མ་འོངས་བཀའ་བློན་ཁྲི་པའི་འོས་འདེམས་དང་འབྲེལ་བའི་བགྲོ་གླེང༌།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༢ཉིན། བདུན་ཕྲག་སྔོན་མའི་རེས་གཟའ་སྤེན་པ་ཉིན། རྒྱ་གར་ལྷོ་ཕྱོགས་བྷེ་ཀོ་གཞིས་གྲོང་སུ་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་གོ་སྒྲིག་འོག༼༢༠༡༡ལོའི་བཀའ་བློན་ཁྲི་པའི་གལ་གནད་དང་ང་ཚོའི་མང་གཙོ་༽ཞེས་པའི་བརྗོད་གཞི་ཐོག་བགྲོ་གླེང་ཐེངས་གཉིས་པ་དེ་ཚོགས་ཡོད་འདུག

བགྲོ་གླེང་དེ་བྷེ་ཀོ་གཞིས་གྲོང་དུ་ཡོད་པའི་བདེ་ལྷ་ཚོགས་ཁང་དུ་ཚོགས་ཡོད་འདུག་པ་དང༌། བགྲོ་གླེང་ཐོག་ཁྱོན་མི་གྲངས་༨༠༠ཙམ་ངོ་ཕེབས་གནང་ཡོད་འདུག བགྲོ་གླེང་གི་དགོས་དམིགས་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུ་མང་གཙོའི་ཤེས་བྱ་གོང་མཐོར་གཏོང་རྒྱུ་དང༌། དེ་དང་འབྲེལ་བའི་ཐོག་ནས་མ་འོངས་བཀའ་བློན་ཁྲི་པའི་འོས་འདེམས་སྐོར་གཙོ་བཟུང་གནང་ཡོད་འདུག

སྐབས་དེར་བགྲོ་གླེང་གནང་མཁན་གཙོ་བོ་བོད་མི་མང་སྤྱི་འཐུས་དང༌། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་དང༌། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་ཟུར་པ་བློ་བཟང་ཡེ་ཤེས་ལགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་ལགས། དེ་བཞིན་བོད་རང་བཙན་འཐབ་རྩོད་པ་དང་རང་དབང་གི་རྩོམ་པ་པོ་ཀླུ་མཁར་བྱམས་སོགས་གདན་ཞུ་བྱས་ཡོད་འདུག

ཐོག་མར་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་ལགས་ཀྱིས་༢༠༡༡ལོའི་བཀའ་བློན་ཁྲི་པའི་གལ་གནད་དང་འབྱུང་འགྱུར་གྱི་འོས་འདེམས་ཚགས་ཚུད་ཅིག་ཡོང་བར་ང་ཚོའི་འོས་འགན་སྐོར་འགྲེལ་བརྗོད་དང་བཀའ་སློབ་གནང་ཡོད་འདུག

བོད་མིའི་སྤྱི་མཐུན་མཉམ་ལས་ཀྱི་ཚོགས་གཙོ་སྐུ་ཞབས་པདྨ་བདེ་ལེགས་ལགས་ཀྱིས། མ་འོངས་བཀའ་ཁྲི་འོས་འདེམས་སྐབས་མི་གཞན་ལ་ འོས་ཤོག་འཕེན་དགོས་པ་ནི་ཧ་ཅང་གི་གལ་གནད་ཆེན་པོ་ཞིག་ཡིན་པ་ར་སྤྲོད་བྱེད་དགོས་པ་ལས། མི་བྱེ་བྲག་པར་ཞིག་ལ་འོས་ཤོག་འཕེན་དགོས་པའི་སྐོར་སྐུལ་སློང་དང་གནོན་ཤུགས་སོགས་སྤྲོད་མི་རུང་ཅེས་གསུངས་ཡོད་འདུག་པ་དང༌།

ཡང་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་ལགས་ཀྱིས། ད་ལྟ་ང་ཚོ་བོད་པའི་མང་གཙོ་དེ་ད་དུང་ཡང་ཆ་ཚང་བ་ཞིག་དང་ཚད་དང་ལྡན་པ་ཞིག་ཆགས་ཐུབ་ཡོད་པར་མ་རེད། གང་ཡིན་ཟེར་ན་ད་ལྟ་ང་ཚོར་གྲོས་ཚོགས་གཅིག་མ་གཏོགས་ཡོད་པ་རེད། མང་གཙོ་སྤུས་དག་ཅིག་ཆགས་པར་ངེས་པར་དུ་གྲོས་ཚོགས་གོང་འོག་གཉིས་དགོས་ཀྱི་ཡོད་པ་རེད་ལ། ད་དུང་ཆབ་སྲིད་ཀྱི་ཚོགས་པ་འདྲ་མིན་ཡང་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་ཡོད་འདུག

མཇུག་མཐར་བོད་རང་བཙན་འཐབ་རྩོད་པ་དང་རང་དབང་རྩོམ་པ་པོ་ཀླུ་མཁར་བྱམས་ལགས་ཀྱིས། ད་ལྟ་ང་ཚོའི་མང་གཙོ་འདི་༧གོང་ས་མཆོག་གིས་མར་གནང་བ་ཞིག་ཡིན་དུས། ང་ཚོས་ངེས་པར་དུ་དེར་དྲན་གསོ་དང་ལེགས་སྐྱེས་ཀྱི་ཚུལ་དུ་བོད་མི་རྒྱལ་ཞེན་ཅན་དང༌། མཁས་པ། རྩོམ་པ་པོ་དཔེར་ན་མཁས་དབང་ཟླ་བ་ནོར་བུ་དང༌། འཇམ་དབྱངས་ནོར་བུ་ལྟ་བུ་གསོ་སྐྱོང་བྱེད་དགོས་ཀྱི་ཡོད་པ་རེད་ཅེས་དང༌། ཡང་ཁོང་གིས་མ་འོངས་པའི་ང་ཚོའི་བཀའ་བློན་ཁྲི་པ་དེ་ངེས་པར་དུ་རང་བཙན་གྱི་ལྟ་བ་ཤུགས་ཆེར་འཛིན་མཁན་ཅིག་དགོས་ཀྱི་ཡོད་པ་རེད་ལ། གལ་སྲིད་འོས་མི་དེར་བོད་མིའི་འཐབ་རྩོད་ཐད་ལྟ་བར་ལམ་ཕྱོགས་འདྲ་མིན་ཞིག་ཡོད་མཁན་དང༌། དེ་བཞིན་འོས་མི་དེའི་ཆབ་སྲིད་ཀྱི་ལྟ་བའང་ལམ་ཕྱོགས་གསལ་པོ་ཞིག་ཤེས་རྟོགས་མ་ཡོང་བའི་བར་དུ་ང་ཚོས་རྩ་བ་ཉིད་ནས་དེར་འོས་ཤོག་བླུགས་རྒྱུ་ཡོད་པ་མ་རེད་ཅེས་གསུངས་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།