ལོ་ངོ་ལྔ་བཅུའི་དུས་དྲན་དང་འབྲེལ་བའི་༧གོང་ས་མཆོག་ལ་བརྟན་བཞུགས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༢ཉིན། ཕྱི་ལོ་༡༠༠༩ཟླ་༣ཚེས་༡༠ནས་ཕྱི་ལོ་༢༠༡༠ཟླ་༣ཚེས་༡༠བར་བོད་མིའི་ཞི་བའི་གྱེན་ལངས་དང་བོད་གཞུང་མང་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་དང་འབྲེལ་བའི་ལས་རིམ་ནང་གསལ་ལྟར། དེ་རིང་ཞོགས་པར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཕྱག་ཚོད་༦ཐོག་དབུ་འཛུགས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་ཟབ་རྒྱས་ཤིག་ཕུལ་སོང༌།

སྐབས་དེར་བརྟན་བཞུགས་ཐོག་༧དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་དང༌། ༧དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེས་གཙོས་པའི་མཁན་སྤྲུལ་སོགས་དགེ་འདུན་པའི་སྡེ་དང༌། བཙན་བྱོལ་བོད་གཞུང་གི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པའི་གཙོས་པའི་གཞུང་ཞབས་ལས་བྱེད། དེ་བཞིན་ས་ཕྱོགས་གང་ས་ནས་ཕེབས་པའི་བོད་མི་དང་ཕྱི་རྒྱལ་བ་སོགས་ཁྱོན་མི་གྲངས་ཁྲི་ཚོ་ལས་བརྒལ་བ་བརྟན་བཞུགས་མཛད་སྒོ་ཐོག་ཕེབས་འདུག

དེ་རྗེས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བརྟན་བཞུགས་དང་འབྲེལ་བའི་བོད་མི་ཡོངས་ལ་མ་འོངས་བླངས་དོར་གྱིས་བཀའ་སློབ་གནང་དོན། ཁྱེད་རང་ཚོའི་སེམས་ཤུགས་དང་ལྷག་བསམ་གཡོ་བ་མེད་པའི་ཐོག་ནས་དེ་རིང་འདིར་བརྟན་བཞུགས་ཟབ་རྒྱས་འབུལ་བཞིན་ཡོད་པ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྔ་ཕྱི་རིམ་པ་བཞིན་བརྟན་བཞུགས་མང་པོ་ཞིག་ལ་བདག་ཁྲི་རིན་པོ་ཆེ་མཆོག་དབུ་བཞུགས་གནང་སྟེ། མཎྜལ་ལྗགས་བཤད་གནང་བ་རེད། མཎྜལ་ལྗགས་བཤད་དེ་རིན་པོ་ཆེ་ལ་ཁྲལ་བབ་བསྡད་ཡོད་པ་རེད་ཅེས་རྩེད་མཚར་བྱས་པ་ཡིན། དེ་རིང་རིན་པོ་ཆེ་ཡིས་ཁྲལ་ཡག་ཐག་ཆོད་ཅིག་བསྒྲུབས་སོང༌། ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ཞེས་དང༌།

དེ་རིང་འདིར་དངོས་སུ་འདུས་པའི་དད་ལྡན་སེར་སྐྱ་མང་ཚོགས་དང༌། ལྷག་པར་དུ་གཞིས་ལུས་རྒྱ་ཆེའི་མི་མང་ལ་མཚོན་ན། གཞན་དབང་འོག་ཏུ་ཚུད་བསྡད་ཡོད་པ་རེད་དེ། ལྷག་བསམ་དང་སྙིང་སྟོབས་ཞུམ་པ་མེད་པར་བོད་རང་ཉིད་ཀྱི་བདེན་དོན་ཐོབ་ཐང་འཐབ་རྩོད་ལ་སེམས་ཤུགས་གཡོ་བ་མེད་པར་བརྟན་པོར་གནས་ཡོད། བར་ལམ་བོད་ནང་དྲག་གནོན་གདུག་རྩུབ་ཚད་མེད་བཏང་སྟེ་འདས་གྲོངས་སུ་ཕྱིན་པ་མང་པོ་ཞིག་ཡོད། དེ་དག་ལ་ང་རང་ཚོ་ཚང་མས་སྨོན་ལམ་རྒྱག་རྒྱུ་གལ་ཆེན་པོ་རེད། ཁོང་ཚོས་བོད་བསྟན་སྲིད་ཀྱི་དོན་དུ་སྲོག་འདོར་བ་རེད། ལྷག་བསམ་དེར་ཏན་ཏན་འབྲས་བུ་བཟང་བོ་ཞིག་ཡོང་ངེས་པ་ཞིག་རེད། དེ་བཞིན་རྡུང་རྡེབ་མནར་གཅོད་འོག་ནས་ལུས་ལ་ནད་གཅོང་ཕོག་བསྡད་པ་མང་པོ་ཞིག་ཡོད། དེ་དག་ལའང་ནད་གཅོང་གི་སྡུག་བསྔལ་ལས་མྱུར་དུ་གྲོལ་ཏེ་ཚེ་མུ་མཐུད་ཡུན་རིང་གནས་ཐུབ་པ་ཞིག་ལ་ང་ཚོས་སྨོན་ལམ་རྒྱག་དགོས། དེ་དང་མཉམ་དུ་ལྷག་བསམ་དང་སྙིང་སྟོབས་སྔར་བཞིན་བརྟན་པོར་གནས་བསྡད་པའི་མི་རབས་རྒན་པ་ཚོ་ན་ཚོད་སྡུག་ཏུ་འགྲོ་བཞིན་ཡོད། དེ་དག་ལའང་ན་ཚ་སྡུག་བསྔལ་མེད་པར་མི་ཚེ་རིང་དུ་འཚོ་རྒྱུར་ང་ཚོས་ཐུགས་སྨོན་གནང་དགོས། དུས་ད་ལྟའི་བར་གཞིས་ལུས་རྒྱ་ཆེ་མི་མང་གི་ལྷག་བསམ་རྩེ་གཅིག་ཏུ་གནས་བསྡད་པ་དེར་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། ད་དུང་ཡིན་ནའང་དད་འདུན་ལྷག་བསམ་གཡོ་མེད་གནས་རྒྱུ་གལ་ཆེན་པོ་རེད། ངས་ནམ་རྒྱུན་འབོད་སྐུལ་ཞུས་བསྡད་པ་བཞིན། ཚང་མས་ཤེས་ཡོན་ཐོག་ལ་དོ་སྣང་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ཤེས་ཡོན་ཡོད་ན་མིའི་རྣམ་དཔྱོད་ཀྱི་ནུས་པ་ཡོངས་སུ་རྫོགས་པས་རྩལ་འདོན་ཐུབ་ཀྱི་ཡོད་པ་རེད། མི་ལ་རྣམ་དཔྱོད་མེད་ན་ལྷག་བསམ་གཅིག་པུས་ནུས་པ་ཐོན་ཁག་པོ་རེད། དེར་བརྟེན་དེང་དུས་ཀྱི་ཤེས་ཡོན་དང་ཟུང་དུ་འབྲེལ་ཏེ་བོད་གངས་ཅན་གྱི་ལྗོངས་སུ་སྔ་མོ་ནས་ཡོད་བསྡད་པའི་སངས་རྒྱས་ཆོས་ཀྱི་ལྟ་གྲུབ་ལ་སྦྱང་བརྩོན་བྱ་དགོས། སངས་རྒྱས་ཆོས་ལུགས་ནང་གི་རྟེན་ཅིང་འབྲེལ་བའི་ལྟ་གྲུབ་ལ་སྦྱང་བརྩོན་བྱས་ཏེ་ཤེས་པར་བྱ་རྒྱུ་ཤིན་ཏུ་ནས་ཀྱང་གལ་ཆེན་པོ་རེད། སངས་རྒྱས་ཆོས་ལ་དད་པ་མེད་མཁན་ཞིག་ཡིན་ན་ཡང༌། སངས་རྒྱས་ཆོས་ཀྱི་ལྟ་གྲུབ་དེ་ངེས་པར་དུ་ཤེས་དགོས་པ་ཞིག་རེད། སངས་རྒྱས་པའི་ཆོས་པ་ཞིག་ཡིན་ན་རྒྱུ་མཚན་ཤེས་པའི་སྒོ་ནས་དད་པ་ཐོབ་པ་ཞིག་བྱུང་ན། དད་པ་དེ་ཧ་ཅང་བརྟན་པོ་ཞེ་དྲག་རེད། དེང་དུས་ཀྱི་ཤེས་ཡོན་དང་ཕ་མེས་བཀའ་དྲིན་ཅན་ཚོས་དཀའ་བ་དཔག་ཏུ་མེད་པ་སྤྱད་དེ་བསྒྲུབས་པའི་སངས་རྒྱས་ཀྱི་ཆོས་དེ་ནི། དེང་སྐབས་ཧ་ལམ་འཛམ་གླིང་གི་གཅེས་ནོར་རེད་ཟེར་ནའང་ལབ་ཐུབ་པ་ཞིག་ཆགས་བསྡད་ཡོད་པ་རེད། ཕ་མེས་ནས་བརྒྱུད་སྤྲོད་བྱས་ཡོང་བའི་ནོར་བུ་དེ་ད་ལྟ་རང་ཉིད་ཀྱི་ལག་ཏུ་ཡོད་པ་ངོས་ཟིན་པའི་ཐོག་ནས་དེ་ལ་བདག་པོ་རྒྱག་རྒྱུ་དེ་གལ་ཆེན་པོ་རེད། བདག་པོ་རྒྱོབ་ཟེར་དུས་དད་པ་གཅིག་པུའི་སྐད་ཆ་མ་རེད། ཤེས་ཡོན་དེ་རང་གི་རྒྱུད་ལ་ཚང་བར་བྱ་དགོས་པ་རེད། དེར་སྨོན་ལམ་བརྒྱབས་ཏེ་འཚང་གིོ་མ་རེད། སློབ་སྦྱོང་བྱས་ཏེ་འཚང་འཇུག་དགོས་པ་རེད། དེ་འདྲ་ཡིན་དུས།

གཞན་ཡང་དེ་རིང་གི་གོ་སྐབས་འདི་བཟུང་སྟེ། རང་དབང་ལུང་པར་ཡོད་པའི་བོད་རིགས་སྤུན་ཟླ་ཚང་མར་འབོད་སྐུལ་ཞིག་ཞུ་རྒྱུ་ཡོད། ད་བར་ཧུར་ཐག་བྱས་པ་རེད་ལ། ད་དུང་མུ་མཐུད་དུ་རང་དབང་ལུང་པའི་རང་དབང་གི་གོ་སྐབས་བཟང་པོ་དེ་ཆུད་ཟོས་སུ་མི་གཏོང་བར་རང་གི་དོན་དག་དེ་ངེས་པར་དུ་རང་ཉིད་ཀྱིས་བསྒྲུབ་དགོས་པ་རེད། རང་དོན་རང་གཅེས་བྱ་དགོས། རང་གི་ལུས་དེ་བོད་མིའི་ཤ་ཁྲག་ལས་གྲུབ་པའི་ལུས་ཕུང་ཞིག་ཡིན་སྟབས། ཇི་སྲིད་ལུས་པོ་མ་དོར་བའི་དེ་སྲིད་དུ་བོད་སྤྱི་བའི་འགའ་འཁུར་དེ་ཕྲག་ལ་འཁྲི་ཡོད་པ་རེད། ལྷག་པར་དུ་གཞིས་ལུས་རྒྱ་ཆེའི་མི་མང་ཚོས་ང་ཚོ་རང་དབང་ལུང་པའི་བོད་རིགས་སྤུན་ཟླ་ཚོར་རེ་བའི་མིག་འབུར་བལྟས་ཡོད། དེ་མ་བརྗེད་པ་བྱ་དགོས། རང་ཉིད་ཕྱོགས་བཞི་མཚམས་བརྒྱད་གང་དུ་གནས་ཡང༌། བོད་སྤྱི་བའི་བདེ་དོན་དེ་སེམས་ནས་མི་འདོར་བར་སྐབས་བབ་ཀྱི་སོ་སོས་གང་འཇོན་པ་དེར་ཧུར་ཐག་བྱ་རོགས། དེ་ག་ཡིན་ཐུགས་རྗེ་ཆེ་ཞེས་བཀའ་གནང་སོང༌།

དེ་ཡང་དཔལ་ལྡན་རང་གཞུང་ཆོས་རིག་ལས་ཁུངས་ཀྱིས་བརྟན་བཞུགས་མཛད་རིམ་ནང་བཀོད་ལྟར་ན།

གངས་ལྗོངས་བོད་རྒྱལ་ཁབ་ཆེན་པོའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་ལྷ་མིའི་རྣམ་འདྲེན་༧སྐྱབས་མགོན་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་རྗེ་བཙུན་འཇལ་དཔལ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་ལ་ ༢༠༠༩ ཟླ་༣་ཚེས་༡༠ནས་ཕྱི་ལོ་༢༠༡༠ཟླ་༣ཚེས་༡༠བར་བོད་མིའི་ཞི་བའི་གྱེན་ལངས་དང་གཞུང་མང་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་རྒྱུའི་ལས་རིམ་ཁོངས་སུ་དུས་དྲན་འགོ་འཛུགས་དང་མཇུག་བསྡོམས་གཉིས་ལ་བརྟན་བཞུགས་རྒྱས་པ་རེ་བསྟར་འབུལ་ཞུ་རྒྱུའི་ལས་རིམ་མཇུག་བསྡོམས་བརྟན་བཞུགས་ཐུགས་གཏན་འཁེལ་བ་བཞིན། མགོན་པོ་གང་ཉིད་ཀྱི་སྐུའི་གསང་བ་གསུམ་ལ་ཚུལ་བསྟན་བར་ཆད་ཀྱི་རིགས་གཞར་ཡང་མི་བཞེས་པར་སྐུ་ཁམས་རྡོ་རྗེ་ཆོས་བདུན་གྱི་ངོ་བོར་བརྟན་ཅིང༌། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུ་འགྲུབ་ཡོང་ཆེད་བླ་ལྷའི་བཀའ་ལུང་ཁག་གཞིར་བཟུང་ཞབས་རིམ་རྒྱ་ཆེ་བསྒྲུབས་དང་སྒྲུབ་བཞིན་པ་མ་ཟད། བོད་ལྕགས་སྟག་ཆུ་ཟླ་༡ཚེས་༢༧ཕྱི་ལོ་༢༠༡༠ཟླ་༣ཚེས་༢གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་བོད་གཞུང་མང་ལྷ་མི་ཡོངས་ཀྱིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔར་མཆོད་སྤྲིན་སྣ་ལྔ་བརྒྱ་ཚར་དང་ཚོགས་མཆོད་འབུལ་གཤོམས་ཐོག་ཞིང་མཆོག་འདུས་པ་རྒྱ་མཚོར་བསྙེན་བཀུར་དང་འབྲེལ་ཚེ་དཔག་མེད་ནང་སྒྲུབ་འཆི་མེད་ལྷ་ལྔའི་སྒོ་ནས་བརྟན་བཞུགས་རྒྱས་པ་ཞིག་འབུལ་རྒྱུའི་མཛད་རིམ་གཤམ་གསལ།

༡ ༽བོད་རྒྱལ་ལོ་ ༢༡༣༧ བོད་ཟླ་༡ཚེས་ ༡༠ནས་བོད་ཟླ་༡ ཚེས་༡༧དང༌། ཕྱི་ལོ ༢༠༡༠ཟླ་༢ཚེས་༢༤ནས་ཟླ་༣ཚེས་༢བར་རྣམ་གྲྭ་མཁན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་བླ་སྤྲུལ་ཁག སྐུ་བསྟན་རྣམ་པ། རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་འདུས་ཚོགས་དགེ་འདུན་པ་ཚོགས་གཞུང༌། རི་ཁྲོད་བསྙེན་མཚམས་པ་སོགས་ཞལ་གྲངས་༥༠ནས་ཉིན་གྲངས་བདུན་རིང་སྐུ་ཚེ་ཚེ་སྒྲུབ་གནང་རྒྱུ།

༢༽ བོད་རྒྱལ་ལོ་༢༡༣༧ བོད་ཟླ་༡ཚེས་༡༧ ཕྱི་ལོ་༢༠༡༠ཟླ་༣ཚེས་༢ཉིན་བརྟན་བཞུགས་དངོས་གཞི་སྔ་དྲོའི་ཕྱག་ཚོད་༦ཐོག་དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་ཚོགས་གྲ་འདུས་ཚོགས་ནས་སྐུའི་ཚེ་སྒྲུབ་གསུང་ཆོག་གནང་རྒྱུ།

༣༽ ཕྱག་ཚོད་༨ཐོག་ཆེས་མཐོ་བའི་ཁྲིམས་པ་ཆེ་བ་མཆོག་དང༌། སྤྱི་འཐུས་ཚོགས་གཙོ་མཆོག་བཀའ་བློན་ཁྲི་པ་མཆོག་བཅས་བཙན་བྱོལ་བོད་གཞུང་མང་གཙོའི་ཀ་བ་གསུམ་དང༌། རྣམ་གྲྭའི་སེར་ཕྲེང་བསྟན་སྒྲིག་ཞུས་ཐོག་སྤྱན་རྒྱ་སྤོས་འཛིན་གྱིས་སྔུན་བསུས། གཙུག་ལག་ཁང་གི་ཡང་སྟེང་ནས་བོད་གཞུང་ཟློ་གར་གྱེས་ཕེབས་བརྡ་རོལ་ཆ་གཏོང་བཞིན་པར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་ནས་གཙུག་ལག་ཁང་དུ་གདན་ཞུ།

༤༽ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཙུག་ལག་ཁང་གི་བཞུགས་ཁྲི་རིན་པོ་ཆེར་ཞབས་སོར་འཁོད་མཚམས་དབུ་བཞུགས་འཁོན་རིགས་བསྟན་པའི་མངའ་བདག་༧སྐྱབས་རྗེ་ས་སྐྱ་༧གོང་མ་བདག་ཁྲི་རྡོ་རྗེ་འཆང་མཆོག་ནས་མཇལ་དར་རྐྱང་འབུལ་མཛད་རྒྱུ།

༥༽ཞལ་འདོན་དབུ་བསྐུལ་གྱིས་རྒྱུན་ཆགས་གསུམ་པ་དང༌། ༧རྒྱལ་བའི་འཁྲུངས་རབས་གསོལ་འདེབས། པཎ་གྲུབ་བཅུ་བདུན་གསོལ་འདེབས། འབྲས་སིལ་རིམ་པར་ཕེབས། དེ་ནས་བསུན་བཟློག་ལ་བྱིན་འབེབས་རྗེས་ཡས་འབུལ་འཇུག་མཁའ་འགྲོ་མ་རྣམས་ནས་ཕྱོགས་སོ་སོའི་དབྱངས་འཐེན་རོལ་མོ་གར་སྟབས་བཅས་བཞུགས་ཁྲིའི་མདུན་དུ་འཁོད་དེ་དར་སྣེ་བཟུང༌། དབུ་བཞུགས་མཆོག་སྐུ་བཞེངས་ཐོག་དབུ་ཞྭ་བཞེས་ཏེ་དར་སྣེ་གཅོད་བྲེགས་གྲུབ་པ་དང་རིམ་བཞིན་མདོས་ཀྱི་མདུན་དུ་འཁོད། ཡོན་དང་མཇལ་དར་ཕུལ། ཚིག་བསྟུན་གྱི་མདོས་ཁ་བསྒྱུར་ལ། མདོས། སྐུ་གླུད། ཚོགས། དཀར་སྤྲོ། མཁའ་འགྲོ་བཅས་བརྫངས་ཏེ་བསུན་བཟློག་གྲུབ།

༦༽ བརྟན་བཞུགས་དངོས་གཞིར་སློབ་དཔོན་ལྷར་བསྐྱེད་ནས་མཐར་ཆགས་སུ་འདོན་ཏེ་གསོལ་འདེབས་མཎྜལ་རྒྱས་པའི་ས་གཞི་སྤོས་བྱུགས་མའི་མཇུག གནས་དགའ་བརྟན་མ་སྤྱན་དྲངས། དབུ་བཞུགས་བདག་ཁྲི་རིན་པོ་ཆེ་མཆོག་ནས་མཎྜལ་ལྗགས་བཤད་སྐབས་སྤྱི་འཐུས་ཚོགས་གཙོ་དང༌། བཀའ་བློན་ཁྲི་པ་གཉིས་ནས་མཎྜལ་ཚོམ་བུ་ཟུར་བཏེགས། ལྗགས་བཤད་གྲུབ་པ་དང་དབུ་བཞུགས་སྐུ་བཞེངས་ཐོག་ཚོམ་བུ་འབུལ་བཞེས་དང་མུ་མཐུད་སྐུ་རྟེན། གསུང་རྟེན། ཐུགས་རྟེན། བུམ་པ་ལྔ། རིགས་ལྔའི་མཚན་མ། ཚེ་ཆང༌། ཚེ་རིལ། ཚེ་མདའ། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད། བཀྲ་ཤིས་རྫས་བརྒྱད་བཅས་ཚིག་དང་བསྟན་ཏེ་སློབ་དཔོན་གྱི་ཕྱག་ཏུ་ཕུལ་ཏེ་གསུམ་འདེགས་འབུལ་དང་མཇལ་ཁ་ཞུ་རྒྱུ། ༼ ༡ ༽ཟུར་འཛར་དང་པོ་ནང་གསལ། ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་མཇལ་ཁ་ཞུ་རྒྱུ། ༧རྒྱལ་བའི་ཞབས་བརྟན་དང༌། བསམ་ལྷུན། བར་ཆད་ལམ་སེལ་རྣམས་གསུང་མུར་གསོལ་ཇ་གཉིས་པ་ཕེབས། ཡོན་འབུལ། ཚོགས་བཀྱེ་འགྲེམས་ཞུ།

༧ ༽ གཏང་རག་མཎྜལ་གཞུང་མང་སྐུ་ཚབ་ཆོས་རིག་བཀའ་བློན་མཆོག་གིས་འདེགས་འབུལ་དང་མཇལ་ཁ་ཞུས་རྗེས། ༼ ༢ ༽ཟུར་མཛར་གཉིས་པ་ནང་གསལ། ཁྲིམས་ཞིབ་པ། སྤྱི་འཐུས་ཚོགས་གཙོ་གཞོན་པ། བཀའ་བློན་ཁྲི་པ། ལྷ་རྒྱ་རི་ཁྲི་ཆེན་རྣམ་རྒྱལ་དབང་ཕྱུག རང་དབང་ཅན་གྱི་འགན་འཛིན་རྣམ་པ་བཅས་མཇལ་ཁ་ཞུ་རྒྱུ། དབུ་བཞུགས་སྐུ་བཞེངས་ཐོག་དགའ་སྟོན་གྱི་མཆོད་པ་རྣམས་ཚིག་བསྟུན་གྱི་ཕྱག་ཏུ་ཕུལ། ཞལ་འ

དོན་ཉི་གཞོན་འཆར་ཀ་མ་དང༌། ཐུབ་བསྟན་རིས་མེད་རྒྱས་པའི་སྨོན་ལམ། གསོལ་འདེབས་སྨོན་ལམ་བདེན་པའི་རྔ་སྒྲ། བསྟན་འབར་མ། མཆོག་གསུམ་ཤིས་བརྗོད་བཅས་གསུང་མཐར་ཀ་ཁྲི་སྒྲོགས། བདེན་ཚིག་སྨོན་ལམ་བཅས་གསུངས་ཏེ་བརྟན་བཞུགས་མཛད་སྒོ་དོངས་གཞི་ལེགས་པར་གྲུབ་རྒྱུ།

༨ ༽ཁྲིམས་ཞིབ་པ་ཆེ་བ་མཆོག་དང༌། སྤྱི་འཐུས་ཚོགས་གཙོ་མཆོག བཀའ་བློན་ཁྲི་པ་མཆོག་བཅས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གཙུག་ལག་ཁང་ནས་ཕོ་བྲང་དུ་སྤྱན་རྒྱ་སྤོས་སྣེས་གདན་ཞུ་མཛད་རྒྱུ་བཅས་ཀྱི་མཛད་རིམ་ལེགས་པར་གྲུབ་སོང༌།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
གསར་འགྱུར་འདི་ནི་དུས་བབ་ཚང་དང་བང་ཆེན་ཚང་གཉིས་ཀར་མ་ཐོབ་པའི་གསར་འགྱུར་ཡག་པོ་ཞིག་རེད་འདུག་ད་དུང་མན་ཌའི་ལྗགས་བཤད་གནང་མཁན་དེ་ས་སྐྱ་༧གོང་མ་ཡིན་ཚོད་འདུག་ཡིན་ནའང་དེའི་སྐོར་གསལ་ཁ་ཆེ་ཙམ་ཡོད་ན་དགེ་མཚན་ཆེ་བ་མངོན།



བརྗོད་གཞི་གཞན་ཁག་ལ་གཟིགས།