དགོངས་ཚུལ།

བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཐེངས་དགུ་པ་ཚོགས་འཆར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༦ཉིན། བོད་མི་མང་སྤྱི་འཐུས་སྐབས་བཅུ་བཞི་པའི་ཚོགས་དུས་༩པ་དེ་བདུན་ཕྲག་རྗེས་མའི་རེས་གཟའ་ཟླ་བ་ཉིན་ནས་འགོ་འཛུགས་ཀྱིས་ཉིན་༡༢རིང་བཙན་བྱོལ་བོད་གཞུང་གི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་གྲོས་ཚོགས་ཚོགས་ཁང་དུ་སྐོར་ཚོགས་གནང་རྒྱུ་ཡིན་པ་རེད། དེ་ཡང་ཕྱི་ལོ་༢༠༡༠ནས་༢༠༡༡བར་གྱི་བཙན་བྱོལ་བོད་གཞུང་གི་ལས་ཁུངས་མ་ལག་བཅས་ཀྱི་སྔོན་རྩིས་དང་ལོ་འཁོར་སྙན་ཐོ་བཅས་ཀྱིས་གཙོས་མ་འོངས་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་ལས་དོན་བསྒྲུབ་ཕྱོགས་སྐོར་གྲོས་མོལ་གནང་རྒྱུ་ཡིན་པ་རེད།

གཞན་ཡང་གྲོས་ཚོགས་ཚོགས་དུས་བརྒྱད་པའི་སྐབས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མའི་སྐུ་ཕྱྭ་དང༌། བཙན་བྱོལ་བོད་གཞུང་གི་སྲིད་ཇུས་དང་ལང་ཕྱོགས། ཤེས་ཡོན་སྲིད་ཇུས་ལམ་ལུགས། འཕྲོད་རྟེན་དང་བོད་གཞུང་ལས་ཁུངས་མ་ལག་བཅས་ཀྱི་ཕྱི་ལོ་༢༠༠༩ནས་༢༠༡༠བར་གྱི་སྔོན་རྩིས་སྐོར་བཀའ་སྡུར་གནང་ཡོད་ནའང༌། གྲོས་ཚོགས་ཚོགས་དུས་བརྒྱད་པར་འཇུག་རྫོགས་པར་ཉིན་གཅིག་ལས་མེད་པའི་ལོ་དེའི་ཟླ་༩པའི་ཚེས་༡༨ཉིན། སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་ཞིག་གི་ཐད་དགོངས་ཚུལ་མ་མཐུན་པར་གྲོས་ཚོགས་འཐུས་མི་༡༢ཙམ་གྲོས་ཚོགས་ནས་ཕྱིར་ཐོན་པར་བརྟེན། སྤྱི་འཐུས་རྩ་འབོར་གྱི་སུམ་ཆ་གཉིས་མ་ཚང་བས་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་ལྟར་གྲོས་ཚོགས་ཚོགས་དུས་དེ་དུས་ཡུན་ངེས་མེད་རིང་མཚམས་འཇོགས་གནང་དགོས་བྱུང་བ་རེད། འོན་ཀྱང་ད་ཐེངས་སླ་ཡང་སྤྱི་འཐུས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་དགུ་པ་དེ་ཟླ་འདིའི་ཚེས་༨ནས་༢༠བར་ཚོགས་རྒྱུ་ཡིན་པ་རེད།

གཞན་ཡང་སྐབས་དེར་བྱང་ཨ་རི་དང༌། ཡོ་རོབ། རྒྱ་བལ་འབྲུག་གསུམ་བཅས་ཀྱི་སྤྱི་འཐུས་ཀྱི་གྲངས་འབོར་རྒྱ་བསྐྱེད་གནང་རྒྱུ་དང༌། བོད་མི་མང་སྤྱི་འཐུས་ལྷན་ཁང་དབུ་བརྙེས་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་གནང་ཕྱོགས་གྲོས་སྡུར་གནང་རྒྱུ་ཡིན་པའི་སྐོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་འབར་ཚེ་རིང་མཆོག་གིས་ཕ་ཡུལ་གསར་ཁང་ལ་འགྲེལ་བརྗོད་གནང་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།