དགོངས་ཚུལ།

བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཐེངས་༩པ་དབུ་འཛུགས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༨ཉིན། དེ་རིང་ཞོགས་པར་བོད་མི་མང་སྤྱི་འཐུས་སྐབས་༡༤པའི་གྲོས་ཚོགས་ཚོགས་དུས་༩པ་དེ་དབུ་འཛུགས་གནང་ཡོད་པ་རེད། དེ་ཡང་ཐོགས་མར་སྤྱི་འཐུས་རྣམ་པ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་ཕུལ་བ་དང༌། བོད་མི་རིགས་དང་རྒྱལ་ཁབ་ཆེད་སྐུ་ལས་བསྐྱོན་མཁན་ཁག་ཅིག་འདས་གྲོངས་སུ་ཕྱིན་པ་དེ་ཚོའི་ཆེད་མྱ་ངན་དང་གུས་བཏུད་བྱས་སོང༌ལ། དེ་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་གྲོས་ཚོགས་དབུ་འཛུགས་ཀྱི་གསུང་བཤད་དང༌། དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་ནས་ཕྱི་ལོ་༢༠༡༠དང་༢༠༡༡ལོའི་སྔོན་རྩིས་འགོད་འབུལ་གྱི་གཏམ་བཤད་དང༌།  ལས་དོན་སྙན་སྒྲོན་སོགས་རིམ་པར་གནང་སོང༌།

ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་གསུང་བཤད་གནང་དོན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༩པའི་ཐོག་ཕེབས་པའི་བཀུར་འོས་དཔལ་ལྡན་བཀའ་བློན་ཁྲི་པའི་དབུས་བཀའ་བློན་རྣམ་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་གྱིས་དབུས་སྤྱི་འཐུས་རྣམ་པ་དེ་རིང་འདིར་ཚོགས་བཅར་ཐུབ་པར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

ད་ལྟའི་དུས་ཚོད་དེ་བོད་ནང་ལ་ཕྱི་ལོ་༢༠༠༨ནས་བཟུང་སྟེ་གནས་ཚུལ་ཛ་དྲག་ཐོག་གནས་ཡོད་པ་ང་ཚོ་ཚང་མས་མཁྱེན་མཁྱེན་པ་རེད། རྒྱས་བཤད་ཞུ་དགོས་པ་ཡོད་པ་མ་རེད། ལྷག་པར་དུ་ད་ལྟ་ང་ཚོ་གྲོས་ཚོགས་ཚོགས་པའི་སྐབས་དེར་སུམ་ཅུ་དུས་དྲན་དང་ཉེ་བ་ཞིག་ཆགས་ཡོང་དུས། བོད་ནང་ལ་ནམ་རྒྱུན་དང་མི་འདྲའི་དམ་དྲག་ཤུགས་ཆེ་རུ་བཏང་ནས། ཉེ་བའི་ཆར་རྡུང་རྡེབ་ཚ་ནན་གྱི་ལས་འགུལ་ཚོ་ཚུང་ཡང་བསྐྱར་སྤེལ་ནས་གང་ལྟར་བོད་ནང་ལོག་ལ་ད་ལྟ་ཡིན་ནའང་བོད་ནང་ལ་ཛ་དྲག་གི་གནས་སྟངས་ཆགས་ཡོད་པ་འདི་བློ་ཕམ་གྱི་རང་བཞིན་ཞིག་རེད། དེ་བཞིན་ད་ལྟའི་ཆར་རྒྱལ་སྤྱི་ཆབ་སྲིད་ཀྱི་གནས་སྟངས་རེད། རྒྱ་ནག་སྲིད་གཞུང་གི་ངོས་ནས་འཛམ་བུ་གླིང་ནང་ལ་ཆབ་སྲིད་ཡིན་ནའང་འདྲ་དཔལ་འབྱོར་ཡིན་ནའང་རེད། ཁོར་ཡུག་ཡིན་ནའང་འདྲ། བདེ་འཇགས་ཀྱི་སྐོར་ཡིན་ནའང་འདྲ་གནས་དོན་གང་འདྲ་ཞིག་གི་ཐོག་ཡིན་རུང་རྒྱ་ནག་མ་མ་བསྟུན་ན་ཐབས་མེད་པའི་བཟོ་འདྲ་པོ་ཞིག་བྱེད་ནས་ཁེངས་དྲེག་ཤུགས་ཆེན་པོ་ཞིག་དང༌། མཁྲེག་བཟུང་ཤུགས་ཆེན་པོ་ཞིག་བྱེད་ནས་ད་ལྟ་བར་དུ་ང་ཚོའི་སྐུ་ཚབ་ཐེངས་༩རྒྱ་ནག་ལ་ཕྱིན་པ་རེད་དེ། གྲུབ་འབྲས་གང་ཡང་མ་སོན་པའི་གནས་སྟངས་དེ་གཙོ་བོ་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱིས་འདུན་པ་མེད་པ་དང༌། ད་ལྟའི་གནས་སྟངས་འདི་ལ་བལྟས་ནས་ཁེངས་དྲེགས་ཀྱི་རྣམ་པ་ཤུགས་ཆེན་པོ་ཞིག་ཡོད་པ་དེ་ལ་བརྟེན་ནས་གནས་སྟངས་དེ་འདྲ་ཞིག་ལྷག་བསྡད་ཡོད་པ་ཞིག་ལ་ང་ཚོའི་བོད་གཞུང་གི་ངོས་ནས་ངོས་འཛིན་ཞུ་དགོས་པ་ཞིག་ཆགས་བསྡད་ཡོད་པ་རེད། དེ་འདྲ་ཡིན་ནའང་གཞིས་ལུས་མི་མང་གི་ལྷག་བསམས་སྙིང་སྟོབས། རྣམ་དཔྱོད་རྩལ་དུ་གཏོན་ནས། ད་ལྟ་ཡིན་ནའང་ང་ཚོས་གནད་དོན་དེ་འཛམ་བུ་གླིང་ནང་ལ་དཀའ་ངལ་སེལ་དགོས་པའི་གལ་ཆེན་པོ་ཞིག་གནས་ཐུབ་པ་བྱུང་བ་དང༌། དེ་བཞིན་རྒྱ་ནག་གཞུང་ངོས་ནས་ཀྱང་སྣང་མེད་དུ་འཇོགས་ཐབ་མེད་པ་ཆགས་བསྡད་ཡོད་པ་རེད། གཙོ་བོ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རེད། བོད་གཞིས་ལུས་མི་མང་གི་དཔའ་འཛངས་སྙིང་སྟོབས། གཞིས་བྱེས་བོད་མི་ཚོའི་སེམས་ཤུགས། རྒྱལ་སྤྱིའི་ནང་ལ་བོད་དོན་རྒྱབ་སྐྱོར་བྱེད་མཁན་ཚོས་མུ་མཐུད་ནས་བདེན་པར་རྒྱབ་སྐྱོར་གནང་བ་དེ་ལ་བརྟེན་ནས་བྱུང་བ་ཞིག་རེད། དེ་ཚོར་ང་ཚོས་བཀའ་དྲིན་རྗེས་དྲན་ག་དུས་ཡིན་རུང་ཞུ་དགོས་པ་ཞིག་དང༌། བསམ་དགོས་པ་ཞིག་རེད། ང་རང་ཚོ་གྲོས་ཚོགས་ནང་ལ་ཡིན་ནའང་བོད་ནང་གི་གནས་སྟངས་ལ་གཞི་བཅོར་ནས་ལས་དོན་ག་རེ་གནང་བ་ཡིན་ནའང་ཕྱ་གྲུ་མཉམ་འདེབས་དང་སྤྱིའི་ནུས་པ་དེ་སྤུང་ཐུབ་པ་བྱེད་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་ཆགས་བསྡད་ཡོད་པ་རེད། དེ་ཞུས་པའི་ཐོག་ནས་ད་རས་གྲོས་ཚོགས་ཚོགས་དུས་༩པ་དེ་སྤྱི་ཟླ་༣པའི་གྲོས་ཚོགས་ཆགས་བསྡད་ཡོད་པ་རེད། སྤྱི་ཟླ་༣པའི་གྲོས་ཚོགས་ནང་ལ་ནམ་རྒྱུན་ང་ཚོའི་ལས་རིམ་ཡིན་ན་རེད། གཙོ་བོ་དེ་བཙན་བྱོལ་བོད་གཞུང་གི་དངུལ་རྩིས་གཏན་འབེབས་བྱེད་རྒྱུ་དེ་རེད། རྒྱལ་ཁབ་གཞན་དང་མི་འདྲ་བའི་ང་ཚོའི་སྐྱབས་བཅོལ་གྱི་གནས་སྟངས་རེད། དངུལ་རྩིས་ཀྱི་འགྲོ་སྟངས་དེ་ཡང་རྒྱལ་ཁབ་གཞན་དང་མི་འདྲ་བའི་ང་རང་ཚོ་རང་ཉིད་ཀྱི་འགྲོ་སྟངས་ཐུན་མོངས་མ་ཡིན་པ་ཞིག་གི་ཐོག་ནས་འགྲོ་བཞིན་ཡོད་པ་རེད། དེའི་ཐོག་ལ་དེ་རིང་དཔལ་འབྱོར་བཀའ་བློན་མཆོག་ནས་གཏམ་བཤད་གནང་གི་རེད། དེ་སྔ་དང་མི་འདྲ་བའི་དེ་རིང་གི་དཔལ་འབྱོར་བཀའ་བློན་མཆོག་གི་གཏམ་བཤད་ནང་ལ་ཞིབ་ཕྲའི་གནས་ཚུལ་མང་པོ་ཞིག་བླུགས་ཡོད་པ་རེད། དེ་བླུགས་པའི་རྐྱེན་གྱིས་ཡི་གེའི་ཟུར་དང་གང་ཅིའི་ཐོག་ནས་ཆུང་བ་དང་དེ་འདྲའི་གནས་སྟངས་ཡོང་སྲིད་པ་རེད། དེ་འདྲ་ཡིན་དུས་གཟིགས་བདེ་མི་བདེའི་གནས་ཚུལ་ཞིག་ཡོད་ན་མ་གཏོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པ་དང༌། བོད་པའི་རྒྱ་ཆེ་མང་ཚོགས་ཀྱི་གནས་ཚུལ་གསལ་པོ་མཁྱེན་པར་སྔ་དང་མི་འདྲ་ཐོག་ནས་ད་ལྟ་ང་ཚོར་ཡར་རྒྱས་འགྲོ་བཞིན་ཡོད་པ་རེད། ད་དུང་ཡིན་ནའང་མུ་མཐུད་ནས་ཡར་རྒྱས་འགྲོ་དང་འགྲོ་བཞིན་པ་རེད། དེར་གྲོས་ཚོགས་འཐུས་མི་རྣམ་པས་ཞིབ་ཕྲའི་ཐུགས་སྣང་གནང་དགོས་པའི་གནས་འགག་ཅིག་ཆགས་བསྡད་ཡོད་པ་རེད།

ད་ལན་གྲོས་ཚོགས་འདིའི་ནང་ལ་རྒྱུན་ལས་ཀྱིས་བཙུགས་བཞག་པའི་བཅའ་ཁྲིམས་དང་སྒྲིག་གཞི་ལ་བསྐྱར་བཅོས་ཚོགས་ཆུང་དེའི་སྙན་ཐོ་དེ་དང་འབྲེལ་བའི་ཐོག་ནས། བཅའ་ཁྲིམས་བསྐྱར་བཅོས་ཁག་ཅིག་དང༌། སྒྲིག་གཞི་བསྐྱར་བཅོས་བཅས་ཁག་མང་པོ་ཞིག་ཡོད་པ་རེད། འོན་ཀྱང་སྒྲིག་གཞི་བསྐྱར་བཅོས་ཆ་ཚང་ཞིག་ཐེངས་འདིར་གྲོས་ཚོགས་ནང་མ་འདང་བའི་གནས་སྟངས་གང་འདྲ་ཞིག་ཆགས་མིན་ཤེས་ཀྱི་མི་འདུག ཡིན་རུང་ག་ཚོད་ཐུབ་ཐུབ་ཅིག་གྲོས་ཚོགས་འདིའི་ནང་གཏོང་རྒྱུར་འབད་བརྩོན་ཞུ་རྒྱུ་ཡིན། ལྷག་པར་དུ་བཅའ་ཁྲིམས་བསྐྱར་བཅོས་ཐེངས་འདིར་གྲོས་ཚོགས་འདི་ནང་གཏན་འབེབས་བྱེད་དགོས་པ་ཞིག་དང༌། སྒྲིག་གཞི་བསྐྱར་བཅོས་ནང་ནས་འོས་བསྡུར་སྒྲིག་གཞི་དེ་གྲོས་ཚོགས་འདིའི་ནང་གཏན་འབེབས་བྱེད་དགོས་པ་རང་བཞིན་ཆགས་བསྡད་ཡོད་པ་རེད། དེ་འདྲ་ཡིན་དུས་དེ་གཉིས་པོ་སྔོན་ལ་གཏོང་རྒྱུ་ཡིན། དུས་ཚོད་འདང་པ་འདྲ་པོ་ཞིག་བྱུང་ན་སྒྲིག་གཞི་གཞན་པའི་བསྐྱར་བཅོས་དེ་ཚོ་གྲོས་ཚོགས་འདིའི་ནང་གཏོང་རྒྱུ་ཡིན། དེ་དག་གི་ཡིག་ཆ་དེ་ཚོ་ང་ཚོས་སྔོན་ལ་ག་ཚོད་ཐུབ་ཐུབ་ཀྱི་དགྲམ་རྒྱུ་དང༌། དེ་ནས་སྤྱི་འཐུས་རྣམ་པ་ཚོས་ནང་ལོགས་སུ་གོ་བསྡུར་བྱེད་རྒྱུ་དང་བསམས་ཚུལ་བརྗེ་རྒྱུ། གྲོས་ཚོགས་ནང་སླེབས་པའི་སྐབས་སུ་རྒྱུ་མཚན་དང་ལྡན་པའི་བགྲོ་གླེང་གནང་རྒྱུ། དེ་ཚོའི་ཐོག་ལ་ཚོགས་གཙོས་ངོས་ནས་རེ་བ་ཞུ་བཞིན་ཡོད། བཅའ་ཁྲིམས་བསྐྱར་བཅོས་ནང་ནས་དེ་རིང་དམིགས་སུ་བཀར་ནས་གནད་འགག་ཆེ་བ་དེ་ཕྱི་ལོ་༡༩༩༡་དང་༡༩༩༢སྐབས་སུ་བཅའ་ཁྲིམས་གཏན་འབེབས་བྱས་པའི་རྗེས་སུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་ཐོག་ནས་འགྱུར་བ་གང་ཡང་ཕྱིན་ཡོད་པ་མ་རེད། འོན་ཀྱང་ད་ལྟའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གནས་སྟངས་ཐོག་ནས་བྱང་ཨ་རིའི་ནང་ལ་བོད་པའི་གྲངས་ཀ་དེ་ཧ་ཅང་མང་དུ་ཕྱིན་ཡོད་པ་རེད། བྱང་ཨ་རིའི་ནང་ལ་སྤྱི་འཐུས་གཅིག་སྤར་རྒྱུ་དང༌། བྱང་ཨ་རི་དང་ཡོ་རོབ་རྒྱ་བལ་འབྲུག་གསུམ་ཕུད་པའི་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་གཞན་པར་སྤྱི་འཐུས་ཀྱི་གྲངས་ཀ་གཅིག་སྤར་རྒྱུའི་ཁྲིམས་འཆར་ཚོགས་ཆུང་གི་ངོས་ནས་བཏོན་པ་བཞིན་རྒྱུན་ལས་ནང་བཀར་སྡུར་གནང་ནས་དེ་རིང་གྲོས་ཚོགས་འདིའི་ནང་ཡོང་གི་ཡོད་པ་རེད། དེ་ཚོའི་སྐོར་ཐུགས་སྣང་གནང་རྒྱུ་དང༌། གྲོས་ཚོགས་འདིའི་ནང་གཏན་འབེབས་གནང་དགོས་པ་ཞིག་ཆགས་བསྡད་ཡོད་པ་རེད།  དེ་མིན་གྲོས་ཚོགས་འདིའི་ནང་སྤེབས་རྒྱུའི་གནད་དོན་ཁག་ཅིག་ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་རང་གི་ཆེད་འཛུགས་གནང་བའི་ཚོགས་ཆུང་གི་སྙན་ཐོ་རྣམས་དེའི་ནང་ཡོང་རྒྱུ་རེད། དེ་ཚོའི་ཐོག་ལ་ང་ཚོས་གྲོས་སྡུར་ཟབ་རྒྱས་ཡོང་དགོས་པ་ཞིག་དང༌། ལྷག་པར་དུ་ཤེས་ཡོན་ཚོགས་ཆུང་གི་སྙན་ཐོ་དེ་གྲོས་ཚོགས་འདིའི་ནང་སླེབས་དགོས་པ་རེད། ཧ་ཅང་གི་གལ་ཆེན་པོ་བྱས་ནས་གྲོས་ཚོགས་ཀྱིས་ཆེད་འཛུགས་ཚོགས་ཆུང་ཞིག་ཆགས་བསྡད་ཡོད་པ་རེད། དེའི་ཐོག་ལ་གོ་སྡུར་ལྷུག་པོི་དང་རྒྱས་པོ་ཞིག་ཡོང་རྒྱུར་རེ་བ་དང་འབོད་སྐུལ་ཞུ་བཞིན་ཡོད། ན་ནིང་༢༠༠༨ནང་ལ་གྲོས་ཚོགས་ཚོགས་དུས་༨པ་དེ་ང་ཚོས་ཚུལ་མཐུན་གྱིས་མཇུག་བསྡུ་མ་ཐུབ་པའི་རྐྱེན་གྱིས་གྲོས་ཆོད་གྲོས་འཆར་ཁག་ཅིག་དང་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་སྤྱི་འཐུས་རྣམ་པ་ཚོ་ས་གནས་ས་བགོས་བྱས་པའི་དྲི་བ་ཁག་ལ་ལན་འདེབས་གནང༌། ལན་འདེབས་གནང་བ་དེའི་ཐོག་ལ་གྲོས་ཚོགས་ནང་ལ་ཉིན་ཕྱེད་ཀ་གཉིས་དང༌། ཉིན་གང་གཅིག་བཅས་ཁྱོན་སྡོམ་ཉིན་གཉིས་དེའི་ཐོག་བགྲོ་གླེང་བྱེད་ནས། སྐབས་དེར་དྲི་བ་གཏོང་བ་དེ་ཚོ་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ལན་འདེབས་གནང་རྒྱུ་དེ་ཚོ་ལྷག་བསྡད་ཡོད་པ་རེད། དེ་ཚོ་ཐེངས་འདིར་གྲོས་ཚོགས་འདིའི་ནང་ལ་འཇུག་སྒྲིག་ཐུབ་པའི་འབད་བརྩོན་ཞུ་རྒྱུ་ཡིན། དེ་ཚོ་དེ་རིང་སྔོན་ལ་བཞག་རྒྱུའི་འབད་བརྩོན་ཞུས་ཡོད། ལྷག་པར་དུ་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་དེའི་གྲོས་ཆོད་གཏན་འབེབས་བྱེད་རྒྱུ་ལྷག་བསྡད་ཡོད་པ་དེ་ང་ཚོས་དེ་རིང་གྲོས་ཚོགས་འདིའི་ནང་གཏན་འབེབས་བྱེད་ནས་འབྱུང་འགྱུར་ཟླ་བ་དྲུག་བདུན་ནང་ལ་ལས་འགུལ་བརྩམ་པ་ཞིག་ཆགས་བསྡད་ཡོད་པ་རེད། དེ་ཚོའི་ཐོག་ལ་ང་ཚོས་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་གནས་སྟངས་ཅིག་ཆགས་བསྡད་ཡོད་པ་རེད། གྲོས་ཚོགས་ནང་ལ་དྲི་བ་ག་ཚོད་ཅིག་ཡོང་གི་ཡོད་མེད་དང༌། ཐུགས་སྣང་ཆེན་པོ་ག་ཚོད་ཡོང་གི་ཡོད་མེད་དེ་ད་ལྟར་ཚོད་དཔག་ཐུབ་པ་མི་འདུག སྤྱི་འཐུས་རྣམ་པ་ཚོ་མང་ཆེ་བ་ཞིག་ཁ་སང་ཕེབས་པ་རེད། དེ་འདྲ་ཡིན་དུས་དེ་ཚོ་བང་རིམ་བཞིན་དུ་གྲོས་ཚོགས་ཀྱི་ལམ་རིམ་ནང་བཅུག་རྒྱུ་མ་གཏོགས་ད་ལྟ་ཞུ་ཐུབ་ཀྱི་མི་འདུག དེ་ནི་གྲོས་ཚོགས་ཀྱི་ལས་རིམ་དང་འབྲེལ་བའི་ཐག་གཅོད་ཅིག་རེད། གྲོས་ཚོགས་ཀྱི་དེབ་ཐེར་ནང་ལྷག་དགོས་པའི་ཆེད་དུ་རང་མ་གཏོགས་དམིགས་སུ་བཀར་ནས་གནད་དོན་དེའི་ཐོག་ལ་ཚོགས་ཆུང་གི་ངོས་ནས་དམིགས་བསལ་མང་པོ་ཞིག་བཤད་རྒྱུར་འདུན་པ་མེད། འོན་ཀྱང་༢༠༠༨ཟླ་༩པར་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པ་དེ་ང་ཚོས་ཚུལ་མཐུན་གྱིས་མཇུག་སྒྲིལ་མ་ཐུབ་པའི་གནས་ཚུལ་ཞིག་བྱུང་བ་རེད། དེ་འདྲ་ཞིག་བྱུང་བ་དེ་མ་འགྲིག་པ་ཡིན་པ་དེ་ང་ཚོ་ཚང་མར་གསལ་པོ་ཆགས་བསྡད་ཡོད་པ་རེད་བསམས་ཀྱི་འདུག བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལ་དེའི་ཐོག་དགོངས་ཚུལ་མི་འདྲ་བ་མང་པོ་ཞིག་ཆགས་བསྡད་ཡོད་པ་རེད། བོད་མིའི་འདུས་སྡོིད་ས་གནས་ཁག་ནང་ལ་སྐབས་ཅིག་ལ་སྐད་ཆ་བཤད་ཡ་དེ་གྲོས་ཚོགས་མཇུག་བསྡུ་མ་ཐུབ་པའི་གནས་ཚུལ་དེ་ཡོངས་གྲགས་བཟོ་འདྲ་པོ་ཞིག་དང༌། ཚང་མས་སྐད་ཆ་བཤད་བསྡད་པ་ཞིག་ཆགས་བསྡད་པ་རེད། དེ་བཞིན་དུ་དྲ་རྒྱ་ཁག་ནང་ལའང་གནས་ཚུལ་མང་པོ་ཞིག་ཐོན་ཡོད་པ་རེད། སྤྱི་འཐུས་རྒྱུན་ལས་ལའང་ཕྱག་འཕྲིན་མང་པོ་ཞིག་འབྱོར་ཡོད་པ་རེད། བོད་ནང་ལ་ང་ཚོའི་ཁ་གཏད་རྒྱ་ནག་གིས་བེད་སྤྱོད་ལོག་པར་གང་འདྲ་ཞིག་གཏོང་ཡོད་མེད་དེ་ང་རང་ཚོ་ཚང་མའི་ཐུགས་རྒྱུད་ལ་ཡོད་པ་རེད། དེའི་སྐོར་ལ་ངས་རྒྱས་པོ་ཞིག་བཤད་དགོས་པ་མཐོང་གི་མི་འདུག གནས་ཚུལ་དེ་བྱུང་བ་རེད། ནང་པ་སངས་རྒྱས་པ་ཞིག་ཡིན་པའི་ཆ་ནས་གནས་ཚུལ་མང་པོ་ཞིག་ཡོང་བའི་སྐབས་ལ་རྐྱེན་མང་པོ་ཞིག་ལ་བརྟེན་ནས་ཡོང་གི་ཡོད་པ་དེ་ཚང་མས་ངོས་འཛིན་གནང་གི་ཡོད་པ་རེད། དེ་འདྲ་ཡིན་དུས་སུས་འགྲིག་དང་སུས་མ་འགྲིག་དེའི་སྐོར་ཞུ་འདོད་རྩ་བ་ཉིད་ནས་མེད། ཡིན་ན་ཡང༌། མ་འགྲིག་པ་དེ་མ་འགྲིག་པ་ཞིག་དང༌། ང་ཚོ་བཙན་བྱོལ་ནང་སླེབས་ནས་༧རྒྱལ་བ་རིན་པོ་ཆེས་ཧ་ཅང་གི་གལ་ཆེན་པོ་ཞིག་གཟིགས་ནས་མང་གཙོའི་ལམ་སྲོལ་གསར་གཏོད་གནང་བ་རེད། གསར་གཏོད་གནང་ནས་ལོ་༥༠འགྲོ་བཞིན་ཡོད་པ་རེད། ད་ལོའི་སྤྱི་ཟླ་༩ཚེས་༢ཉིན་མོ་དེ་ང་ཚོ་མང་གཙོའི་དུས་དྲན་སྲུང་བརྩི་བྱ་རྒྱུ་རེད། བཙན་བྱོལ་ནང་སླེབས་ནས་མང་གཙོ་དབུ་བརྙེས་ནས་ལོ་༥༠འཁོར་བའི་དུས་དྲན་སྲུང་བརྩི་ཞུ་རྒྱུ་ཞིག་དང༌། དེ་ཡང་ནམ་རྒྱུན་དང་མི་འདྲ་བ་རྒྱས་ཤིང་རྒྱས་པ་ཞིག་གནང་རྒྱུའི་འཆར་གཞི་ཞིག་ཡོད་པ་རེད། དུས་སྐབས་དེ་འདྲ་ཞིག་ལ་གནས་ཚུལ་དེ་འདྲ་ཞིག་བྱུང་བ་དེ་༧རྒྱལ་བ་རིན་པོ་ཆེས་སྐུ་ལས་བཀྱོན་གནང་བ་དེར་ང་ཚོས་བྱེད་སྟངས་ལས་སྟངས་ཀྱི་ཐོག་ནས་ཕམ་ཉེས་ཆེན་པོ་ཞིག་ཕྱིན་པ་དེ་ཡང་ང་ཚོས་ངོས་འཛིན་ཞུ་དགོས་པ་རེད་བསམས་ཀྱི་འདུག དེ་བཞིན་མང་གཙོ་འཕེལ་རིམ་གྱི་ཐོག་ནས་ཡིན་ནའང་འདྲ། གྲོས་ཚོགས་ཀྱི་ལས་དོན་གཞིར་བཞག་ཐོག་ཡིན་ནའང་སྔར་བྱུང་མ་མྱོངས་བ་ཞིག་སྐབས་༡༤པའི་གྲོས་ཚོགས་འདིའི་ནང་བྱུང་བ་རེད། དེ་འདྲ་ཡིན་དུས་ལོ་རྒྱུས་ནང་ལྷག་བསྡད་རྒྱུའི་གནས་ཚུལ་ཞིག་རེད། མ་འོངས་པ་ཡིན་ནའང་གྲོས་ཚོགས་འདིའི་ནང་གནས་ཚུལ་དེ་དང་དེ་འདྲ་པོ་ཡོང་ལ་ཉེ་བ་དང་ཡོང་བའི་ཉེན་ཁ་དེ་འདྲའི་སྐབས་ལ་བགྲང་བསྡད་རྒྱུའི་གནས་ཚུལ་ཞིག་ཆགས་བསྡད་ཀྱི་རེད། སྐབས་༡༤པའི་སྤྱི་འཐུས་སྐབས་ལ་གནས་ཚུལ་དེ་འདྲ་ཞིག་བྱུང་བ་རེད་ཟེར་བའི་བགྲང་རྒྱུའི་གནས་ཚུལ་ཞིག་ཆགས་ངེས་རེད། དེ་འདྲ་ཡིན་དུས་ཁ་སེང་གྲོས་ཚོགས་ཚོགས་དུས་སྐབས་སུ་ཞུས་པ་ཡིན། འགན་དེ་ཚོགས་ཁང་འདིའི་ནང་ཚོགས་པའི་བཀའ་བློན་རྣམ་པ་མར་ཕུད་པའི་ཚོགས་གཙོ་ནས་བཟུང་ང་ཚོ་སྤྱི་འཐུས་རྣམ་པ་ཚང་མར་ཡོད་པ་རེད། ང་ཚོ་འགན་དེ་ལས་གཡོ་ཐབས་ཡོད་པ་མ་རེད། དེ་འདྲ་ཡིན་དུས་དེའི་ཐོག་ལ་ང་ཚོ་མ་འོངས་པར་དེའི་རིགས་མ་ཡོང་བའི་ཚོགས་གཙོ་ངོས་ནས་རེ་འདུན་ཞུས་ཡོད། འབོད་སྐུལ་ཞུ་བཞིན་ཡོད། ཡིན་ན་ཡང་ཚོགས་གཙོ་མིང་ཁྱེར་བ་ཙམ་ལས་མིའི་འཇོན་ཐང་དང༌། ཤེས་ཡོན། མཐོང་ཆེན་པོ་ཞིག་ཡོང་གཞི་ཞིག་མིན་དུས་གྲོས་ཚོགས་ནང་ལ་འབོད་སྐུལ་ཞིག་ཞུ་དུས་ནུས་པ་ག་ཚོད་ཅིག་ཐོན་གྱི་ཡོད་མེད་བཤད་ཚོད་ཐིགས་ཀྱི་མི་འདུག གནས་ཚུལ་སྡུག་པ་དེ་བྱུང་བ་རེད་དེ་བཟང་ཕྱོགས་ཀྱི་ངོས་ནས། ཡང་ངས་དེ་ཡག་པར་བཟོ་རྒྱུའི་འབད་བརྩོན་བྱེད་བཞིན་མེད་དེ། གྲོས་ཚོགས་ནང་ལ་སྐྱོན་བྱུང་བ་དེ་གྲོས་ཚོགས་ནང་ལ་སྐྱོན་བྱུང་བ་རེད། མང་ཚོགས་ཀྱིས་བསལ་བློ་གཏོང་སྟངས་དང་མང་ཚོགས་ཀྱི་བསམ་བློའི་ཁྱེར་སོ། མང་ཚོགས་ཀྱིས་དོ་སྣང་གནང་གི་ཡོད་མེད་དེའི་ཐོག་ལ་ད་རས་ཀྱི་གནས་ཚུལ་དེ་ཐོག་ནས་བསལ་པོ་ཆགས་ཡོད་པ་རེད་བསམས་ཀྱི་ཡོད། ང་ཚོ་༡༩༦༢ལོར་མང་གཙོ་དབུ་བརྙེས་ནས་གྲོས་ཚོགས་ཚུགས་པ་རེད། ༡༩༩༠བར་དུ་གྲོས་ཚོགས་མིང་དོན་མཚུངས་པ་ཞིག་ཡོད་མེད་ཟེར་བ་དེ་གནས་ཚུལ་ཁག་ཁག་ཞིག་རེད། ༡༩༩༡ལོ་ནས་བཟུང་སྟེ་གྲོས་ཚོགས་འདི་འཛམ་གླིང་མང་གཙོ་སྤྱི་སྲོལ་དང་མཐུན་པའི་དབང་ཆ་དང་ལྡན་པའི་གྲོས་ཚོགས་ཅིག་ཆགས་པ་རེད། དེ་ནས་བཟུང་སྟེ་ང་ཚོས་གྲོས་ཚོགས་ཚོགས་བསྡད་པ་རེད། ཡིན་ན་ཡང་མང་ཚོགས་ཀྱིས་ངོས་ནས་གྲོས་ཚོགས་ཚོགས་བསྡད་པ་དེར་ཐུགས་སྣང་གནང་མཁན་ག་ཚོད་ཙམ་ཡོད་པ་རེད། དེ་ང་ཚོས་ཤེས་ཤེས་པ་འདྲ་པོ་ཞིག་རེད། བར་སྐབས་ཅིག་ལ་ང་ཚོའི་གནས་ཚུལ་དེ་བྱུང་བའི་རྗེས་ལ་ལས་ཁུངས་སུ་བཅར་མཁན་ཡོང་གི་འདུག བོད་ནས་ཁ་པར་ཡོང་གི་འདུག་གནས་ཚུལ་དེ་འདྲ་ཞིག་བྱུང་འདུག མ་འོངས་པར་དེ་འདྲ་མ་གནང་རོགས་ཟེར། དེ་འདྲ་ཞིག་མ་ཡོང་བའི་ཐབས་ཤེས་བྱེད་རོགས་གྱིས་ཟེར་ནས་ཁ་པར་ཡོང་གི་འདུག དཔེར་ན་མང་ཆེ་བར་སྐད་ཆ་དྲིས་པའི་སྐབས་སུ་གྲོས་ཚོགས་ཀྱི་གྲུབ་འབྲས་ཐོན་པ་དང༌། གྲུབ་འབྲས་ཐོན་པ་བྱས་ཡོད་པའི་ལས་ཀ་ཐོག་ལ་གོ་སྡུར་གནང་དེ་ཧ་ཅང་དཀོན་པོ་རེད། རྩ་བའི་ཐུགས་སྣང་གནང་མཁན་དཀོན་པོ་རེད། ད་ལན་རྙོག་དྲ་ཐེངས་གཅིག་བྱུང་བ་དེ་ལ་གཟབ་གཟབ་དང་གཟིགས་གཟིགས་ཆེན་པོ་བྱེད་ནས་དེའི་འཁོར་ཐག་དེ་ག་ནས་རག་ཡོང་ཐབས་ཤེས་བྱེད་ནས་ཚང་མས་གཟིགས་གནང་ཡོད་པ་རེད། མང་པོ་ཞིག་ལ་སྐད་ཆ་དྲིས་པ་ཡིན། ལས་ཁུངས་ནང་ཡོང་མཁན་ཚོ་ལའང་སྐད་ཆ་དྲིས་པ་ཡིན། ང་ཚོའི་གྲོས་ཚོགས་ཚོགས་ཡ་དེ་ཚེས་ཕྱི་ཟླ་༩པའི་ཚེས་༧ནས་ཚེས་༡༩བར་དུ་རེད། དེའི་སྔོན་ལ་གྲོས་ཚོགས་ནང་ལ་གནད་དོན་གལ་ཆེན་པོ་ཐོག་ལ་བགྲོ་གླེང་མང་པོ་ཞིག་བྱུང་ཡོད་པ་རེད། དེ་ཚོའི་གྲས་གཟིགས་རྒྱུ་བྱུང་སོང་ངམ་ཞེས་སྐད་ཆ་དྲིས་དུས། དེ་ཚོ་གཟིགས་རྒྱུ་མ་བྱུང་གསུང་གི་འདུག རྙོག་དྲ་བྱུང་བའི་ཉི་མ་ཕྱེད་ཀ་དེ་གཅིག་པུ་གཟིགས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་འགྲིག་གི་མི་འདུག་ཟེར་བའི་སྐད་ཆ་ཤུགས་ཆེན་པོ་ཞིག་བྱུང་བ་རེད། ཐུགས་ཁག་ཡོད་ཀྱི་མ་རེད། འོན་ཀྱང་ད་རས་ཀྱི་གནས་ཚུལ་དེ་རྐྱེན་ངན་པ་དེ་འདྲ་ཞིག་དང་འཕྲད་པ་ལ་བརྟེན་ནས་མང་ཚོགས་ཀྱི་ངོས་ནས་སྤྱི་འཐུས་ཚོ་ཕ་ཆེར་སྔོན་མ་ངོ་མ་ཤེས་པ་དེ་ཚོ་ངོ་ཤེས་པ་ཆགས་པ་དང༌། དེ་བཞིན་སོ་སོས་བདམས་པའི་འཐུས་མི་ཚོས་རྒྱུན་དུ་ནས་དགོངས་པ་བཞེས་ཕྱོགས་གང་འདྲ་རེད། ལྟ་བ་ལམ་ཕྱོགས་གང་འདྲ་རེད་བསལ་པོ་ཆགས་ཐུབ་རྒྱུའི་ཁེ་ཕན་ཞིག་ཀྱང་བྱུང་ཡོད་པ་རེད་བསམས་ཀྱི་ཡོད། དེ་རིང་གྲོས་ཚོགས་དབུ་འཛུགས་ཀྱི་གཏམ་བཤད་དེ་དང་འབྲེལ་བའི་ཐོག་ནས་མང་ཚོགས་ལ་འབོད་སྐུལ་ཞུ་རྒྱུ་ཞིག་ནི་རྙོག་དྲ་བྱུང་བའི་སྐབས་ཅིག་པུར་ལ་གྲོས་ཚོགས་ཀྱི་ལས་དོན་ག་རེ་བྱེད་བཞིན་ཡོད་མེད་ཐུགས་སྣང་གནང་བ་ཙམ་མིན་པ། དུས་རྒྱུན་དུ་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སོ་སོས་འོས་འདེམས་བྱེད་པའི་འཐུས་མི་ཚོས་གྲོས་ཚོགས་ནང་ལ་ཆ་ཤས་གང་འདྲ་ལེན་གྱི་འདུག དགོིངས་ཚུལ་གང་འདྲ་རེད་དེའི་ཐོག་ལ་ཐུགས་སྣང་གནང་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་ཞིག་རེད་བསམས་ཀྱི་འདུག དེ་མི་མང་ལ་འབོད་སྐུལ་ཞུ་རྒྱུ་ཡིན། འདས་པའི་ཟླ་བ་དྲུག་ནང་ལ་མ་འགྲིག་པའི་གནས་ཚུལ་གཅིག་བྱུང་བ་རེད། ཡིན་ན་ཡང་ང་ཚོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ག་ཚོད་ཐུབ་ཐུབ་ཅིག སྒྲུབ་ཐུབ་པའི་གནས་ཚུལ་མང་པོ་ཞིག་བྱུང་ཡོད་པ་རེད་བསམས་ཀྱི་ཡོད། དཔེར་ན་༢༠༠༨ཟླ་༡༡ནང་ལ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ལྔ་པ་དེ་དབྱི་ཊ་ལའི་རྒྱལ་ས་རོམ་ལ་ཚོགས་པ་རེད། དེར་ཞུགས་ཐུབ་པ་བྱུང་ཡོད་པ་རེད། དེ་ཡང་སྔར་དང་མི་འདྲ་བའི་ཐོག་ནས་ཚོགས་མི་མང་ཉུང་ཡིན་ནའང་རེད། ཚོགས་མི་ཚོས་ཐུགས་སྣང་གནང་ནས་བོད་པའི་ཐོག་རྒྱབ་སྐྱོར་གནང་ཡ་ཤུགས་ཚད་ཡིན་ནའང་རེད། དེ་འདྲའི་ཐོག་ལ་ང་ཚོ་སྤྱི་འཐུས་ལྷན་ཚོགས་ཀྱིས་འགན་འཁུར་ནས། འཛིན་སྐྱོང་གི་རྒྱབ་སྐྱོར་ཡོད་པའི་ཐོག་ནས་ནུས་པ་ཐོན་པའི་ལས་ཀ་ཞིག་བྱེད་ཐུབ་པ་བྱུང་ཡོད་པ་རེད་བསམས་ཀྱི་ཡོད། དེ་བཞིན་དུ་སྤྱི་འཐུས་རྣམ་པ་ཚོ་ས་གནས་ས་བགོས་བྱས་ནས་ཕྱོགས་བསྐྱོད་ཕེབས་པ། མི་མང་གི་དངོས་ཡོད་གནས་སྟངས་གཟིགས་ལྟོགས་ཐུབ་པ་དང༌། མི་མང་ལ་དཀའ་ངལ་ག་རེ་ཡོད་པ་དེ་ཚོ་འཛིན་སྐྱོང་བཀའ་ཤག་ལ་ཡར་ར་འཕྲོད་ཐུབ་པ་བཟོ་བ་དང༌། ད་ཚོའི་ཐོག་ནས་སྐུ་ལས་མང་པོ་ཞིག་བཀྱོན་ཡོད་པ་རེད། ད་དུང་ཡིན་ནའང་སྤྱི་འཐུས་རྣམ་པ་ཚོ་ས་བགོས་བྱས་པ་ནང་བཞིན་བྱེད་ནས་ཕྱོགས་བསྐྱོད་དུ་ཕེབས་ཀྱི་ཡོད་པ་རེད། དགུན་ཁའི་དུས་ཚོད་ལ་ཕེབས་མཁན་ཅུང་ཙམ་ཉུང་བ་ཡོད་རེད་དེ་འོན་ཀྱང་བསྡད་ཡོད་པ་རེད། དེ་ཚོ་ཡང་ལས་འགན་འགྲུབ་པ་ཞིག་ལ་ངོས་འཛིན་བྱེད་དགོས་ཀྱི་ཡོད་པ་རེད། རྒྱལ་སྤྱིའི་རྒྱལ་ཁབ་ཁག་ལ་སྤྱི་འཐུས་རྣམ་པ་ཚོ་ཕྱོགས་བསྐྱོད་བྱས་ནས་བོད་པའི་གནད་དོན་ར་འཕྲོད་པ་བཟོ་ཐུབ་པ་དེ་ཚོའི་ཐོག་ལའང་འབད་བརྩོན་གང་ལ་གང་འཚམ་གནང་ཡོད་པ་རེད། སྤྱི་འཐུས་རྣམ་པ་ཚོ་ཕྱི་རྒྱལ་གྱི་རྒྱལ་ཁབ་མང་པོ་ཞིག་གི་ནང་ཕེབས་ཡོད་པ་རེད། ཕེབས་ནས་སྤྱི་འཐུས་ཀྱི་མིང་ཡོད་པ་ནང་བཞིན་འགན་འཁུར་ནས་རྒྱལ་ཁབ་དེ་ཚོའི་དཔོན་རིགས་དང་མཇལ་འཕྲད་གནང་བ་རེད། གཞུང་འབྲེལ་མིན་པའི་སྒྲིག་བཙུགས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བ་ཡོད་པ་དེ་ཚོ་ཚང་མར་མཇལ་འཕྲད་གནང་ནས་བོད་དོན་རྒྱབ་ཁྱབ་ཆེ་རུ་གཏོང་རྒྱུའི་ཆེད་དུ་འབད་བརྩོན་གང་ལ་གང་འཚམ་གྱིས་གནང་ཡོད་པ་རེད། དེ་ཚོ་ང་ཚོའི་གྲུབ་འབྲས་ཐོན་པའི་ལས་ཀ་ཞིག་རེད། གྲོས་ཚོགས་འཐུས་མི་ཚོར་༧རྒྱལ་བ་རིན་པོ་ཆེས་བཀའ་གནང་བ་ནང་བཞིན་བྱེད་ནས་གྲོས་ཚོགས་འཐུས་མི་ཚོར་འབྲེལ་བ་བྱེད་ཡ་དང༌། རྒྱ་གར་ནང་ལོགས་སུ་ཡིན་ནའང་རྒྱ་གར་གྱི་མངའ་སྡེ་ཁག་ནང་ལ་གྲོས་ཚོགས། མངའ་སྡེའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་རྒྱུའི་ཐོག་ལ་ང་ཚོས་འབད་བརྩོན་ཞུ་བཞིན་ཡོད་པ་རེད། ཁ་སང་ཁ་ཉིན་ཧི་མ་ཅལ་གྱི་མངའ་སྡེའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་ང་ཚོས་བསྐྱར་འཛུགས་ཐུབ་པ་བྱུང་ཡོད་པ་རེད། འབྱུང་འགྱུར་ཀ་ཎ་ཊ་ཀའི་ནང་ལ་དེ་འདྲ་བཙུགས་ཐུབ་རྒྱུར་འབད་བརྩོན་ཞུ་དང་ཞུ་བཞིན་པ་རེད། དེ་ཚོའི་ཐོག་ལ་དཀའ་ལས་རྒྱག་གི་ཡོད་པ་རེད། ནུས་པ་ཐོན་མ་ཐོན་དང་ནུས་པ་ཤུགས་ཆེན་པོ་ག་ཚོད་ཅིག་ཐོན་མ་ཐོན་ཟེར་བ་དེ་གཞན་དབང་སྟབས་བསྟུན་ཡིན་དུས་སྐབས་དེར་གཟིགས་རྒྱུ་ཞིག་རེད། འོན་ཀྱང་འབད་བརྩོན་ཞུ་བཞིན་ཡོད་པ་རེད། དེ་བཞིན་གྲོས་ཚོགས་དང་ཐད་ཀར་འབྲེལ་བ་ཡོད་པ་དེ་གཞི་རིམ་མང་གཙོ་ཤུགས་ཆེ་རུ་གཏོང་རྒྱུའི་ཆེད་དུ་ས་གནས་འཐུས་ཚོགས་དང་གྲོས་ཚོགས་འབྲེལ་བ་ཞིག་ཆགས་བསྡད་བཞིན་ཡོད་པ་རེད། ས་གནས་འཐུས་ཚོགས་ཁག་ལ་ཚོགས་ཁང་མེད་ས་ཚོགས་ཁང་རྒྱག་རྒྱུ་དང༌། དཔལ་འབྱོར་གྱི་ཐབས་ཤེས་དེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་བྱས་ཡོད་པ་རེད། ས་གནས་༢༡དང་༢༢ཙམ་ཞིག་ལ་ས་གནས་འཐུས་ཚོགས་ཀྱི་ཚོགས་ཁང་རྒྱག་རྒྱུར་དཔལ་འབྱོར་ཐབས་ཤེས་བྱས་ཡོད་པ་རེད། ལག་བསྟར་བྱ་རྒྱུ་དེ་འཛིན་སྐྱོང་གི་ངོས་ནས་གནང་རྒྱུ་རེད། ད་ལྟ་ནང་སྲིད་ལས་ཁུངས་ཀྱིས་གནང་དང་གནང་བཞིན་པ་རེད། དེ་ཚོའི་ཐོག་ལ་ནུས་པ་ཐོན་པ་ཞིག་ལ་བརྩི་བཞིན་ཡོད། དེ་འདྲ་ཡིན་དུས་དེ་ནི་ང་ཚོས་ཡུས་བཤད་པའི་སྐད་ཆ་ཞིག་མ་རེད། གནད་དོན་གང་དང་གང་ཡིན་རུང་ལེགས་པའི་ཆ་དེ་ཡང་ངོས་འཛིན་དགོས་པ་ཞིག་དང༌། མི་ལེགས་པའི་ཆ་དེ་ཡང་ཐེ་འདོན་བྱེད་དགོས་པ་དེ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་དུས། དེ་རིང་གྲོས་ཚོགས་དབུ་འཛུགས་ཀྱི་གཏམ་བཤད་དེ་དང་འབྲེལ་བའི་ཐོག་ནས་དེ་ངོ་སྤྲོད་ཅིག་ཞུས་པ་ཡིན་ན་ཐུགས་ཕན་ཞིག་གསོས་མི་ཡོང་ངམ་སྙམ་ནས་དེ་རིང་མང་ཚོགས་ལ་དེའི་རིག་པའི་ཐོག་ནས་ཞུ་བཞིན་ཡོད། དེ་འདྲ་ཞིག་ཞུས་པའི་ཐོག་ནས་དེ་རིང་གྲོས་ཚོགས་འདིའི་ནང་ལ་དེ་རིང་གྲོས་ཚོགས་ཀྱི་ཚོགས་དུས་༩པའི་ཐོག་ལ་ང་ཚོའི་ཡོ་རོབ་མཐུན་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཚོགས་ཆུང་གི་འཐུས་མི་ཁག་ཅིག་དེ་རིང་འདིར་ཆིབས་བསྒྱུར་གནང་ཡོད་པ་རེད། དེ་རིང་གྲོས་ཚོགས་ཐེངས་༩པའི་ཐོག་ཟུར་ཉན་དུ་བཅར་བ་རེད། རྣམ་པ་ཚོས་ཕ་ཆེར་མཁྱེན་གྱི་རེད། ཁོ་རང་ཚོ་ན་ནིང་བོད་ནང་ལ་ཕེབས་པ་རེད། བོད་ནང་ལ་ཕེབས་ནས་གནས་ཚུལ་རྟོགས་ཞིབ་དང༌། རྒྱ་ནག་དང་ཡོ་རོབ་སྤྱི་མཐུན་གྱི་བར་བོད་དོན་ཐོག་འབྲེལ་བ་ཤུགས་ཆེ་ཤོས་ཤིག ལྷག་པ་དུ་དཔལ་འབྱོར་དང་སྤྱི་ཚོགས་དང་འབྲེལ་བ་ཡོད་པའི་གནད་དོན་མང་པོ་ཞིག་ད་ལྟ་ཁོ་རང་ཚོས་གླེང་བསྡད་ཀྱི་ཡོད་པ་རེད། ཁོ་རང་ཚོ་ན་ནིང་སྐུ་ཞབས་པིས་ཁྲེ་ཁི་ལི་ཝལ་འདིར་ཕེབས་པ་རེད། དེ་རིང་འདིར་ཁོ་རང་ཚོ་ཡོད་དུས་ང་རང་ཚོ་བཙན་བྱོལ་གཞུང་དང་ཐག་ཉེ་པོ་བྱེད་ཡ་དང༌། བཙན་བྱོལ་གཞུང་གི་བསམ་ཚུལ་ག་རེ་ཡོད་པ་དེ་ཁོང་ཚོས་ཤེས་རྟོགས་ཐུབ་པ་བྱ་རྒྱུ་དང༌། དེ་ནས་རྒྱ་ནག་དང་འབྲེལ་བ་བྱེད་པའི་སྐབས་སུ་ར་འཕྲོད་ཐུབ་པ་བྱ་རྒྱུའི་འབད་བརྩོན་དེ་འདྲ་ཞིག་དམིགས་ཡུལ་བཟུང་ནས་དེ་རིང་འདིར་ཆིབས་བསྒྱུར་གནང་བ་དེ་ལ་ང་ཚོས་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་སོང་།།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།