བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་དཔེ་དེབ་འགྲེམས་སྟོན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༤ཉིན། དེ་རིང་ཞོགས་པར་བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས། ༼མི་ལོ་ལྔ་བཅུའི་བཙན་རྒོལ་རྒྱལ་སྐྱོབ་ཀྱི་དཔེ་དེབ་འགྲེམས་སྟོན།༽ཞེས་ཉིན་གསུམ་རིང་གི་འགྲེམས་སྟོན་དེ་དབུ་འཛུགས་གནང་འདུག

དེ་ཡང་ཁོང་ཚོས་ཡིག་ཐོག་འགྲེལ་བརྗོད་བྱས་པར་ལྟར་ན། ཡོངས་སུ་གྲགས་པར་རྒྱ་དམར་ཀླ་ཀློའི་དཔུང་སྡེ་ཞེས་སྡིག་སྤྱོད་དང་ཧམ་སེམས་ལ་བག་ཚ་མེད་པར། འཇིག་རྟེན་ཁམས་ཧྲི་པོ་མུན་པར་སྒྲོན་འདོད་པའི་གཤེད་སྤྱོད་ལ་འཛམ་གླིང་མི་དམངས་སྤྱི་དང་བྱེ་བྲག་པུར་རྒྱལ་མི་རིགས་ཧྲིལ་པོས་བགྲང་བྱ་ལྔ་བཅུ་ལྷག་གི་དུས་ཚོད་ཀྱི་མུ་ཁྱུད་རིང་མོར། ཞི་བའི་འཐབ་རྩོད་དང་བདེན་པའི་འབོད་སྒྲ་སྒྲོག་པའི་ཀི་སྒྲས་ས་ཆེན་པོ་ཡང་ཡོམ་ཡོམ་འགུལ་བའི་རླབས་ཆེན་བྱ་གཞག་ལ་དྲན་གསོ་བྱེད་ཕྱིར་འདི་ལོའི་ཕྱི་ཟླ་གསུམ་པའི་ཚེས་༤སྔ་ཆའི་ཆུ་ཚོད་༡༢ཐོག་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་༼མི་ལོ་ལྔ་བཅུའི་བཙན་རྒོལ་རྒྱལ་སྐྱོབས་ཀྱི་དཔེ་དེབ་འགྲེམས་སྟོན།༽རྒྱ་ཆེ་དོན་ཟབ་ཅིག་ཉིན་གསུམ་རིང་བཞུགས་སྒར་གཙུག་ལག་ཁང་རྣམ་གྲྭའི་དཔེ་མཛོད་ཀང་དུ་གོ་སྒྲིག་གི་འདུ་འགོད་རྩེན་བཞིན་ཡོད་ལགས་ན། རྒྱ་ཆེའི་སེར་སྐྱ་མི་མང་སྤྱི་དང་བྱེ་བྲག་བོད་དོན་བདེན་རྒྱབ་ལ་དོན་གཉེར་ཅན་མཆེད་རྒུས་འགྲེམས་སྟོན་དེར་གཟིགས་ཞིབ་ཀྱི་སྤྱན་རས་འབུམ་གཡོ་གནང་སྐྱོང་མཁྱེན་ཞེས་གསུངས་འདུག འགྲེམས་སྟོན་དེའི་ནང་བོད་མི་རིགས་ཀྱི་འཐབ་རྩོད་དང་འབྲེལ་བའི་དཔའ་བོ་དཔའ་མོ་རྣམས་ཀྱི་ལོ་རྒྱུས་དང༌། རྣམ་ཐར། རྗེས་དྲན་སོགས་ཁྱོན་དེབ་གྲངས་༢༠༠ལྷག་ཙམ་ཞིག་འགྲེམས་སྟོན་བྱས་འདུག 

དེ་རྗེས་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ངག་དབང་འོད་འབར་ལགས་སུ་དཔེ་དེབ་དེ་འདྲ་འགྲེམས་སྤེལ་བྱེད་དགོས་པའི་རྒྱུ་མཚན་སོགས་བཅའ་འདྲི་བྱས་པར་ཁོང་གིས།
དེ་རིང་ང་ཚོ་དགུ་བཅུ་གསུམ་གྱིས་དེབ་འགྲེམས་སྟོན་བྱེད་ཡ་དེ། ད་ལྟ་ང་ཚོས་ལོ་ལྔ་བཅུའི་ལས་རིམ་ཅིག་འགྲོ་བཞིན་ཡོད་དུས་འཇུག་སྡོམ་གྱི་ལས་རིམ་ལྟ་བུ་ཞིག་དང༌། གཙོ་བོ་བོད་ནས་ཚུར་སླེབས་ཡོད་པའི་ཆབ་སྲིད་བཙོན་པ་ཟུར་པ་དང༌། བོད་ནང་གི་གནས་སྟངས་སྐོར། དེ་བཞིན་མི་སྒེར་པ་ཁག་གི་གཏོན་གནང་བའི་དེབ་དེ་ཚོ། ད་ལྟ་རྒྱ་ནག་གཞུང་གི་ལོ་༥༠རིང་ལ་ཁོང་ཚོས་བཅིངས་བཀྲོལ་བཏང་ཡོད། འཛུགས་སྐྲུན་བྱས་ཡོད་ཅེས་བཤད་བཞིན་ཡོད་པ་རེད། འོན་ཀྱང་ལོ་༥༠རིང་ལ་བོད་ནང་གི་དངོས་ཡོད་གནས་ཚུལ་ག་རེ་ག་རེ་བྱུང་ཡོད་མེད་དང༌། རྒྱ་ནག་གཞུང་གིས་མནར་གཅོད་སོགས་ག་རེ་བཏང་ཡོད་མེད་སོགས་དེབ་དེ་ཚོའི་ཐོག་ནས་བསལ་བཤད་བྱེད་ཐུབ་ཡ་ཅིག་དང་ཧ་གོ་ཐུབ་ཡ་ཅིག་ཆགས་ཀྱི་ཡོད་པ་རེད། དེ་འདྲ་ཡིན་དུས་དེ་རིང་འདིར་ང་ཚོས་དེབ་༡༣༠ཙམ་ཞིག་འགྲེམས་སྟོན་ཞུ་བཞིན་ཡོད་པ་རེད། དེ་ཚོའི་ཐོག་ནས་རྒྱ་ནག་གཞུང་གིས་ལོ་༥༠རིང་ལ་ག་རེ་བྱས་ཡོད་མེད་དཔང་རྟགས་ཅིག་དང༌། རྒྱ་ནག་གཞུང་གིས་བྱས་པ་དེ་ཚོར་ལན་འདེབས་ཅིག དེ་བཞིན་ང་ཚོ་བོད་པ་ཚོས་དེབ་དེ་ཚོར་དོ་སྣང་ཡོང་ཡ་ཅིག་དང༌། ཀློག་དགོས་པ་དང་ཤེས་དགོས་པ་དེ་གལ་ཆེན་པོ་ཞིག་མཐོང་སོང་ཞེས་གསུངས་བྱུང༌། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།