གཞུང་འབྲེལ་མིན་པའི་ཚོགས་པ་ལྔས་མར་མེ་ཁྲོམ་སྐོར་གྱི་ལས་འགུལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༥ཉིན། དེ་རིང་དགོང་མོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང༌། བོད་ཀྱི་བུད་མེད་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། དེ་བཞིན་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག་བཞུགས་སྒར་དྷ་རམ་ས་ལར་མར་མེ་ཁྲོམ་སྐོར་དང་། གསར་འགོད་གསལ་བསྒྲགས་ཀྱི་ལས་འགུལ་ཞིག་ཀྱང་སྤེལ་སོང༌།

དེ་རིང་གི་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་དགོས་པའི་རྒྱུ་མཚན་ནི། ཉེ་ཆར་དཀར་མཛེས་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་རྒྱལ་ཁབ་ཁ་བྲལ་དང༌། སྤྱི་ཚོགས་བདེ་འཇགས་ལ་ཁ་གཡར་ཏེ་བོད་མི་པདྨ་ཡེ་ཤེས་ཞུ་བ་ཞིག་ལ་ལོ་གཉིས་དུས་འགྱངས་ཀྱི་སྲོག་ཁྲིམས་བཅད་ཡོད་པ་དང༌། གཉིས་ནི་འཆར་ལ་ཉེ་བའི་སུམ་ཅུ་དུས་དྲན་ཐོག་བོད་མི་རྣམས་ཀྱིས་ཞི་བའི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་བར་དམིགས་ཏེ་རྡུང་རྡེབ་ཚ་ནན་གྱི་ལས་འགུལ་སྤེལ་འགོ་ཚུགས་ནས། ལྷ་ས་སོགས་གྲོང་ཁྱེར་ཁག་དང༌། སེར་འབྲས་དགེ་གསུམ་གཙོས་པའི་དགོན་སྡེ་ཁག་བཅས་ལ་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པས་མ་ཚད། ཉིན་ཤས་ནང་ལྷ་ས་གཅིག་པུར་ཉེས་མེད་ཀྱི་བོད་མི་༧༠ལྷག་ཙམ་འཇུ་བཟུང་བྱས་པ་སོགས་རྒྱ་གཞུང་གི་དྲང་བདེན་མིན་པའི་ལས་འགུལ་དང་བྱ་སྤྱོད་དེར་ངོ་རྒོལ་དང༌། དཀའ་སྡུག་དང་ཛ་དྲག་འོག་གནས་ཡོད་པའི་གཞིས་ལུས་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་བྱེད་དུ་གཞུང་འབྲེལ་མིན་པའི་ཚོགས་པ་ལྔས་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་དང་གཞན་ཡང་དབྱིན་བོད་གཉིས་ཀྱི་ཐོག་ནས་གསར་འགོད་གསར་བསྒྲགས་ཤིག་ཀྱང་སྤེལ་སོང༌།

སྐབས་དེར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ངག་དབང་འོད་འབར་ལགས་ཀྱིས་གསུངས་དོན།
དེ་སང་རྒྱ་ནག་གཞུང་གིས་བསླུ་བྲིད་དང་ལས་འགུལ་འདྲ་མིན་གྱི་འོག་ནས་བོད་མི་རྣམས་ལ་རྡུང་རྡེབ་དང་མནར་གཅོད་སོགས་གཏོང་བཞིན་ཡོད་ནའང༌། གཞིས་ལུས་བོད་མི་རྣམས་ཀྱི་སྙིང་སྟོབས་དེ་ཉིན་ནས་ཉིན་རེར་རླབས་ཆེ་རུ་དང་མཐུན་སྒྲིལ་གྱི་རྡོག་རྩ་གཅིག་ཏུ་སྒྲིལ་བཞིན་ཡོད་པ་རེད། མངོན་གསལ་དོད་ཤོས་དེ་ས་བྱི་ཞི་རྒོལ་ཆེན་མོ་དེའི་སྐབས་ལ་དངོས་གནས་ང་ཚོའི་གཞིས་ལུས་མི་མང་ཚོའི་སྙིང་སྟོབས་དེ་གང་འདྲ་ཞིག་ཡིན་མིན་དེ་ཧ་ཅང་གསལ་པོ་རྒྱལ་སྤྱིའི་ཐོག་ལ་སྟོན་ཐུབ་ཡོད་པ་རེད། གཙོ་བོ་དེ་ཕྱི་ལོ་༡༩༨༧ནས་འགོ་བཙུགས་ཏེ་མི་རབས་གསར་པ་ཚོས་སྣེ་ཁྲིད་འོག་བྱུང་བ་ཞིག་རེད། དེའི་ཐོག་ལ་རྒྱ་གཞུང་གིས་བོད་མི་མང་པོ་ཞིག་དམར་བསད་དང༌། བཙོན་འཇུག་སོགས་ད་ལྟའང་བོད་མི་སྟོང་ཕྲག་དྲུག་ཙམ་བཙོན་ཁང་དུ་ཡོད་པ་རེད། ཉེ་བའི་ཆར་ཡང་བོད་མདོ་དབུས་ཁམས་གསུམ་ས་ཕྱོགས་གང་སར་ངོ་རྒོལ་སྐད་འབོད་མུ་མཐུད་ནས་བྱེད་བཞིན་ཡོད་པ་དང༌། རྒྱ་གཞུང་གིས་བོད་མི་དེ་ཚོ་ངེས་མེད་ཀྱི་འཛིན་བཟུང་དང༌། དཔེར་ན། ཉེ་ཆར་ཁམས་ཉ་རོང་ཁུལ་དུ་བོད་མི་པདྨ་ཡེ་ཤེས་ལ་ལོ་གཉིས་སྲོག་ཐོག་དང༌། རོགས་པ་གཉིས་ལ་ཚེ་བཙོན་དང་ལོ་༡༦ཀྱི་ཁྲིམས་ཐག་སོགས་བཅད་ཡོད་པ་རེད། གཞན་ཡང་རྒྱ་གཞུང་གིས་ཁ་ནས་ཞི་བདེ་དང་ལྷིང་འཇགས་ལ་ཁ་གཡར་ནས་རྒྱལ་སྤྱིའི་ཐོག་འུར་སྒྲོག་བྱེད་བཞིན་ཡོད་ཀྱང༌། དོན་དངོས་ཀྱི་ཆ་ནས་བོད་ནང་དུ་རྒྱ་གཞུང་གིས་རྡུང་རྡེབ་དང་མནར་གཅོད་ཀྱི་ལས་འགུལ་དེ་ཛ་དྲག་ཏུ་སྤེལ་བཞིན་ཡོད་པ་རེད། དེ་འདྲ་ཡིན་དུས་དེ་རིང་འདིར་ང་ཚོས་རྒྱ་གཞུང་གི་དྲང་བདེན་མིན་པའི་ཐག་གཅོད་དེ་ཚོར་མཐའ་ཅིག་ཏུ་ངོ་རྒོལ་བྱེད་རྒྱུ་དང༌། ཐག་གཅོད་ཟིན་པ་དེ་ཚོ་ཡང་ཕྲལ་དུ་གློད་བཀྲོལ་གཏོང་དགོས་པ། དེ་བཞིན་རྒྱ་ནག་གཞུང་ཁོ་རང་ཚོའི་རྩ་ཁྲིམས་ནང་འཁོད་པ་ནང་བཞིན། ཁོ་རང་ཚོས་བྲིས་པ་དེ་ལག་ལེན་བསྟར་དགོས་ཀྱི་ཡོད་ཅེས་མཐའ་ཅིག་ཏུ་ངོ་རྒོལ་ཞུ་རྒྱུ་ཡིན་ཞེས་གསུངས་སོང་།

དེ་རྗེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས། དེང་སང་བོད་ནང་དུ་རྒྱ་ནག་གཞུང་གིས་མུ་མཐུད་དུ་མི་རིགས་རྩ་མེད་དང༌། རིག་གཞུང་རྩ་མེད། འབྱུང་ཁམས་རྩ་མེད་སོགས་རྩ་མེད་གསུམ་གྱི་ངན་གཡོའི་སྲིད་ཇུས་ལག་བསྟར་བྱེད་རྒྱུར་ཤུགས་སྣོན་རྒྱག་བཞིན་པ་མ་ཟད། སུམ་བཅུ་དུས་དྲན་སླེབས་ལ་ཉེ་བའི་མཚམས་སུ། བོད་མི་རྣམས་ཀྱིས་རྒྱ་གཞུང་གིས་བཙན་འཛུལ་ལ་ཡར་ལངས་བྱ་རྒྱུའི་འཇིགས་དངངས་འོག རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ངེས་མེད་དང༌། བཙོན་ཁང་ངེས་མེད་བཅས་སུ་བོད་མིའི་བདེ་དོན་རྩོད་ལེན་བྱེད་མཁན་ཚོར་རྡུ་རྡེབ་ཚ་ནན་ཟེར་བའི་ལས་འགུལ་བསྐྱར་དུ་སྤེལ་འགོ་ཚུགས་བཞིན་ཡོད་པའི་སྐོར་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔས་སྤེལ་བའི་གསར་འགོད་གསར་བསྒྲགས་ཤིག་དབྱིན་བོད་གཉིས་ཀྱི་ཐོག་ནས་སྒྲོག་སྦྱང་གནང་སོང་ལ། ཡང་ཁོང་གིས་ང་ཚོའི་འཐབ་རྩོད་འདི་ནི་བོད་མི་རིགས་ཅིག་དང་རྒྱལ་ཁབ་ཅིག་གི་འཐབ་རྩོད་ཅིག་རེད། མི་རིགས་ཅིག་དང་རྒྱལ་ཁབ་ཅིག་གི་འཐབ་རྩོད་ཟེར་བ་དེ་ཚོགས་པ་ཅིག་དང་གཞུང་གཅིག་གི་ལེན་ཐུབ་རྒྱུའི་གནས་ཚུལ་ཞིག་མ་རེད། དེ་འདྲ་ཡིན་དུས་ཚང་མས་ཁུར་མཉམ་ལེན་དང་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་པའི་སྐོར་བཀའ་སློབ་དང་འབོད་སྐུལ་ཤུགས་ཆེར་གནང་སོང༌།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།