་སློབ་ཡ་དང་བོད་ཡིག་གི་ཐོག་ནས་རིག་གནས་ཆེ་བ་ལྔ་ཟེར་བ་སྒྲ་རིག་པ་དང་ཚད་མ་རིག་པ་ཟེར་བ་དེ་ཚོ་གྲས་སློབ་ཡ་དེ་འདྲ་ཡོད་པ་རེད། འོན་ཀྱང་བར་སྐབས་ཉམས་ཆག་ཆེན་པོ་ཕྱིན་དུས་ཉེ་བའི་ཆར་ཨུ་རུ་སུའི་སྲིད་གཞུང་ནས་ཨུ་རུ་སུའི་རྒྱལ་ཁབ་ནང་སློབ་ཚན་ནང་ལ་ཆོས་ཀྱི་བསམ་པ་བཟང་པོ་བྱེད་རྒྱུ་དང་ཡ་རབས་བྱེད་རྒྱུའི་སློབ་བྱ་དེ་ཚོའི་གྲས་དེ་སློབ་སྦྱོང་དུ་བཅུག་དགོས་ཀྱི་འདུག་ཞེས་པའི་དེ་འདྲའི་འཐབ་རྩོད་ཅིག་ཡོང་བསྡད་བཞིན་པ་རེད། དེ་འདྲ་ཡིན་དུས་ཁོང་ཚོའི་ཁལ་མིག་ས་ཆ་དེ་སྔར་ནས་བོད་ཀྱི་ནང་ཆོས་བྱེད་མཁན་ནང་པ་གཅིག་པུ་ཡིན་དུས། ཁོང་ཚོའི་ས་ཁུལ་གྱི་སློབ་གྲྭ་ཁག་གི་ནང་ལ་ནང་ཆོས་སློབ་སྦྱོང་བྱ་རྒྱུའི་ད་ལྟར་ཐག་གཅོད་བྱས་ནས་ལོ་འདིའི་ནང་འགོ་བཙུགས་རྒྱུའི་གནས་ཚུལ་དེ་འདྲ་ཞིག་བྱུང་བ་ཡིན་དུས། ང་ཚོ་བོད་མི་བཙན་བྱོལ་བ་ཚོས་སློབ་གྲྭའི་སློབ་ཚན་ནང་ལ་གང་ལྟར་ནང་ཆོས་ངོ་སྤྲོད་བྱེད་ཡ་སོགས་དེ་འདྲའི་སྲོལ་ཞིག་ཡོད་དུས། དེ་ཚོའི་ཐོག་ནས་ཕར་སློབ་སྦྱོང་ལེན་ཡ་དེ་འདྲ་ཆེད་མངགས་ང་ལ་འབྲེལ་བ་བྱེད་པ་དེ་འདྲ་ཞིག་རེད་གསུངས་སོང༌།

གཞན་ཡང་༧གོང་ས་མཆོག་གིས། ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་༥༡ཕྱིན་པའི་རྗེས་སུ་བོད་ཀྱི་ཆོས་དང་རིག་གཞུང་དོ་སྣང་བྱེད་མཁན་སྔར་ནས་བོད་དང་འབྲེལ་བ་ཡོད་པའི་ཡུལ་གྲུ་ཚོས་དམིགས་བསལ་དོ་སྣང་བྱེད་བཞིན་ཡོད་པ་རེད། དེ་བཞིན་དུ་ཧི་མ་ལའི་རི་བརྒྱུད་དུ་ཡོད་པ་དེ་ཚོས་བོད་ཀྱི་ཆོས་དང་རིག་གཞུང་ལ་གཞི་ནས་དོ་སྣང་གསར་པ་ཞིག་སླེབས་བཞིན་ཡོད་པ་རེད། སོ་སོ་རང་ཉིད་ཀྱི་རྩ་བའི་རིག་གཞུང་དེ་ག་རེ་ཡིན་པ་རྩ་བའི་ལོ་རྒྱུས་ཀྱི་ཐོག་ནས་འབྱུང་ཁུངས་གང་འདྲ་ཡིན་པ་དེ་ཚོའི་གྲས་དེ་དྲན་གསོ་འདྲ་པོ་ཞིག་ཐེབས་ནས་དོ་སྣང་གསར་པ་ཞིག་སླེབས་བཞིན་འདུག་ཨ། དེ་སྔ་སངས་རྒྱས་ཀྱི་ཆོས་མཐོང་འདོད་མེད་བསྡད་མཁན་གྱི་ཡུལ་གྲུ་ཚོ་ཡིན་ནའང་ཤེས་ཡོན་ཅན་རིགས་ཅིག་གིས་ནང་ཆོས་ཀྱི་ཐོག་ནས་རིག་གནས་གསར་པ་ཤེས་ཡ་དང༌། ལྷག་པར་དུ་སེམས་ཁམས་རིག་པའི་སྐོར་ནང་ཆོས་ནས་ཚུར་བསླབ་ཡ། ནང་པའི་ལྟ་གྲུབ་ནས་བཤད་ཡོད་པའི་སེམས་ཁམས་རིག་པའི་རྣམ་གཞག་དང་དེང་སང་གི་དུས་རབས་གསར་པའི་ཚན་རིགས་སེམས་ཀྱི་རྣམ་གཞག་དང༌། ཀླད་རྩའི་རྣམ་གཞག་དེ་ཚོའི་གྲས་དེ་གོ་བསྡུར་བྱེད་ནས། ཕན་ཚུན་ཉམས་མྱོངས་འདྲ་པོ་དེ་འདྲ་སྤེལ་བའི་ཐོག་ནས་མིའི་ཤེས་ཡོན་ཡར་རྒྱས་གཏོང་ཡ་དང༌། ལྷག་པར་དུ་ནང་སེམས་ཀྱི་དཀའ་ངལ་སེལ་ཐབས་དེ་འདྲ་ལ་དཀའ་པོ་བྱེད་བཞིན་ཡོད་པ་རེད། དེ་ཚོས་གྲས་ལ་ཕྱོགས་གཅིག་ནི་ང་ཚོ་བཙན་བྱོལ་བ་བྱེད་ནས་བསམ་བློ་གཏོང་བ་ཡིན་ན་རང་འགོ་མ་ཐོན་པ་ལྟར་བུ་ཞིག་རེད། ལྷག་པར་དུ་བོད་ཀྱི་བདེ་དོན་ཐོག་ལ་ང་ཚོས་སེམས་ཁུར་ཧ་ཅང་ཆེན་པོ་ཞིག་སླེབས་བསྡད་ཡོད་པ་རེད། འགན་དེ་ཚོ་སླེབས་ཀྱི་ཡོད་པ་རེད། གཞིས་ལུས་རྒྱ་ཆེ་མི་མང་གི་ངོ་གདོང་འདིར་ཚུར་གཏད་བསྡད་ཡོད་པ་རེད། དེ་འདྲ་ཡིན་དུས་ང་ཚོར་འགན་ཞིག་འདུག་ཨ། ཡང་ཕྱོགས་གཅིག་ནས་ང་རང་ཚོའི་བོད་ཀྱི་ཆོས་དང་རིག་གཞུང་སྐོར། ནང་གི་སྤྱོད་བཟང་ཡ་རབས་ཀྱི་སྐོར་དེ་ཚོ་ད་ལྟ་ང་ཚོས་གོ་སྐབས་གསར་པ་ཞིག དུས་ཚོད་གསར་པ་ཞིག་གི་སྒང་ལ་མི་དང་འབྲེལ་བ་བྱེད་ནས་ཕན་ཐོག་བྱེད་ཐུབ་པའི་གོ་སྐབས་ཅིག་འདུག་ཨ། ངའི་སེམས་ནང་རྟག་པར་དྲན་གྱི་འདུག དཔེར་ན་ང་ལ་ཆ་བཞག་པ་ཡིན་ན། གལ་སྲིད་ང་ད་ལྟ་རྩེ་ཕོ་བྲང་པོ་ཏཱ་ལར་བསྡད་ཡོད་པ་ཡིན་ན། བཞུགས་ཁྲི་དེའི་སྒང་ལ་བོད་ཇ་འདྲ་བཏུང༌། རྫིག་པོ་བྱེད་ནས་ཧ་ལམ་དེ་འདྲ་བསྡད་ཡོད་པ་རེད། ད་ལྟ་ང་ཚོ་བཙན་བྱོལ་བ་ཆགས་ནས་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་འཛམ་བུ་གླིང་འདིའི་སྒང་ལ་ངོ་ཤེས་མང་པོ་ཞིག་ཆགས། བོད་ཀྱི་ཆོས་དང་རིག་གཞུང་ལ་རིན་ཐང་ག་ཚོད་ཅིག་ཡོད་མེད་དེ་འཛམ་བུ་གླིང་འདིའི་སྒང་ལ་མཐོང་ཐུབ་པ་ཞིག་ཆགས། དེ་འདྲའི་རྐྱེན་ངན་གྲོགས་པ་ཤར་ནས་དེ་འདྲའི་ཕན་ཐོག་ཡང་བྱུང་འདུག་ཨ། དེ་འདྲ་ཡིན་དུས་ད་ལྟ་ང་ཚོ་ལོ་༥༡ཕྱིན་ཡོད་པ་དེ་སེམས་སྐྱོ་པོ་ཞིག་རེད་དེ་དོན་གོ་ཆོད་ཡོད་པ་རེད། གཙོ་ཆེ་ཤོིས་བོད་ནང་ལ་ང་རང་ཚོ་དངོས་གནས་འཛམ་བུ་གླིང་གི་གཅེས་ནོར་ལྟ་བུར་བཤད་ཐུབ་པའི་ཆོས་དང་རིག་གཞུང་ཟབ་མོ་ཅིག་ཡོད་བསྡད་པ་དེ། བོད་ནང་ལ་ཉམས་པར་སོ་ཆུད་ཡག་པོ་ཞིག་བྱེད་ཐུབ་པ་བྱུང་ན། རྒྱ་ནག་གི་རྒྱལ་ཁབ་དེ་ལོ་རྒྱུས་ཀྱི་ཐོག་ནས་ཧ་ལམ་ནང་པའི་རྒྱལ་ཁབ་རེད། རྒྱ་ནག་ནང་ད་ལྟ་ནང་པ་ག་ཚོད་མང་པོ་འདུག དཔེར་ན་ད་ལྟར་ཆ་བཞག་པ་ཡིན་ན། རྗེ་བཙུན་འཇམ་པའི་དབྱངས་ཀྱི་གནས་རྩ་ཆེན་པོ་བརྩི་ཡ་རི་བོ་རྩེ་ལྔ་དེ་བོད་ལ་ཡོད་པ་མ་རེད་རྒྱ་ནག་ནང་ལ་ཡོད་པ་རེད། དེ་བཞིན་རི་བོ་ཏཱ་ལ་ཞེས་པའི་སྤྱན་རས་གཟིགས་ཀྱི་གནས་རྩ་ཆེན་པོ་ཞིག་བརྩི་བཞིན་ཡོད་པ་རེད་དེ་ཡང་རྒྱ་ནག་ཏུ་ཡོད་པ་རེད། གང་ལྟར་ལོ་རྒྱུས་ནང་རྒྱ་ནག་ནང་ལ་ནང་ཆོས་ཧ་ཅང་ཆེན་པོ་ཞིག་དར་ཡོད་པ་རེད། ནམ་རྒྱུན་རྒྱ་རིགས་ཀྱི་ཆོས་གྲོགས་ཚོ་ཐུག་པའི་སྐབས་དེར་ངས་རྟགས་པར་ཟེར་བསྡད་བཞིན་ཡོད། ཁྱེད་རང་ཚོ་བཅོམ་ལྡན་འདས་ཀྱི་དགེ་ཕྲུག་རྒན་པ་རེད། ང་ཚོ་བཅོམ་ལྡན་འདས་ཀྱི་དགེ་ཕྲུག་གཞོན་པ་རེད། དེ་འདྲ་ཡིན་དུས་དགེ་ཕྲུག་གཞོན་པས་དགེ་ཕྲུག་རྒན་པར་གུས་འདུད་བྱེད་དགོས་པ་དེ་ཡ་རབས་སྤྱོད་བཟང་གི་འགྲོ་ལུགས་ཅིག་རེད་ཅེས་གུས་འདུད་བྱེད་ཀྱི་ཡོད། གུས་འདུད་བྱེད་པ་དང་ཆབས་ཅིག་རྩེད་མོ་རྩེ་ནས། འོན་ཀྱང་ནང་པ་སངས་རྒྱས་པའི་ཆོས་ཀྱི་ཤེས་ཚད་ཀྱི་ཐོག་ནས་ཆ་བཞག་པ་ཡིན་ན། དགེ་ཕྲུག་གཞོན་པ་ཚོར་སྐྱོ་བ་ཡོད་པ་མ་རེད་ཅེས་བཤད་བསྡད་བཞིན་ཡོད། དེ་འདྲ་ཡིན་དུས་རྒྱུན་དུ་ང་ཚོས་ཆབ་སྲིད་རྐྱང་རྐྱང་སྒང་ལ་བསམ་བློ་གཏོང་ནས་བསྡད་རྒྱུ་མི་འདུག ང་ཚོའི་བོད་ཀྱི་གནད་དོན་དེ་ཆབ་སྲིད་རྐྱང་རྐྱང་ཞིག་མ་རེད། ང་ཚོའི་བོད་ཀྱི་གནད་དོན་དེ་སངས་རྒྱས་ཀྱི་བསྟན་པ་དང་འབྲེལ་བའི་འཐབ་རྩོད་ཅིག་ཆགས་བསྡད་ཡོད་པ་རེད། སངས་རྒྱས་ཀྱི་བསྟན་པ་དང་འབྲེལ་བསྡད་ཡོད་པ་དེ་བོད་ཅིག་པུའི་སྐད་ཆ་ཞིག་མ་རེད། བོད་ས་མཐོའི་སྒང་དེ་ནས་ཆུ་བོ་ས་ཁུལ་ཁག་མང་པོའི་ནང་ཁྱབ་པ་ནང་བཞིན། བོད་ས་མཐོའི་སྒང་གི་སངས་རྒྱས་ཀྱི་བསྟན་པ་ནི་དེའི་གཡས་གཡོན་གྱི་ཡུལ་གྲུ་མང་པོ་ཞིག་དང་འབྲེལ་བ་ཡོད་པ་ཞིག་ཆགས་བསྡད་ཡོད་པ་རེད། དེ་འདྲ་ཡིན་དུས་ང་རང་ཚོ་ཚང་མས་བསམ་བློ་རྒྱ་ཆེ་ས་མིག་རྒྱང་རིང་ས་ཞིག་ལ་བལྟ་དགོས་པ་དེ་གལ་ཆེན་པོ་རེད། ང་རང་ཚོ་ཚང་མར་གང་ལྟར་སེམས་ཀྱི་ནང་ལ་གྲ་སྒྲིག་བྱེད་ཡ་ཅིག་དང༌། སེམས་ཀྱི་ནང་ལ་ཞུམ་པ་མི་ཡོང་ཡ། སེམས་ཀྱི་ནང་ལ་ད་དུང་ཡང་སྙིང་སྟོབས་གོང་ནས་གོང་དུ་འཕེལ་བར་བྱེད་དགོས་པ་རེད། ང་ཚོར་རྐྱེན་ངན་བྱུང་བ་རེད་དེ་གོ་ཆོད་སོང་བསམ་པའི་བློ་ཞིག་བྱུང་བ་ཡིན་ན་ཕན་ངེས་རེད། གཞན་ཡིད་མུག་ནས་བསྡད་པ་ཡིན་ན་ཕན་ཐོག་གང་ཡང་ཡོད་པ་མ་རེད། ཤེས་སོང་ངམ། དེ་འདྲ་ཡིན། བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་སོང༌།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་སྒྲ་ཕབ་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།