དགོངས་ཚུལ།

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

30november20081ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཟླ་༡༡ཚེས་༢༩ཉིན་སྤེལ། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཉེ་ཁྲིད་དུ་ཡོད་པའི་གུར་གའོ་ཞེས་པའི་ས་གནས་ནང་རེས་གཟའ་སྤེན་པ་ཟླ༡༡ཚེས་༢༩ནས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་བསྐོང་འཚོགས་གནང་སྟེ་ད་བར་ཉིན་གྲངས་༣རིང་འཚོགས་ཡོད་པ་དང་ཉིན་གསུམ་གྱི་ལྷན་ཚོགས་དེའི་རིང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་གནང་མཁན་ཚོགས་མི་ཚོའི་བར་ལ་ད་ལྟའི་བོད་ནང་གི་གནས་སྟངས་དང་ལྷག་པར་དུ་ཉེ་ཆར་བཞུགས་སྒར་རྡ་རམ་ས་ལར་ཚོགས་པའི་བོད་མིའི་དམིགས་བསལ་ཚོགས་ཆེན་ཐོག་ཐག་གཅོད་བྱུང་བའི་གྲུབ་འབྲས་བཅས་ཀྱི་སྐོར་ལ་གོ་བསྡུར་ལྷུག་པོ་གནང་ཡོད་པ་རེད།

ཉིན་དང་པོའི་ལྷན་ཚོགས་དབུ་འབྱེད་སྐབས་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་སྐུ་མགྲོན་གཙོ་བོར་ཕེབས་ཞུགས་གནང་ཡོད་པ་རེད།

རྒྱལ་ས་ལྡི་ལིར་ཡོད་པའི་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་གི་སྐུ་ངོ་བསྟན་པ་ཚེ་རིང་ལགས་ཀྱིས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་ཆེན་ཐོག་བསྩལ་བའི་གསུང་འཕྲིན་སྒྲོག་སྦྱངས་གནང་ཡོད་པ་རེད། བཀའ་བློན་ཁྲི་པ་མཆོག་གིས་གསུང་བཤད་ནང་ལ་ཉེ་ཆར་བཞུགས་སྒར་རྡ་རམ་ས་ལར་ཚོགས་པའི་བོད་མིའི་དམིགས་བསལ་གྱི་ལྷན་ཚོགས་ཐོག་ཐག་གཅོད་བྱུང་བའི་གནད་དོན་ཐོག་གལ་འགངས་ཆེན་པོས་ནན་བརྗོད་གནང་སྟེ། ཐེངས་འདིའི་བོད་མིའི་དམིགས་བསལ་ཚོགས་ཆེན་ཐོག་ལ་ཚོགས་ཞུགས་པའི་སྐུ་ཚབ་རྣམས་ནས་མང་མོས་ཀྱིས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་དབུ་མའི་ལམ་གྱི་ཐབས་ལམ་ལ་བསྐྱོད་རྒྱུའི་རྒྱབ་སྐྱོར་དང་ཐག་གཅོད་བྱུང་བ་བཞིན་ང་ཚོས་མུ་མཐུད་ཐབས་ལམ་དེའི་ཐོག་མདུན་བསྐྱོད་བྱ་དགོས་ཀྱི་ཡོད་ལུགས་གསུངས་ཡོད་པ་དང༌། བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཀརྨ་ཆོས་འཕེལ་ལགས་ཀྱིས་གསུང་བཤད་ནང་ལའང་བཞུགས་སྒར་དུ་ཚོགས་པའི་བོད་མིའི་དམིགས་བསལ་ཚོགས་ཆེན་དེའི་ཐོག་ལ་བཙན་བྱོལ་ནང་དུ་ཡོད་པའི་བོད་མི་ཚོའི་དགོངས་ཚུལ་བསྡུ་རུབ་བྱས་པ་ཁོ་ན་མ་ཡིན་པར༌། བོད་ནང་གི་བོད་མི་ཚོའི་དགོངས་ཚུལ་ཡང་བསྡུ་རུབ་བྱས་ཡོད་པའི་ཐག་གཅོད་ཅིག་ཡིན་པ་དང་ང་ཚོའི་འཐབ་རྩོད་བྱ་ཡུལ་དང་ངོ་རྒོལ་བྱ་ཡུལ་ཁ་ཕྱོགས་ནི་རྒྱ་ནག་གཞུང་གི་སྲིད་ཇུས་ནོར་འཁྲུལ་དེ་ཡིན་པ་ལས་རྒྱ་ནག་མི་མང་མ་ཡིན་ཞིང་རྒྱ་ནག་མི་མང་ནི་ང་ཚོ་བོད་མི་ཇི་བཞིན་རྒྱ་ནག་གུང་ཁྲན་ཏང་གི་སྲིད་ཇུས་འོག་དཀའ་སྡུག་མྱོང་བཞིན་ཡོད་པ་རེད་ཅེས་གསུངས་ཡོད་པ་རེད།

བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་དམིགས་བསལ་ཚོགས་ཆེན་དེར་རྒྱལ་ཁབ་༣༠ནས་ཕེབས་པའི་ཕེབས་པའི་བོད་དོན་རྒྱབ་སྐྱོར་བ་༡༠༠ལྷག་འཛོམས་ཡོད་ཅིང༌། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཉིས་ཚོགས་ཞུགས་གནང་ཡོད་ཅིང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་གཙོ་སྐྱོང་དང་གོ་སྒྲིག་གནང་ཡོད་ཅིང༌། དེ་བཞིན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་ཡོངས་འབྲེལ་མཐུད་པ་གཙོ་བོ་ཌོག་ཊར་N K Trikhaདང༌། འབྲེལ་མཐུད་ལས་རོགས་པ་སྐུ་ཞབས་Vijay Krantiབཅས་ཚོགས་ཞུགས་གནང་ཡོད་པ་རེད།

༧གོང་ས་མཆོག་གིས་དམིགས་བསལ་ཚོགས་ཆེན་དེའི་སྟེང་བསྩལ་བའི་ནང་འཁོད་གནང་་དོན། རྒྱ་གར་ནང་དུ་འཛམ་གླིང་གང་ས་ནས་ཕེབས་པའི་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱི་དམིགས་བསལ་ཚོགས་ཆེན་ཞིག་སྐོང་བཞིན་པ་འདིའི་ཐད་ངོས་རང་ཧ་ཅང་དགའ་བོ་བྱུང༌། ངོས་ནས་ཐག་རིང་གི་ཡུལ་གྲུ་ཁག་ནས་ཕེབས་པའི་ཚོགས་ཞུགས་པ་རྣམས་འདིར་འཛོམས་ཏེ་བད་མི་རིགས་ཀྱི་མནར་སྡུག་འདི་མཇུག་སྒྲིལ་བའི་ཆེད་དུ་བོད་མིའི་ལས་དོན་ཇི་ལྟར་སྤེལ་དགོས་པའི་སྐོར་ལ་གོ་བསྡུར་གནང་བཞིན་པ་འདིར་ཐུགས་རྗེ་ཆེ་ཞུ་གི་ཡོད། ཅེས་གསུངས་ཤིང༌། ཁོང་གིས་མུ་མཐུད་དུ། བོད་ཀྱི་གནད་དོན་འདི་ནི་ཀུན་སྤྱོད་དང་དྲང་བདེན་གྱི་གནད་དོན་ཞིག་རེད། ངོས་ནས་ནམ་རྒྱུན་བཤད་ཀྱིན་པ་ལྟར། ང་ཚོའི་ངོས་ནས་ཁྱེད་རང་ཚོ་ནི་བོད་ལ་རྒྱབ་སྐྱོར་བྱེད་མཁན་མ་ཡིན་པར། དྲང་བདེན་ལ་རྒྱབ་སྐྱོར་བྱེད་མཁན་ལབ་གི་ཡོད། དེ་བཞིན་དུ་བོད་ཀྱི་གནད་དོན་ནི་བོད་མི་རིགས་ཁོ་ནི་གནད་དོན་ཙམ་ཡང་མ་རེད།

འདི་ལ་རྒྱལ་སྤྱིའི་ངོས་ཀྱི་གནད་དོན་ཡང་ཡོད་པ་རེད། བོད་ཀྱི་རིག་གཞུང་ནི་སྟོན་པ་བཅོམ་ལྡན་འདས་ཀྱི་བྱམས་བརྩེ་དང་ཞི་བ་ལ་གཞི་བཅོལ་བ་ཞིག་ཡིན། དེར་བརྟེན་འདི་ནི་བོད་མི་ས་ཡ་དྲུག་ཙམ་མིན་པར། འཛམ་གླིང་སྟེང་རིག་གཞུང་འདི་གཙོ་སྲུང་བྱེད་མཁན་གྱི་མི་གྲངས་ས་ཡ་༡༣ལ་འབྲེལ་ཡོད་ཅིང༌། འདིས་འཛམ་གླིང་ཞི་བདེ་དང་འཆམ་མཐུན་གྱི་ཆེད་དུ་ལེགས་སྐྱེས་ཆེན་པོ་ཞིག་འབུལ་ཐུབ་གི་ཡོད། གཉིས་ཐད་ནས། བོད་ཀྱི་གནད་དོན་ནི་བོད་མིའི་བརྟན་ལྷིང་མེད་པའི་ཁོར་ཡུག་ལ་འབྲེལ་བ་ཡོད་ལ། ཚན་རིག་པ་རྣམས་ལྟར་ན་འདིས་མངའ་ཁུལ་གྱི་མི་འབོར་དུང་ཕྱུར་ལ་ཤུགས་རྐྱེན་ཐེབས་གི་རེད་ཅེས་བསྟན་ཡོད་པ་རེད། གསུམ་ཐད་ནས། བོད་དོན་འདི་ནི་ཨེ་ཤ་ཡའི་མངའ་ཁུལ་གྱི་རྒྱལ་ཁབ་ཆེ་ཤོས་རྒྱ་གར་དང་རྒྱ་ནག་གཉིས་ལ་འབྲེལ་ཡོད་པ་རེད། བོད་དོན་ལ་དོན་ཕན་ལྡན་པའི་ཐག་གཅོད་ཅིག་བྱུང་བ་ཡིན་ན་རྒྱལ་ཁབ་འདི་གཉིས་ཀྱི་བར་ཞི་བདེ་སྐྲུན་པར་ནུས་པ་འདོན་ཐུབ་གི་རེད་ལ། རྒྱལ་ཁབ་འདི་གཉིས་སྡོམ་ན་འཛམ་གླིང་གི་མི་འབོར་གྱི་གསུམ་ཆ་གཅིག་ཟིན་གི་ཡོད་པ་རེད། ཅེས་གསུངས་ཡོད་པ་རེད།

ང་ཚོའི་མང་གཙོའི་ལམ་ནས་འོས་འདེམ་བྱུང་བའི་དབུ་ཁྲིད་རྣམས་ཀྱིས་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་སྐོར་དེ་ཁྱེད་རང་ཚོར་སྙན་སེང་ཞུ་ངེས་ཡིན་སྐོར་དང༌། བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ཀྱང་བོད་མིའི་དམིགས་བསལ་ཚོགས་ཆེན་གྱི་གྲོས་དོན་ལ་གཞི་བཟུང་སྟེ་མ་འོངས་པར་བོད་དོན་གྱི་ལས་འགུལ་ཇི་ལྟར་སྤེལ་དགོས་མིན་ཐད་བགྲོ་གླེང་གོ་བསྡུར་ལྷུག་པོ་ཡོང་བའི་རེ་བ་ཡོད་ཅེས་དང༌། བོད་མི་རིགས་ཀྱི་གཞི་རྩའི་མངོན་འདོད་ངོས་ཟིན་པའི་ཐོག་ནས་མ་འོངས་ཇི་དགེའི་སྐོར་ང་ཚོའི་མང་གཙོའི་ལམ་ནས་ཕེབས་པའི་དབུ་ཁྲིད་ལ་དགོངས་འཆར་འབུལ་བའི་རེ་བ་ཡོད་ཅེས་གསུངས་ཡོད་པ་མ་ཟད། གནད་དོན་ནི་བོད་མི་རིགས་སྤྱིའི་གནད་དོན་ཡིན་པ་ལས་ཁོང་སྒེར་གྱི་གནད་དོན་མིན་ལུགས་དང༌། རྒྱ་ནག་གཞུང་གིས་བོད་དོན་དེ་ཁོང་སྐུ་སྒེར་གྱི་གནད་དོན་ལ་སྦྱོར་གི་ཡོད་པ་རེད། བོད་མི་རིགས་ཀྱིས་ཐུན་མོང་གི་ཁེ་ཕན་ཆེད་བསྐྱར་དུ་བསམ་བློ་བཏང་སྟེ་ཐག་གཅོད་དགོས་པ་རེད། ཡིན་ནའང་བོད་མི་རིགས་གཅིག་པུས་རྒྱ་ནག་གཞུང་གི་ལྟ་བ་དང་ལངས་ཕྱོགས་ལ་འགྱུར་བ་གཏོང་བའི་ནུས་པ་མེད་སྟབས། ངོས་ནས་མུ་མཐུད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་འཚོལ་གི་ཡོད་ལ། འདིའི་ཐད་ང་ཚོའི་རྒྱབ་སྐྱོར་བ་རྣམས་ཀྱིས་ནུས་པ་ཆེན་པོ་ཞིག་འདོན་ཐུབ་གི་རེད། ཅེས་སོགས་གསུང་འཕྲིན་དུ་འཁོད་གནང་ཡོད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།