དཔལ་སྨན་རི་གླིང་དུ་ལོ་གསར་པར་དགེ་ཚོཌ་ཀྱི་མཆོད་སྤྲིན།

 པར་འདེབས།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༣ཉིན། དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གནམ་ལོ་གསར་པའི་ནང་དགེ་ཚོགས་ཀྱི་མཆོད་སྤྲིན། ཕྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༡༤ གཤེན་གྱི་འབྱུང་ལྡན་ ༣༠༡ བོད་རབ་བྱུང་བཅུ་བདུན་པའི་ལྕགས་སྟག་ལོའི་གནམ་ལོ་གསར་དུ་བཞད་པའི་ཐོ་རེངས་ཆུ་ཚོད་ ༡༢།༠༠ ཐོག་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་སི་མོར་རྫོང་ཁོངས་སུ་ཆགས་པའི་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་སྒྲུབ་ཁང་དབང་དྲག་ཕོ་བྲང་ནས་རྟེན་གཙོ་ཚེམས་དུང་འཕར་ཆུང་གི་གསུང་དབྱངས་བསྒྲགས་ཏེ་བསྟན་དང་འགྲོ་བའི་ལེགས་ཚོགས་ཡིད་བཞིན་འགྲུབ་པའི་རྟེན་མཚོན་གྱི་ཐོག་མ་འགོ་བཙུགས།

ཞོགས་པ་ཆུ་ཚོད་ ༥།༠༠ ནས་སེར་སྐྱ་མི་མང་ཡོངས་ཀྱིས་ྋསྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དང༌། ྋསྐྱབས་རྗེ་སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཁན་སློབ་རྣམ་གཉིས་ལ་མཇལ་བཅར་གྱིས་ལོ་སར་གྱི་འབུལ་དངོས་བཏེགས་ཤིང་བྱིན་རྟེན་དངོས་གྲུབ་ཞུས། ཆུ་ཚོད་ ༧།༣༠ ཐོག་སྨན་རིའི་བླ་བྲང་ནས་འདུས་ཚོགས་སུ་བསྙེན་བཀུར་མང་ཇ་རྒྱས་འབུལ་སྐབས་ྋསྐྱབས་རྗེ་མཁན་སློབ་རྣམ་གཉིས་དབུ་བཞུགས་ཀྱིས་བསྟན་སྲིད་ཀུན་དགེའི་དགེ་སྨོན་དང༌། རབ་འབྱམས་དགེ་བའི་བཤེས་གཉེན་གཉིས་ནས་ཚིག་བཀྲའི་རིམ་པ་གསུངས་གནང་མཛད།

བོད་ཟླ་དང་པོའི་ཚེས་གསུམ་ཉིན་གངས་ཅན་འགྲོ་བའི་མགོན་པོ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། ཞྭ་དཀར་བསྟན་པའི་གཙུག་རྒྱན་ྋསྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་རིན་པོ་ཆེ་མཆོག ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་བཅས་ཀྱིས་དབུས་པའི་རིས་མེད་བསྟན་འཛིན་སྐྱེས་བུ་གང་ན་སུ་བཞུགས་པ་རྣམས་ཀྱི་སྐུ་ཚེའི་མཛད་འཕྲིན་ལ་བར་ཆད་མི་འབྱུང་བ་དང་བཞེད་དོན་ལྷུན་གྱིས་འགྲུབ་ཕྱིར་ཞོགས་པ་སྨན་རིའི་རྒྱབ་ཕྱོགས་བོན་སྐྱོང་སྲུང་མའི་རྟེན་མཁར་གསས་ཁང་གི་དྲུང་དུ་ྋསྐྱབས་རྗེ་མཁན་སློབ་རྣམ་གཉིས་དབུ་བཞུགས་ཐོག་བོན་སྐྱོང་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང༌། དཀར་ཚོགས་སྐྱོང་བའི་ལྷ་སྲུང་རྣམས་ལ་བསང་གསོལ་རྒྱས་འབུལ་གྱིས་དབུ་འཕང་དགུང་ལ་བསྟོད་ཅིང་རྣམ་བཞིའི་འཕྲིན་ལས་བཅོལ་གནང་མཛད།

བོད་ཚེས་ལྔ་སྟེ་རྣམ་འདྲེན་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་སྐུ་འཁྲུངས་ནས་མི་ལོ་ ༦༥༤ འཁོར་བའི་དུས་ཆེན་ཉིན་མདོ་གཡུང་དྲུང་ཀློང་རྒྱས་དང་མཉམ་མེད་བླ་མའི་སྒྲུབ་པའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་དར་ཆེན་སྒྲེང་འཛུགས་དང༌། གསོ་སྦྱོང་འདུ་ཚོགས། གོས་སྐུ་མཇལ་ཁ། སེར་ཕྲེང་མཆོད་དབྱངས། རྟེན་འབྲེལ་འཆད་རྩོད། བཅའ་ཡིག་སྒྲོག་སྦྱོང༌། སྒྲོན་མེའི་མཆོད་འབུལ། སྐུ་རྟེན་མཇལ་ཁ། བསྟན་རྒྱས་སྨོན་ལམ། སེང་གཡག་གར་སྟོན། མཆོད་འབུལ་རོལ་དབྱངས་སོགས་ཀྱི་མཛད་སྒོ་རིམ་བཞིན་བསྐྱངས་གནང་མཛད།

བོད་ཚེས་བདུན་རེས་གཟའ་ཉི་མ་ཉིན་གཤེན་གྱི་གར་འཆམ་ཆེན་མོ་དང་སྟབས་བསྟུན་གནད་ཡོད་ས་གནས་རྒྱ་གར་གྱི་དཔོན་རིགས་ཁག་མང་པོ་ཞིག་སྐུ་མགྲོན་དུ་གདན་ཞུས་ཀྱིས་མི་ལོ་ལྔ་བཅུའི་བཀའ་དྲིན་རྗེས་དྲན་གྱི་ཐུགས་རྗེ་ལེགས་འབུལ་ཞུས་པ་དང༌། རང་རིགས་དང་ཡུལ་མི་བཅས་སེར་སྐྱ་འདུས་མང་སྟོང་ཕྲག་ལྷག་འདུ་འཛོམས་བྱུང་བར་ཉིན་གུང་གསོལ་ཚིགས་དང༌།ཕྱི་དྲོ་གསོལ་ཇ་བཞེས་ཏོག་འདེགས་འབུལ་ཞུས། གཤེན་གྱི་གར་འཆམ་གྲུབ་རྗེས་རྒྱ་གར་བྱང་ཕྱོགས་ཁུ་ནུ་བ་ཕོ་མོ་རྒན་གཞོན་མང་པོས་གཡུང་དྲུང་ལུ་གུ་བརྒྱུད་དུ་སྦྲེལ་བའི་ཞང་ཞུང་གི་ཤོན་གར་འཁྲབ་སྟོན་ཡང་ཞུས།

བོད་ཚེས་བཅོ་ལྔ་ཉིན་བསྟན་པའི་མངའ་བདག་སྟོན་པ་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་སྐུ་འཁྲུངས་ནས་མི་ལོ་ ༡༨༠༢༦ འཁོར་བའི་འཁྲུངས་མཆོད་དང་འབྲེལ་གཤེན་གྱི་དགེ་སྤྱོད་རྣམ་པར་དག་པའི་གཞུང་བསྲང་ཏེ་དགོང་མོ་སྣང་གསལ་མཆོད་སྤྲིན་དང༌། གླིང་སྐོར་སེར་ཕྲེང༌། མཆོད་བཤམ་མཇལ་ཁ་བཅས་གནང༌།

ཡང་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བསླབ་པ་མཐར་སོན་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་མཛད་སྒོ་ཐེངས་བཅོ་ལྔ་པ་བསྐྱངས་གནང་མཛད་པའི་སྐོར་ལ། བོད་ཟླ་དང་པོའི་ཚེས་གསུམ་དང༌། བཞི། དྲུག བརྒྱད། དགུ་བཅས་ཀྱི་སྔ་དྲོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཙུག་ལག་ཁང་དུ་ྋསྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་མཁས་མང་འདུས་ཚོགས་ཀྱི་དབུས་སུ་ྋསྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེས་སྔར་སྲོལ་ལྟར་མདོ་སྔགས་སེམས་གསུམ་གྱིས་གཞུང་བཤད་གནང་རྗེས། བསླབ་པ་མཐར་སོན་པའི་བཀའ་རམས་པ་བཅུ་གཅིག་གིས་རིམ་བཞིན་སྔོན་འགྲོའི་གཞུང་བཤད་གནང་བ་དང༌། འདུས་ཚོགས་སུ་བསྙེན་བཀུར། ཉིན་གུང་གཏོང་སྒོ་ཆེན་མོ། ཕྱི་དྲོ་གཞུང་བཤད་མཇུག་བསྐྱངས་དང་བཀྲ་ཤིས་གསོལ་བ་བཅས་དགེ་བཤེས་ཀྱི་སྔོན་འགྲོའི་མཛད་རིམ་ཁག་བསྐྱངས།

བོད་ཚེས་བཅུ་གཅིག་ནས་བཅོ་ལྔ་བར་སྔ་དྲོ་ངག་རྒྱུགས་དང༌། ཕྱི་དྲོ་མདོ་སྔགས་སེམས་གསུམ་གྱི་རྩོད་རྒྱུགས་དམ་བཅའ་ཆེན་མོ་བཞུགས་གནང་མཛད། ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༡ བོད་ཟླ་དང་པོའི་ཚེས་བཅུ་དྲུག་ཉིན་སྔ་དྲོ་སྐུ་མགྲོན་རྣམས་ཀྱིས་གཟབ་འཕྱོར་སྤྲས་ཏེ། བོན་དར་དང་ཚན་པ་སོགས་མཆོད་སྤྲིན་སྣ་ཚོགས་བསྟར་ཞིང་ྋསྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང༌། ྋསྐྱབས་རྗེ་དཔོན་སློབ་རིན་པོ་ཆེ། བཤད་སྒྲུབ་མཁན་རིན་པོ་ཆེ། མཚན་ཉིད་སློབ་དཔོན་རིན་པོ་ཆེ། བཀའ་རམས་པ་བཅུ་གཅིག་བཅས་སྨན་རིའི་གླིང་གི་ཕྱོགས་གསུམ་ནས་དུང་རྒྱ་སྤོས་སྣེས་གཙུག་ལག་ཁང་དུ་གདན་དྲངས། རང་གཞུང་ཆོས་རིག་ལས་ཁུངས་ནས་བསྙེན་བཀུར་དང་བཀྲ་ཇ་འདེགས་འབུལ་ཞུས་རྗེས་བཀྲ་ཤིས་དམ་བཅའ་ཚུགས་གནང་མཛད།

གུང་ཡོལ་ྋསྐྱབས་རྗེ་དཔོན་སློབ་རིན་པོ་ཆེས་བཀའ་རམས་པ་རྣམས་ལ་དགེ་བཤེས་ཀྱི་མཚན་རྟགས་གསོལ་གནང་གིས་བསྟན་དང་འགྲོ་བའི་དོན་དུ་མཛད་འཕྲིན་མཐའ་འཁྱོངས་དགོས་པར་གདམས། དགེ་བའི་བཤེས་གཉེན་རྣམས་ཀྱིས་སྐྱབས་གནས་ཡུལ་མཆོག་གནས་བཞིའི་བཀའ་དྲིན་རྗེས་སུ་དྲན་པའི་མཆོད་འབུལ་གནང་བ་དང༌། ྋསྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་དགེ་ཚོགས་རྣམས་བསྟན་འགྲོའི་དོན་དུ་བསྔོས་གནང་གིས་དགེ་བའི་བཤེས་གཉེན་རྣམས་ལ་འབྲས་རྟགས་ཕྱག་འཁྱེར་དང་བྱིན་མདུད་བསྩལ།

དགེ་བའི་བཤེས་གཉེན་རྣམས་ཀྱིས་ཚིག་བཀྲ་གསུངས་ཤིང་ཁྲུས་གསོལ་སྐོར་བ་གྲུབ་རྗེས་ྋསྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེས་*༼བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་རྣམས་སྐལ་པ་བཟང་༽*བའི་གསུང་དབྱུང་ལན་གསུམ་དང་འདུས་ཚོགས་ནས་ལན་ཟློས་གནང༌། ྋསྐྱབས་རྗེ་མཁན་སློབ་རྣམ་པ་སོགས་བླ་བྲང་སོ་སོར་གདན་འདྲེན་ཞུས་གྲུབ་མཚམས་དུང་རྒྱ་སྤོས་སྣ་དང་བསང་གསོལ་མཇལ་དར་སོགས་ཀྱིས་སྣེ་དྲངས་ཏེ་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་རྣམས་སྨན་རིའི་བཤད་སྒྲུབ་འདུས་སྡེའི་ཚོགས་ཁང་དུ་གདན་དྲངས་ནས་སྐལ་བཟང་ཁྲི་སྟོན་གྱི་མཛད་སྒོ་ཚུགས་ཤིང་སེར་སྐྱ་འདུས་མང་ཡོངས་ནས་སྐལ་བཟང་ལེགས་འབུལ་གྱིས་མཇལ་ཁ་ཞུས།

དགེ་བཤེས་མཛད་སྒོའི་མཇུག་བསྡོམས་མཛད་སྒོ་ཉིན་མཁས་དབང་པར་མའི་གཙུག་ལག་སློབ་གྲྭ་ཆེན་པོའི་འགན་འཛིན་དང༌། བོན་གཞིས་ཐོབ་རྒྱལ་གསར་པ་ཐོག་མར་ཆགས་བཏབ་སྐབས་ཀྱི་འགན་ཁུར་བ་རོ་མན་ལ་དྷ་ཝན་གཏན་ཞལ། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་བྱ་དུར་བསོད་ནམས་བཟང་པོ། བོན་སྤྱི་དགེ་བཤེས་སྨོན་ལམ་མཐར་ཕྱིན། ས་གནས་ཡུལ་མིའི་འགོ་དཔོན། བོན་གཞིས་ཉིན་སློབ་ཀྱི་དགེ་ཆེ། བོན་གཞིས་ས་འཐུས་ཚོགས་གཙོ་སོགས་ཚོགས་སྡེ་ཁག་གི་འགན་འཛིན་དང་ཚོགས་མི་རྣམས་ཀྱང་སྐུ་མགྲོན་དུ་ཕེབས་གནང་མཛད་ཡོད་པ་རེད།

 ༡༩༥༩ལོ་ནས་བོད་མི་རྣམས་སྐྱབས་བཅོལ་དུ་འབྱོར་རྗེས་ྋསྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེས་བོན་གཞིས་ཐོབ་རྒྱལ་གསར་པ་ཆགས་བཏབས་ཤིང༌། ྋསྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མངའ་གསོལ་ཁྲི་འདོན་གནང་རྗེས་ྋསྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེས་དཔལ་གཤེན་བསྟན་སྨན་རིའི་གླིང་གི་རྟེན་དང་བརྟེན་པ་ཡོངས་རྫོགས་ཀྱི་མཛད་འགན་བཞེས་པ་མ་ཟད། སྔར་སྲོལ་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་སློབ་གཉེར་རྒྱུན་མཐུད་གནང་སྟེ་ད་ཕན་བསླབ་པ་མཐར་སོན་གྱི་མཛད་སྒོ་ཐེངས་བཅུ་བཞི་ཚུགས་ཟིན་ཡོད་པ་བཅས་ཀྱི་གནས་ཚུལ་དུ།། ཁྱུངཿསྨོན་ལམ་པས།

བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱིས་མཁོ་སྤྲོད་གནང་།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།
བསམ་ཚུལ། (2)
2 ༡༢༢༠༡༠༡༩༢༨
གནས་ཚུལ་ཡག་པོ་འདུག ཐུགས་རྗེ་ཆེ།
སྐུ་ཉིད་ནས་བོད་སྤྱིར་ལ་ཕན་ཐོགས་ཡོད་པའི་གསར་གནས་མང་པོ་ཞིག་སྤེལ་ནས་སྲི་ཞུ་བསྒྲུབས་སོང་བར་ཐུགས་རྗེ་ཆེ། མུམཐུད་ནས་མཇུག་སྐྱོང་གནང་རོགས་ལན་བརྒྱ་ཞུ་རྒྱུ་ཡིན།



བརྗོད་གཞི་གཞན་ཁག་ལ་གཟིགས།