དགོངས་ཚུལ།

བུད་མེད་ཀྱི་ནུས་ཤུགས་གོང་སྤེལ་སླད་ཆེད་དོན་བགྲོ་གླེང༌།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༤ཉིན། བཙན་བྱོལ་བོད་གཞུང་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་བཀོད་སྒྲིག་འོག ༼བུད་མེད་ཀྱི་ནུས་ཤུགས་གོང་སྤེལ་སླད་ཆེད་དོན་བགྲོ་གླེང་༽ཞེས་ཉིན་གཉིས་རིང་གི་བགྲོ་གླེང་ཚོགས་འདུ་ཞིག་དེ་རིང་ཞོགས་པར་བཞུགས་སྒར་དྷ་སའི་གངས་སྐྱིད་སྤྱི་ཐབ་ཡང་སྟེང་ཚོགས་ཁང་ནང་དངོས་སུ་ཚོགས་འགོ་ཚུགས་སོང་ལ། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང༌། དཔལ་འབྱོར་བཀའ་བློན་ཚེ་རིང་དོན་འགྲུབ་མཆོག ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད། དེ་བཞིན་བཀའ་ཟུར་རྗེ་བཙུན་པདྨ་དང་རིན་ཆེན་མཁའ་འགྲོ་སོགས་ཀྱིས་གཙོས་པའི་གནད་ཡོད་མི་སྣ་དང་ས་གནས་བུད་མེད་ཁག་ཚོགས་ཐོག་ཏུ་བཅར་ཡོད་པ་རེད།

དེ་ཡང་བཀའ་ཁྲི་མཆོག་གིས་ཚོགས་བཅར་བ་རྣམས་ལ་བུད་མེད་ཀྱི་ནུས་ཤུགས་གོང་སྤེལ་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་བསྩལ་དོན། སྤྱིར་བཏང་བོད་པའི་སྤྱི་ཚོགས་ཀྱི་ནང་ལ་འདས་པའི་ལོ་སྟོང་ཕྲག་གསུམ་ཡས་མས་ཀྱི་རིང་ལ་མིའི་སྤྱིའི་ཚོགས་ཀྱི་དཔལ་ཡོན་དར་བ་ནས་བཟུང་སྟེ། དུས་རབས་ཉི་ཤུ་རྩ་གཅིག་བར་ལ་ང་ཚོས་ཕྱིར་བལྟས་ཤིག་བྱས་པ་ཡིན་ན། བོད་པའི་སྤྱི་ཚོགས་ནང་ལ་སྐྱེས་པ་དང་བུད་མེད་ཀྱི་བར་ལ་འདྲ་མཉམ་མེད་པ་དང༌། ཡང་ན་གཅིག་གིས་གཅིག་ལ་གནོན་ཤུགས་དང་བཙན་དབང་ཡོད་པ། ལྷག་པར་དུ་དེའི་རྒྱུ་མཚན་ལ་བརྟེན་ནས་སྤྱི་ཚོགས་ནང་ལ་བསམ་ཚུལ་དང་དཀའ་རྙོག་བྱུང་མ་མྱོང་བ་འདྲ་བོ་ཞིག་རེད། དེ་འཛམ་པོ་གླིང་གི་སྤྱི་ཚོགས་མང་པོ་དང་མཚུངས་བསྡུར་བྱས་པ་ཡིན་ན། བོད་པའི་སྤྱི་ཚོགས་ཞེ་དྲག་ཡག་པོ་རེད་བསམ་གྱིན་ཡོད། སྤྱི་ཚོགས་ཀྱི་དཔལ་ཡོན་དར་བ་ནས་བཟུང་སྟེ་ཕོ་མོ་འདྲ་མཉམ་དང༌། ཕོ་མོ་མཐུན་ལམ་གྱི་གནས་བབས་དེ་ཡག་པོ་ཡོད་བསྡད་པ་ཞིག་རེད། ང་རང་ཚོས་དགེ་རྒན་དང་སྐྱབས་གནས་ལ་བརྩི་ས་རྒྱ་གར་ལ་ཆ་མཚོན་ན། རྒྱ་གར་གྱི་གནའ་བོའི་སྤྱི་ཚོགས་ཀྱི་ནང་ལ་སྐྱེས་པ་བུད་མེད་བར་ལ་མཆོག་དམན་གྱི་ལྟ་ཚུལ་ཞིག་དང༌། དེའི་དབང་གིས་བུད་མེད་ཚོའི་བསམ་བློའི་ནང་ལ་རང་བཞིན་གྱིས་དམན་པའི་འདུ་ཤེས་ཤིག་དང༌། སྐྱེས་པའི་བསམ་བློའི་ནང་ལ་རང་བཞིན་གྱིས་ཁྱད་པར་འཕགས་པའི་འདུ་ཤེས་ཤིག་ཡུན་རིང་པོ་ནས་ཡོད་བསྡད་པ་འདྲ། གང་ཡིན་ཟེར་ན། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་ལ་བྱོན་པའི་སྐབས་ལ། དེ་འདྲའི་འདུ་ཤེས་མི་ཡོང་བའི་ཆེད་དུ་སངས་རྒྱས་ལའང་ཆེད་མངག་གིས་འབད་བརྩོན་གནང་དགོས་པའི་གནས་སྟངས་སྐབས་མང་པོ་ལ་བྱུང་ཡོད་འདུག དེ་འདྲ་ཡིན་ཙང༌། སངས་རྒྱས་ཀྱིས་ག་དུས་ཆོས་གསུངས་པ་ཡིན་ནའང་ཆོས་གསུངས་པའི་འཁོར་གྱི་ནང་ལ་སྐྱེས་པ་དང་བུད་མེད་ངེས་པར་དུ་འཛོམས་དགོས་པ་ཞིག་དང༌། དངོས་སུ་སྐྱེས་པ་དང་བུད་མེད་གཉིས་ཀ་འཛོམས་མེད་པ་ཡིན་ནའང༌། ཡོད་པ་རང་གཞིར་བཞག་བྱས་ནས་སྐྱེས་པ་བུད་མེད་གཉིས་ཀར་འབོད་སྒྲ་རྒྱབ་གནང་གིན་ཡོད་པ་རེད། བཀའ་འགྱུར་གྱི་སྡེ་སྣོད་གསུམ་ག་འདྲ་ཞིག་གི་ནང་ལ་གཟིགས་པ་ཡིན་ནའང་སངས་རྒྱས་ཀྱི་གསུང་དེ་ཚོའི་ནང་ལ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཞེས་གཉིས་ཆ་ལོར་འབོད་སྒྲ་བརྒྱབ་གནང་གིན་ཡོད་པ་རེད། དེ་བཞིན་དུ་སྐྱེས་བུ་ཚོས་མངོན་འདོད་དང་འབྲེལ་བའི་གནས་ཚུལ་དཔེ་ལྟ་བུ་འཇོག་དགོས་པ་བྱུང་ན། གཉིས་ཆ་མཉམ་དུ་གསུངས་པ་མ་གཏོགས་རིགས་ཀྱི་བུ་གཅིག་པོར་གསུངས་པ་དང༌། རིགས་ཀྱི་བུ་མོ་གཅིག་པོར་གསུངས་པ་མདོ་ནང་རྩ་བ་ནས་ཡོད་པ་མ་རེད། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསླབ་པར་འདོད་པས་ཞེས་གསུངས་ཡོད་པ་རེད། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་འགའ་ཤས་ཀྱིས་བདེ་བར་གཤེགས་པ་ལ་བསྙེགས་ཏེ་ཞེས་ག་དུས་ཡིན་རུང་དེ་མཉམ་དུ་གསུངས་པ་དེ་སྐབས་དེ་དུས་ཀྱི་སྤྱི་ཚོགས་ནང་ལ་གནས་ཚུལ་ཞིག་ཡོད་པ་དང༌། ལྷག་པར་དུའང་དགེ་འདུན་དང་ཆོས་ཕྱོགས་ཀྱི་གནད་དོན་མང་པོ་ཞིག་གི་ཐོག་ལ་བུད་མེད་ཀྱི་ཐོབ་ཐང་ཞན་པ་དེ་འདྲ་ཡོད་བསྡད་པ་ཞིག་རེད། དེ་ཡིན་ཙང༌། སངས་རྒྱས་ཀྱིས་འཁོར་བ་རྣམ་པ་བཞི་ཆ་ཚང་བ་ཡོད་པ་ལས་དགེ་སློང་དང་དགེ་སློང་མ། དགེ་ཚུལ་དང་དགེ་ཚུལ་མ་དེ་བཞི་བོ་དེ་མ་འཛོམས་པ་ཡིན་ན། སྟོན་པའི་བསྟན་པ་ཡོངས་སུ་རྫོགས་ཀྱི་མེད་ཅེས་གསུངས་པ་རེད། གང་ལྟར་སྐྱེས་པ་བུད་མེད་ཀྱི་ཆ་ཤས་འདྲ་མཉམ་ཞིག་མ་ལོང་པ་ཡིན་ན། སྐྱབས་གནས་དགེ་འདུན་གྱི་སྡེ་ཞིག་འཛུགས་དགོས་བྱུང་ན། སྐྱབས་གནས་དགེ་འདུན་གྱི་སྡེ་དང་སངས་རྒྱས་ཀྱི་འཁོར་རྣམ་པ་བཞི་བོ་དེ་ཆ་ཚང་བ་ཞིག་ཡོང་གིན་མེད་པ་གཟིགས་གནང་གིན་ཡོད་པ་རེད། ད་འདྲ་སོང་བ་ཡིན་ཙང༌། སངས་རྒྱས་ཀྱི་ཆོས་ཐོག་མ་དར་བའི་སྐབས་ལ་རྒྱ་གར་གྱི་སྤྱི་ཚོགས་ནང་ལ་ཞན་ཆ་དེ་འདྲ་ཞིག་ཡོད་བསྡད་པ་རེད། ང་ཚོ་བོད་པའི་སྤྱི་ཚོགས་ནང་ལ་ཞན་ཆ་དེ་འདྲ་ཧ་ལམ་བྱུང་མ་མྱོང་བ་རེད་ཅེས་ལབ་ན་འགྲིགས་པ་རེད། དེ་འདྲའི་བསམ་ཚུལ་དང་འདུ་ཤེས་ཁྱོན་ནས་མེད་པ་ཡིན་ཙང༌། བོད་ཀྱི་ནང་ལ་འདྲ་མཉམ་གྱི་ཐོབ་ཐང་དགོས་ཀྱིན་འདུག་བསམ་པའི་འདུ་ཤེས་དེ་བྱུང་ཡོད་པ་མ་རེད། ང་ཚོ་སྐྱབས་བཅོལ་འབྱོར་བའི་རྗེས་ལའང་དེ་འདྲའི་བསམ་ཚུལ་བྱུང་ཡོད་པ་མ་རེད། རང་བཞིན་ལྷན་སྐྱེས་ཀྱི་ཐོག་ནས་གཅིག་པ་ཡིན་འདྲ་བོ་བརྩིས་བསྡད་བཞིན་ཡོད་པ་རེད། ལྷག་པར་དུ་བོད་ཀྱི་ནང་ལ་གསང་སྔགས་ཀྱི་ཆོས་ཞེ་དྲག་ཁྱབ་བརྡལ་དུ་ཕྱིན་པ་དང༌། གསང་སྔགས་ཀྱི་ཆོས་ཀྱི་ནང་ནས་ཀྱང་ཕ་རྒྱུད་དང་མ་རྒྱུད་ཅེས་རྒྱུད་སྡེ་ལའང་ཕོ་མོའི་རྒྱུད་ཀྱི་ཁྱད་པར་ཕྱེ་ཡོད་པ་རེད། དེ་འདྲ་ཡིན་ཙང་རྣལ་འབྱོར་མ་རྒྱུད་ཀྱི་ཉམས་ལེན་གནང་མཁན་དེ་ཚོས་ག་དུས་ཡིན་ནའང་བུད་མེད་ལ་གུས་ཞབས་ཞུ་དགོས་པ་དང༌། བུད་མེད་ལ་མཆོད་པ་ཕུལ་དགོས་པ། བུད་མེད་ལ་བརྙས་སྨོད་མི་རུང་བ་དེ་འདྲའི་སྔགས་ཀྱི་དམ་ཚིག་མང་པོ་ཡོད་པ་རེད། དེ་འདྲ་སོང་བ་ཡིན་ཙང༌། ང་ཚོ་གྲྭ་བ་རབ་ཏུ་བྱུང་བ་ཞིག་ཡིན་ན་གྲྭ་བ་རབ་བྱུང་བས་ཁྱིམ་པ་བ་ལ་ཕྱག་མི་འཚལ་བ་དང༌། ལག་པ་ཐེལ་མོ་སྦྱར་ན་ཉེས་པ་ཡོད་པར་བརྩི་གི་རེད། ཡིན་ནའང་རྣལ་འབྱོར་མ་རྒྱུད་ཉམས་ལེན་བྱེད་མཁན་དེ་ཚོའི་བུད་མེད་ག་འདྲ་ཞིག་མཇལ་བ་ཡིན་ནའང་བསམ་བློའི་ནང་ནས་ཕྱག་འཚལ་དགོས་པ་རེད། རྣལ་འབྱོར་མའི་ངོ་བོར་བཞག་ནས་བསམ་བློའི་ནང་ནས་ཕྱག་མ་འཚལ་བ་ཡིན་ན། དབང་གི་དམ་ཚིག་ཅིག་འགལ་འགྲོ་བ་རེད། གང་ལྟར་ཐེག་པ་ཆེན་པོའི་ལུགས་སྲོལ་ལྟར་ན་ང་ཚོ་སྐལ་བ་གྲངས་མེད་གསུམ་དུ་ཚོགས་བསགས་ནས་སངས་རྒྱས་པའི་སྐབས་ལ་ལོངས་སྐུ་སྟེ་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་ལ་སངས་རྒྱས་དགོས་པ་རེད། ཐེག་པ་དམན་པའི་ལུགས་སྲོལ་ལྟར་ན་སྤྲུལ་སྐུའི་ངོ་བོ་ལ་སངས་རྒྱས་དགོས་པ་རེད། སྔགས་ཀྱི་བཤད་སྲོལ་ལྟར་ན་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་ལ་སངས་རྒྱས་པ་མ་གཏོགས་སྤྲུལ་སྐུའི་ངོ་བོ་ལ་སངས་རྒྱས་རྒྱུ་ཡོད་པ་མ་རེད། སྤྲུལ་སྐུའི་ངོ་བོ་ལ་སངས་རྒྱས་རྒྱུ་མེད་པ་དེ་སངས་རྒྱས་པའི་སྐུ་དེ་ལོངས་སྐུའི་ངོ་བོ་ལ་དགོས་པ་རེད། ལོངས་སྐུའི་ངོ་བོ་ལ་ག་རེ་བྱས་ཏེ་དགོས་པ་རེད་ཅེ་ན། ཐབས་ཤེས་ཟུང་འབྲེལ་གྱི་སྐུ་ཟེར་དུས། སྐྱེས་པ་དང་བུད་མེད་གཉིས་ཆའི་མཚན་ཉིད་ཚང་བའི་ཟུང་འབྲེལ་གྱི་ལུས་ཤིག་ཐོབ་དགོས་པ་རེད། དེ་ཕྱིའི་ཡུལ་ལ་མཚོན་པའི་སྐབས་ལ་ཡབ་ཡུམ་ཞལ་སྦྱོར་གྱི་ཚུལ་དུ་ཡོད་པའམ་ཕྱེད་བུད་མེད་ཀྱི་ཚུལ་དུ་ཡོད་པ་རེད། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྙེད་པའམ་ཡང་ན་ང་ཚོའི་རྣམ་དཔྱོད་ཀྱི་འཕེལ་བ་མཐར་ཕྱིན་ནས་མཐར་ཐུག་གི་གོ་འཕང་ཐོབ་པའི་སྐབས་ལ་ཐབས་དང་ཤེས་རབ་གཉིས་ཀ་དེ་ལོག་ཀར་བཞག་རྒྱུ་མེད་པ་རེད། ད་འདྲའི་ཉེར་ལེན་ལ་བརྟེན་ནས་བུད་མེད་ཀྱི་ཁམས་དང་སྐྱེས་པའི་ཁམས་ཟེར་བ་དེ་སྔགས་ཀྱི་སྐབས་ལ་ཐབས་དང་ཤེས་རབ་ཀྱི་ངོ་བོ་ལ་བཤད་པ་རེད། ཐབས་དང་ཤེས་རབ་ཀྱི་ངོ་བོ་ལ་བཤད་དུས་ཡུལ་ཅན་ཤེས་པའི་ཆ་ནས་བཤད་ཀྱིན་ཡོད་པ་རེད། ཡུལ་དངོས་པའི་ཆ་ནས་བཤད་ནའང་སྟོང་ཆ་དང་གྲུབ་ཆ་གཉིས་པོ་དེ་ཕན་ཚུན་བལྟས་གྲུབ་རེད། སྟོང་ཆ་མེད་པ་ཡིན་ན་གྲུབ་ཆ་ཡོང་རྒྱུ་ཡོད་པ་མ་རེད། གྲུབ་ཆ་མེད་པ་ཡིན་ན་སྟོང་ཆ་ཟེར་ཡ་དེ་ཡོང་རྒྱུ་ཡོད་པ་མ་རེད། དེ་བས་སྟོང་པ་དང་རྟེན་འབྱུང་གཉིས་པོ་དེ་ཟུང་དུ་འབྲེལ་དགོས་པ་དང༌། སྟོང་པ་རྟེན་འབྱུང་གཉིས་དབྱེ་འབྱེད་དུ་མེད་པ་དེ་སྟོང་ཆས་གྲུབ་ཆའི་གོ་སྐབས་བསྐྲུན་གྱིན་ཡོད་པ་རེད། གྲུབ་ཆས་སྟོང་ཆའི་ངོ་བོ་མཚོན་གྱིན་ཡོད་པ་རེད། དེ་གཉིས་པོ་རྟེན་འབྱུང་གི་མཐར་ཐུག་ཆགས་དུས་སྟོང་པའི་ཆ་དང་གྲུབ་པའི་ཆ་གཉིས་པོ་དེ་བུད་མེད་ཀྱི་རང་བཞིན་དང་སྐྱེས་པའི་རང་བཞིན་ཆགས་ཡོད་པ་རེད། ཁོ་གཉིས་ཆ་མ་སྙོམས་པ་ཡིན་ན་གང་ཡང་ཡོང་རྒྱུ་ཡོད་པ་མ་རེད། ཐབས་ཀྱི་ཆ་དང་ཤེས་རབ་ཀྱི་ཆ། སྟོང་པའི་ཆ་དང་གྲུབ་པའི་ཆ་གཉིས་པོ་དེ་ག་དུས་ཡིན་རུང་མཉམ་གཅིག་ཏུ་འགྲོ་དགོས་པའི་རང་བཞིན་ལྷན་སྐྱེས་ཀྱི་འདུ་ཤེས་དེ་བོད་པའི་སྤྱི་ཚོགས་ནང་ལོ་སྟོང་ཕྲག་མང་པོའི་སྔོན་ཡོད་བསྡད་པ་ཞིག་རེད།

བོད་པའི་སྤྱི་ཚོགས་ནང་ལ་བུད་མེད་ཀྱི་ནུས་ཤུགས་སྤེལ་བའི་དགོས་མཁོ་གང་འདྲ་ཞེས་ཏེ་ཆགས་པ་རེད་ཅེ་ན། ༡༩༥༩ལོར་ང་ཚོ་བཙན་བྱོལ་ལ་ཡོང་པའི་སྐབས་ནས་བྱུང་བ་རེད། ༡༩༥༩ལོར་བཙན་བྱོལ་བོད་མི་ཁྲི་བརྒྱད་ཙམ་ཡོད་པའི་ནང་ནས་བུད་མེད་ཀྱི་གྲངས་ཀ་དེ་ཞེ་དྲག་ཉུང་ཉུང་རེད། གང་ཡིན་ཞེ་ན། ནང་ཆ་ཚང་རུབ་རུབ་བྱས་ཏེ་ཡོང་མཁན་གཅིག་ཀྱང་བྱུང་ཡོད་པ་མ་རེད། སྐབས་དེ་དུས་ཀྱི་སྡེ་བ་གཞུང་གི་སྐུ་དྲག་དག་ལ་ཆ་མཚོན་ན་ལྕམ་ཁྲིད་ནས་སླེབས་མཁན་མི་ཚང་གཉིས་མ་གཏོགས་ཡོད་པ་མ་རེད། མང་ཆེ་བ་ཧྲང་ཧྲང་བྱས་ཏེ་ཡོང་བ་ཡིན་ཙང་ང་ཚོའི་སྤྱི་ཚོགས་ནང་ལ་གྲངས་ཀ་ཁོ་རང་མང་ཉུང་གི་ཁྱད་པར་ཞིག་སྐབས་དེ་དུས་ཆགས་བསྡད་པ་རེད། དེ་འདྲ་སོང་བ་ཡིན་ཙང་ད་ལྟའང་ང་ཚོ་ཆ་སྙོམས་ཡོང་རྒྱུ་དང་ནུས་ཤུགས་སྤེལ་རྒྱུའི་ཐབས་ལམ་ཞིག་བསམ་བཞིན་དུ་འདུ་ཤེས་དང་ལྡན་པའི་ཐོག་ནས་མ་གནང་བ་ཡིན་ན། ག་དུས་ཡིན་ཡང་མང་ཉུང་དང་ཁྱད་པར་འགྲོ་བའི་གནས་ཚུལ་ཞིག་ཡོང་སྲིད་པ་རེད། ད་ལྟའི་ང་ཚོའི་གནས་སྟངས་ཞེ་དྲག་སྐྱོ་བོ་མ་རེད། དཔེར་ན། བཙན་བྱོལ་དགའ་ལྡན་ཕོ་བྲང་གཞུང་གི་ད་ལྟའི་གནས་སྐབས་ལ་གཞུང་ཞབས་པ་༤༦༤ཡོད་པའི་ནང་ནས་སྐུ་གཅེན་མ་༡༥༥འདུག དེ་ཞེ་དྲག་བརྒྱ་ཆ་དམའ་བོ་ཆགས་ཡོད་པ་མ་རེད་བསམ་གྱིན་འདུག གོང་དུ་ཞུས་པའི་གཞུང་ཞབས་པ་༤༦༤ནང་མ་ཚུད་པའི་ས་གནས་འགོ་འཛིན་ལས་ཁུངས་ཁག་ནང་སྐྱེས་པ་༤༤༦དང་བུད་མེད་༢༧༡འདུག དེ་བས་དབུས་ཀྱི་གཞུང་ཞབས་ལས་ས་གནས་རང་ཁུངས་ལས་བྱེད་ནང་བུད་མེད་ཀྱི་བརྒྱ་ཆ་དེ་མཐོ་བོ་འདུག འོན་ཀྱང་ས་གནས་འཐུས་མིའི་ནང་ཉུང་ཉུང་ཞེ་དྲག་རེད་འདུག ས་གནས་འཐུས་མི་བསྡོམས་པས་༣༤༠ཡོད་པའི་ནང་ནས་བུད་མེད་ས་གནས་འཐུས་མི་༣༧མ་གཏོགས་མི་འདུག ད་ལྟ་ང་ཚོས་ནུས་ཤུགས་སྤེལ་དགོས་པའི་ས་ཆ་གཅིག་དེ་ས་གནས་འཐུས་མིའི་ཚོགས་འདུ་དང་སྤྱི་འཐུས་ལྷན་ཚོགས་གཉིས་རེད་བསམ་གྱིན་འདུག མཉམ་འབྲེལ་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་༡༥༤ཡོད་པའི་ནང་ནས་བུད་མེད་༢༥མ་གཏོགས་མི་འདུག རང་དབང་ལྡན་པའི་ལས་འགུལ་ཚོགས་ཆུང་ཁག་ནང་ཡང་བུད་མེད་ཞེ་དྲག་དཀོན་པོ་རེད། རང་དབང་ལྡན་པའི་ལས་འགུལ་ཁག་གི་ཚོགས་མི་༢༠༦ཡོད་པའི་ནང་ནས་༡༩༠སྐྱེས་པ་དང་༡༦བུད་མེད་རེད་འདུག ས་གནས་ཁག་གི་བརྒྱ་དཔོན་༢༠༦ཡོད་པའི་ནང་ནས་བུད་མེད་༢༤མ་གཏོགས་མི་འདུག འདི་ཚོར་འདི་ལྟར་བལྟ་དུས་ང་ཚོས་ངེས་པར་དུ་བུད་མེད་ཀྱི་ནུས་ཤུགས་སྤེལ་བའི་ལག་འགུལ་ཞིག་བསམ་བཞིན་དུ་མ་བྱས་པ་ཡིན་ན། ང་ཚོའི་ནང་ལ་ཁྱད་པར་ཡོད་པ་མ་རེད་ཅེས་བཞག་བཞག་ན། གཅིག་བྱས་ནས་རིང་ཐུང་དང་མང་ཉུང་ཤོར་བའི་ཉེན་ཁ་ཡོད་པ་རེད། དེ་འདྲ་ཡིན་ཙང༌། ག་དུས་ཡིན་ཡང་འབད་བརྩོན་བྱས་ཏེ་འགྲོ་དགོས་པ་གལ་ཆེན་པོ་རེད། ང་ཚོས་འབད་བརྩོན་བྱེད་པའི་གཞི་རྩ་ཡོད་པ་རེད། དེ་ག་འདྲ་བྱས་ནས་ཡོད་པ་རེད་ཅེ་ན། གལ་ཆེ་ཤོས་དེ་གཞོན་སྐྱེས་ཀྱི་མི་འབོར་གྱི་ནང་ལ་བལྟ་དགོས་པ་ཞིག་རེད། བཙན་བྱོལ་བོད་གཞུང་གིས་འབྲེལ་བ་བྱེད་དགོས་ས་དང་ཁྱབ་ཁོངས་ན་ཡོད་པའི་སློབ་གྲྭ་ཁག་ཡོངས་རྫོགས་ནང་༢༠༠༩ལོའི་ལོ་མཇུག་ལ་འཛིན་གྲྭ་བཅུ་གཉིས་མན་ཆད་ཀྱི་སློབ་གྲྭ་འགྲིམས་བཞིན་པ་དེ་༣༨༣༤༧འདུག དེའི་ནང་ནས་བུ་མོ་༡༨༨༠༥དང་བུ་༡༩༥༥༢བཅས་ཕལ་ཆེར་གྲངས་ཀ་མང་ཉུང་དེ་ཞེ་དྲག་ཁྱད་པར་ཆེན་པོ་བྱུང་ཡོད་པ་མ་རེད། གྲངས་ཀ་མང་ཉུང་ལ་ཁྱད་པར་ཆེན་པོ་མ་ཤོར་བ་ཡིན་ཙང༌། མ་འོངས་པ་ལ་སྤྱི་ཚོགས་ཀྱི་ལས་དོན་ཚང་མའི་ནང་ལ་གཅིག་མཚུངས་ཀྱིས་ཆ་ཤེས་ལེན་ཐུབ་རྒྱུ་དང༌། གཅིག་མཚུངས་བྱས་ཏེ་འགྲོ་ཐུབ་རྒྱུའི་གོ་སྐབས་ཡོད་པ་རེད། དེའི་གོ་སྐབས་མེད་པ་ཡིན་ན། ང་ཚོས་འབད་བརྩོན་བྱས་ཀྱང་ཕན་ཐོགས་ཡོད་པ་མ་རེད། དེའི་གོ་སྐབས་ཡོད་དུས་སྐབས་ལ་ས་གནས་འཐུས་མིའི་ཚོགས་འདུ་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས། གཞུང་ཞབས་དེ་ཚོའི་ནང་ལ་མང་ཉུང་ཤོར་བསྡད་པ་དེ་རང་བཞིན་གྱི་གནས་སྟངས་ཤིག་མ་རེད། རང་བཞིན་གྱི་གནས་སྟངས་ཤིག་མིན་ཙང༌། དེ་ལ་བསམ་བཞིན་དུ་འབད་བརྩོན་ཞིག་མ་བྱས་པ་ཞིག་ན་ཁོ་ལུས་འགྲོ་གིན་ཡོད་པ་རེད། ད་ལྟ་རབ་བྱུང་དང་བཙུན་མའི་འདུ་ཚོགས་གཉིས་བར་ལ་ཁྱད་པར་གང་འཚམས་ཡོད་པ་རེད། མ་འོངས་པ་ལ་དགེ་སློང་མའི་དགེ་འདུན་གྱི་སྡེ་ཚུགས་ཐུབ་པ་བྱུང་ན་དགེ་འདུན་པའི་སྡེ་ནང་ལོག་ལ་ཧ་ལམ་གཅིག་པ་གཅིག་པ་འདྲ་བོ་བྱུང་ཐུབ་པ་བྱུང་ན་ཡག་པོ་རེད་བསམ་གྱི་འདུག

ད་ལྟའི་ང་ཚོའི་ལས་འགུལ་གྱི་ངོ་བོ་ངོས་འཛིན་སྟངས་མ་ནོར་བ་ཞིག་གནང་དགོས་པ་ཞེ་དྲག་གལ་ཆེན་ཡིན་པ་བཀའ་ཤག་གི་བསམ་ཚུལ་ནང་ཡོད་པ་རེད། ལས་འགུལ་འདི་ཐབ་ཐང་རྩོད་པའི་ལས་འགུལ་ཞིག་མ་རེད། སྤྱིར་བཏང་ང་ཚོ་ནང་བ་དང་བོད་པ་དེ་ཚོས་ཐོབ་ཐང་གི་སྐོར་ལ་ཞེ་དྲག་སྐད་ཆ་བཤད་ཀྱིན་ཡོད་པ་མ་རེད། ལས་འགན་གྱི་སྐོར་ལ་སྐད་ཆ་བཤད་ཀྱིན་ཡོད་པ་རེད། རང་རང་སོ་སོས་སྒྲུབ་དགོས་པའི་ལས་འགན་ལྷག་པར་དུའང་འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་དེ་ཞེ་དྲག་གལ་ཆེན་པོར་བརྩི་བཞིན་ཡོད་སྟབས། སོ་སོའི་ལས་འགན་སྒྲུབ་པར་རྗེས་ལུས་མ་ཐེབས་པ་དང༌། ལྷག་པར་དུ་བུད་མེད་ཀྱི་ལས་འགན་སྒྲུབ་པར་བུད་མེད་རྗེས་ལུས་མ་ཐེབས་པ་ཞིག་ཡོང་ཡ་དེའི་ཆེད་དུ་དམིགས་པའི་ལས་འགུལ་ཞིག་རེད་མ་གཏོགས། བུད་མེད་ཀྱི་ཐོབ་ཐང་ཤོར་འགྲོ་བཞིན་འདུག ཐོབ་ཐང་དེ་རྩོད་ཀྱིན་ཡོད་ཟེར་བའི་རྩོད་པ་རྒྱག་པའི་ལས་འགུལ་ཞིག་རྩ་བས་མ་རེད། ལས་འགན་སྒྲུབ་པར་རྗེས་ལུས་མ་ཐེབས་པ་ཇི་ལྟར་ཡོང་ཐུབ་ཀྱིན་འདུག དེའི་དོན་ལ་བརྩམས་པའི་ལས་འགུལ་ཞིག་རེད། ཅེས་བཀའ་སློབ་ཟབ་རྒྱས་གནང་སོང༌།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་གཡང་བྱམས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།