༧གོང་ས་མཆོག་གིས་བཞུགས་སྒར་དུ་སྨོན་ལམ་ཆེན་མོ་བཀའ་དྲིན་བསྐྱངས་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༡ཉིན། ལྕགས་སྟག་ཆོ་འཕྲུལ་ཟླ་བའི་བོད་ཚེས་༡༡ནས་༡༥བར་ཉིན་ལྔ་རིང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྨོན་ལམ་ཆེན་མོ་ཚུགས་ཡོད་པ་དང་། ཁ་སང་བོད་ཚེས་༡༥ཉིན། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གསོ་སྦྱོང་དུ་ཞབས་སོར་བཀོད་དེ་སྟོན་པའི་སྐྱེས་རབས་ཀྱི་གསུང་ཆོས་བཀའ་དྲིན་བསྐྱངས་སོང་།
སྐབས་དེར་གང་ཉིད་ཀྱིས་གསར་དུ་ཕེབས་པའི་བོད་མི་གནས་སྐོར་བ་རྣམས་གཙོ་བཟུང་ཐོག་གསུང་ཆོས་དང་བཀའ་སློབ་གནང་དོན།
དེ་རིང་འདིར་སེར་སྐྱ་མང་པོ་ཞིག་འཛོམས་བསྡད་ཡོད་པ་རེད། ལྷག་པར་དུ་ཁྱེད་རང་ཚོ་བོད་གངས་ཅན་ལྗོངས་ནས་གཉེན་འཕྲད་དང་གནས་སྐོར་ཆེད་དུ་ཁྱེད་རང་ཚོ་ཁག་ཅིག་འབྱོར་ཡོད་པ་རེད། དེ་རིང་འདིར་ཆོས་དང་འབྲེལ་བའི་བསྡུ་བྱ་གཙོ་བོ་དེ་ཁྱེད་རང་ཚོ་གཞིས་ལུས་རྒྱ་ཆེ་མི་མང་གི་ཆ་ཤས་ཁྱེད་རང་ཚོ་གཉེན་འཕྲད་དུ་ཕེབས་མཁན་རྣམས་གདུལ་བྱ་གཙོ་བོ་དེ་ཡིན། ང་རང་ཚོ་བོད་ལ་ལོ་སྟོང་ཕྲག་གི་རིང་ལ་སངས་རྒྱས་ཀྱི་ཆོས་ཅིག་དར་ཁྱབ་བྱུང་ནས། དེ་འདྲ་བའི་སངས་རྒྱས་ཀྱི་ཆོས་དེ་དངོས་གནས་ཁུངས་སུ་ཡོད་པ་ཅིག་རེད་འདུག ག་རེ་རེད་ཟེར་བ་ཡིན་ན། ང་ཚོ་བོད་ལ་ཡོད་པའི་སངས་རྒྱས་ཀྱི་ཆོས་དེ་དང་པོ་རྒྱ་གར་ནས་བསྣམས་ཕེབས་ནས་བོད་ལ་བཙུགས་གནང་མཁན་དེ་མཁན་ཆེན་ཞི་བ་ཚོ་ཡིན་པ་རེད། མཁན་ཆེན་ཞི་བ་ཚོ་ནི་དཔལ་ན་ལན་ཌའི་མཁས་པའི་གཙུག་རྒྱན་གྱི་གྲས་སུ་ཆགས་བསྡད་ཡོད་པ་རེད། ཁོང་རང་ཉིད་ཀྱི་དབུ་མའི་ལྟ་གྲུབ་མིང་དོན་མཚུངས་པ་ཞིག་གནང་འདུག་ཨ། དེ་འདྲ་ཡིན་དུས་ན་ལན་ཌའི་མཁས་པའི་ནང་ནས་མཁས་པ་སྤྱི་འགྲོས་ཅིག་རེད་མི་འདུག ན་ལན་ཌའི་མཁས་པ་ནང་ནས་གྲུབ་མཐའ་གསར་པ་ཞིག་སོ་སོ་རང་ཉིད་ཀྱིས་སྲོལ་གཏོད་མཁན་ཞིག་ཆགས་བསྡད་ཡོད་པ་རེད། ལས་སླ་མོ་མ་རེད། ཁོ་རང་གིས་མཛད་པའི་གཞུང་མཐའ་དག་ང་ཚོས་མཇལ་རྒྱུ་ཡོད་པ་རེད། དབུ་མའི་རྒྱན། དེ་བཞིན་ཚད་མའི་གཞུང་ཧ་ལས་པ་ཡོད་པ་རེད། དེ་ཚོ་ལ་བལྟས་པ་ཡིན་ན་མཁས་པའི་དབང་པོ་ཡིན་པ་དེ་ཧ་ཅང་བསལ་པོ་རེད། དེ་བཞིན་དུ་སློབ་དཔོན་བཀའ་དྲིན་ཅན་པདྨ་འབྱུང་གནས་དུས་ཅིག་ཏུ་བོད་པ་ཕེབས་ནས། མཁན་ཆེན་ཞི་བ་ཚོས་འདུལ་བའི་བསླབ་ཁྲིམས་གནང་ཡ་ནས་བཟུང་སྟེ་སློབ་གཉེར་སྤྲོད་ཡ་དེ་ཚོའི་འགན་གཙོ་བོ་བཞེས། དེའི་འགལ་རྐྱེན་མི་མཐུན་པའི་ཕྱོགས་སེལ་ཡ་དེ་སློབ་དཔོན་ཐུགས་རྗེ་ཅན་གྱིས་འགན་གཙོ་བོ་བཞེས། དེ་དང་ཆབས་ཅིག་མངའ་བདག་ཁྲི་སྲོང་ཚང་འཁོར་ལྷ་བའི་མེ་ཏོག་ཁྲི་སྲོང་སྡེའུ་བཙན་གྱིས་ཚུན་པའི་གནད་སྟོན་གྱི་སློབ་མ་དབང་པོ་ཤིན་ཏུ་རྣོ་པོ་དང་དབང་པོ་ཡ་རབས་བསོད་ནམས་ཀྱི་ཐུགས་ཡོངས་སུ་སྨིན་པའི་གདུལ་བྱ་ཉུང་ཤས་ལ་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་འཁོར་དེ་འདྲ་བསྐོར། གང་ལྟར་དེའི་སྦྱིན་བདག་དང་མཐུན་རྐྱེན་གནང་མཁན་དང་གདན་ཞུ་གནང་མཁན་ནི་ཆོས་རྒྱལ་ཁྲི་སྲོང་སྡེའུ་བཙན་ཆགས་བསྡད་ཡོད་པ་རེད། ང་རང་ཚོ་བོད་པ་ཚང་མའི་ཁ་རྒྱུན་དུ་མཁན་སློབ་ཆོས་གསུམ་ཟེར་བ་དེ་རེད། མཁན་ཟེར་དུས་མཁན་ཆེན་ཞི་བ་ཚོ་དང་། སློབ་ཟེར་དུས་སློབ་དཔོན་པདྨ་འབྱུང་གནས། ཆོས་ཟེར་དུས་ཆོས་རྒྱལ་ཁྲི་སྲོང་སྡེའུ་བཙན་བཅས་དེ་ཚོ་དུས་རབས་བརྒྱད་པའི་སྐབས་སུ་བྱུང་བ་རེད།

བོད་གངས་ཅན་གྱི་ལྗོངས་སུ་སངས་རྒྱས་ཀྱི་ཆོས་དེ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་ཆོས་ཅིག་ཆགས་བསྡད་ཡོད་པ་རེད། དེར་ཁུངས་བཙན་པ་དཔལ་ན་ལན་ཌ་ནས་ཕེབས་པའི་ཡོངས་གྲགས་རྩོད་མེད་ཀྱི་མཁས་པ་ཆེན་པོ་ལྟ་བའི་ཆ་ནས་དབུ་མ་པ། དེ་བཞིན་ཚད་མ་ལ་མཁས་པ། འོ་དེ་འདྲ་སློབ་དཔོན་བཀའ་དྲིན་ཅན་མཁན་ཆེན་ཞི་བ་ཚོ་གཙོ་བོ་ཆགས་བསྡད་ཡོད་པ་རེད། དེ་འདྲ་ནི་ཆོས་ཉིད་རེད། དགེ་རྒན་ཁོ་རང་ཚད་མའི་གཞུ་ལ་སྦྱང་། གཞུང་ལ་ཧ་ཅང་གི་མཁས་པ་ཆགས་བསྡད་པ་ཞིག་ཡིན་དུས། དགེ་རྒན་དེས་བཙུགས་པའི་དགེ་ཕྲུག་ཚོས་འཇོན་རུང་མ་འཇོན་རུང་། གང་ལྟར་དགེ་རྒན་ཚོས་ལམ་སྟོན་གནང་ཡོད་པ་དེའི་རྗེས་སུ་འགྲོ་དགོས་ཀྱི་ཡོད་དུས། ཧ་ལམ་ལོ་ངོ་སྟོང་ཕྲག་ཙམ་གྱི་རིང་ལ། བོད་གངས་ཅན་གྱི་ལྗོངས་སུ་སྔ་འགྱུར་ཡིན་ན་རེད། ཕྱིས་སུ་བཀའ་བརྒྱུད་དང་ས་སྐྱ་བཀའ་བདམས་དེ་བཞིན་དགེ་ལྡན་དང་ཇོ་ནང་བཅས་པ་ཚང་མས་མཁན་ཆེན་ཞི་བ་ཚོར་གཞིར་བཞག་རང་བྱས་ནས། གཞུང་ཆེན་སྦྱང་ཡ་དེ་འདྲ་གང་ལྟར་ལོ་༢༠ནས་༣༠དེ་འདྲར་དཔེ་ཆར་བལྟས། དེའི་རྩ་བ་བློ་ལ་ཟིན། གཙོ་བོ་རྒྱ་གཞུང་གི་འབྲེལ་པ་དེ་ཚོ་ཚིག་རེ་རེ་བཞིན་འགྲེལ་བཤད་བྱེད། དེ་ཚད་མའི་རིག་ལམ་ལ་བརྟེན་ནས་བརྡར་ཤ་བཅད། དེ་འདྲའི་ཐོག་ནས་གཞུང་ཆེན་ཁྲིད་རྒྱུའི་སྲོལ་དེ་འདྲ་ཞིག་གཏོད་པ་རེད། དུས་ད་ལྟ་བར་དུ་དེ་གནས་ཡོད་པ་རེད། དེ་འདྲ་ཡིན་དུས་དེ་རིང་ཁ་སང་འཛམ་བུ་གླིང་འདིའི་སྒང་ལ་སངས་རྒྱས་ཀྱི་ཆོས་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ། དེ་ཡང་ཕྱོགས་ཕྱོགས་སུ་མ་ཡིན་པ། གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་དཔྱིས་ཕྱིན་པའི་གཏན་ལ་ཕབ་ནས་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་དེ་འདྲ་བ་ནི་བོད་གངས་ཅན་གྱི་ཆོས་རྒྱུད་དེ་གཅིག་པོ་མ་གཏོགས་ཧ་ལམ་མི་འདུག་ཨ། འབར་མ། ཤྲིར་ལངྐ། ཐའེ་ལན། ཀམ་བྷོ་དྷི་ཡ། དེ་ཚོ་གྲས་ནི་གཙོ་བོ་པཱ་ལིས་ཀྱི་གཞུང་ལ་བརྟེན་ཡོད་པ་རེད། ཧ་ལས་པའི་འདུལ་བའི་ཉམས་ཞིབ་དེ་ཚོ་ཡག་པོ་བྱེད་དྲག་རེད་འདུག ང་ཚོ་བོད་པའི་དཔེ་ཆ་ནང་ལ་ཆགས་བཞག་པ་ཡིན་ན། མངོན་པ་མཛོེད་ནང་ལ་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་དེ་ཚོའི་གྲས་དེ་ཧ་ཅང་གི་ཞིབ་ཚགས་པོ་དང་སྤུས་དག་པོ་རེད་འདུག ཡིན་ནའང་ཚད་མ་སྡེ་བདུན་སོགས་ཀྱི་ཚད་མའི་གཞུང་དེ་རིགས་ཡོད་པ་མ་རེད། ཐེག་ཆེན་གྱི་གཞུང་དེ་ཚོ་ཡོད་པ་མ་རེད། དེ་བཞིན་དུ་རྒྱ་ནག་བརྒྱུད་ནས་ཝེ་ཊི་ནམ། ཀོ་རི་ཡ། འཇར་པན་དེ་ཚོའི་ནང་ལ་ཤེར་ཕྱིན་གྱི་གཞུང་དེ་དག་གཙོ་བོར་བྱས་ཏེ་ཐེག་ཆེན་གྱི་ཆོས་རྒྱུད་དེ་ཚོ་ཡོད་པ་རེད། ཡིན་འང་ཕལ་ཆེར་ཚད་མའི་གཞུང་དེ་ཞེ་དྲག་རྒྱ་ཆེན་པོ་ཞིག་ཡོད་ས་མ་རེད། དབུ་མའི་གཞུང་ལ་ཆ་བཞག་ན། ཕལ་ཆེར་ཞིབ་ཚགས་པའི་ཐོག་ལ་དཔྱད་པ་གནང་ནས་སློབ་དཔོན་ཀླུ་སྒྲུབ་ཀྱི་དགོངས་པ་གཏན་ལ་ཕབ་པའི་གཞུང་དེ་ཟླ་བ་གྲགས་པའི་ཚིག་གསལ་རེད། ཚིག་གསལ་ཕལ་ཆེར་ད་ལྟ་རྒྱ་ཡིག་གི་ནང་ལ་བསྒྱུར་མེད་པའི་སྐད་ཆ་འདུག རིམ་པས་རྒྱ་ཡིག་གི་ནང་ལ་བསྒྱུར་ཐུབ་རྒྱུའི་འབད་བརྩོན་ང་ཚོས་འདིར་བྱེད་བཞིན་ཡོད། དེ་ཞེ་དྲག་གལ་ཆེན་པོ་རེད། མགོན་པོ་ཀླུ་སྒྲུབ་ཀྱི་ལྟ་བ་འགྲེལ་མཁན་གྱི་རྒྱ་གར་མཁས་པའི་གཞུང་ནང་གི་གཞུང་གི་གཙོ་བོ་གཅིག་དེ་ཚིག་གསལ་རེད། དེ་འདྲ་ཡིན་དུས་སྔོན་ལ་གཞུང་ཁོ་རང་བསྒྱུར་མེད་པ་ཡིན་དུས། སློབ་གཉེར་བྱེད་པའི་གོ་སྐབས་ཡོད་པ་མ་རེད། དེ་བཞིན་དུ་སྡེ་སྣོད་མདོ་དང་བཅས་པ་དེ་ཚོ་ཕལ་ཆེར་ཡོད་ས་མ་རེད། དེ་འདྲ་ཡིན་དུས། བོད་གངས་ཅན་གྱི་གཞུང་ལ་དེ་དག་ཡོད་པ་རེད། དཔེ་ཆ་གླེགས་བམ་ཕར་བཞག་པ་ཙམ་དུ་མ་ཟད། ལོ་ནས་ལོ་མཐུད་ནས་སློབ་གཉེར་རྒྱག་པའི་སྲོལ་རྒྱུན་ད་ལྟ་བར་དུ་གནས་པ་རེད། དེ་དག་ཁྱད་ཆོས་ཤིག་རེད། དེ་བཞིན་དུ་གསང་སྔགས་ཀྱི་ཆོས་འཁོར་ལ་ཆ་བཞག་ན། རྒྱ་ནག་བརྒྱུད་ནས་ཉི་ཧོང་སོགས་ཡུལ་གྲུ་ཁག་དེ་ཚོའི་ནང་ལ་གསང་སྔགས་ཀྱི་ཆོས་འཁོར་ཡོད་པ་རེད། ཚང་མས་གསང་སྔགས་ཀྱི་ཆོས་འཁོར་ཉམས་ཞིབ་མ་གནང་མཁན་ཡོད་པ་རེད་ལ། ཉམས་ཞིབ་གནང་མཁན་ཡང་འདུག ཡིན་ནའང་དེ་ཚོའི་གྲས་མང་ཆེ་བས་ཕལ་ཆེར་བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་རྒྱུད་དེ་དག་གཙོ་བོ་རེད་འདུག སྔགས་བླ་མའི་སྐོར་དེ་ཚོ་ཕལ་ཆེར་ཡོད་ས་མ་རེད། གང་ལྟར་བོད་གངས་ཅན་ལྗོངས་སུ་དེ་ཚོ་བཞི་ག་ཡོད་པ་ཞིག་རེད།

སློབ་གཉེར་ལ་ཆགས་བཞག་པ་ཡིན་ན་ཕ་ཆེར་བོད་པ་དྲག་ཤོས་རེད། ང་ཚོ་རང་དབང་ལུང་པར་ཆགས་བཞག་ན་བོད་མི་བཙན་བྱོལ་བ་ཚོ་སློིབ་གཉེར་ཡག་ཤོས་རེད། ཧི་མ་ལའི་རི་བརྒྱུད་དང་སོག་པོ་ཕྱི་ནང་གི་གྲྭ་རྒྱུན་དེ་ཚོ་གཙོ་བོ་སོག་པོ་ཕྱི་སོག་རེད། ཁལ་མིག་དེ་ཚོའི་ནང་ལ་རྒྱ་གར་ནང་སློབ་གཉེར་རྒྱག་ནས་བསྡད་པ་དེ་འདྲ་ཡོད་པ་རེད། དེ་འདྲ་ཡིན་དུས་ང་ཚོ་བོད་མི་བཙན་བྱོལ་བ་ཆགས་བསྡད་ཡོད་པ་རེད་དེ། འོན་ཀྱང་དཔལ་ན་ལན་ཌའི་སངས་རྒྱས་ཀྱི་ཆོས་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བ། དེ་ཚོ་བཤད་སྒྲུབ་ཟུང་དུ་འབྲེལ་བའི་ཐོག་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་ཡ་དེ་ཕ་ཆེར་ང་ཚོ་བོད་མི་བཙན་བྱོལ་བ་དེ་ཚོ་དྲག་ཤོས་རེད་འདུག ངས་དེ་ག་ཙམ་གྱིས་འུར་བཤད་པ་དེ་འདྲ་མ་རེད། པན་ཆེན་བློ་བཟང་ཆོས་རྒྱན་གྱིས་ཁོ་རང་བོད་ཀྱི་ས་ཆ་ཡར་མར་མང་པོ་ཕེབས་དུས་རྒྱལ་ཁམས་པ་ཟེར་གྱི་འདུག་ཨ། ང་ཡང་ཕ་ཆེར་རྒྱལ་ཁམས་པ་ཆགས་བསྡད་ཡོད་པ་རེད། འཛམ་བུ་གླིང་ཡར་ཙམ་དེར་ཕྱིན་མར་ཙམ་དེར་ཕྱིན། ང་ཡང་དངུལ་འབེལ་དྲག་ནས་འགྲོ་འགྲོ་འབེལ་པོ་བྱས་ནས་ཕྱིན་པ་དེ་འདྲ་མ་རེད། མིས་ཤོག་ཟེར། འགྲོ་སོང་ཁོ་རང་ཚོས་བཏང་ནས་ཤོག་ཟེར་ལབ་དུས་འགྲོ་སོང་ཡང་གཏོང་མི་དགོས་པ་དང་། ཤོག་ཟེར་དུས་མ་འགྲོ་ན་ལྐུག་པ་ཟོལ་འདྲ་པོ་མ་རེད་དམ། ཤོག་ཟེར་ནས་བྱམས་པོ་བྱེད་དུས་འགྲོ་ན་ཡག་གི་རེད། རེད་དམ་མ་རེད། དེ་འདྲ་ཡིན་དུས་འཛམ་བུ་གླིང་གང་སར་ངོ་ཤེས་པ་དེ་འདྲ་མང་པོ་ཡོང་གི་ཡོད་པ་རེད། ནང་པའི་ཡུལ་གྲུ་དེ་ཚོར་ངོ་ཤེས་པ་མང་པོ་རེད། བསམ་པ་རྣམ་དག་བྱེད་ནས་གོ་བསྡུར་འདྲ་བྱེད། ང་ཚོར་མེད་པ་དེ་ཚོ་ཕར་སློབ་སྦྱོང་བྱེད་ཡ་དང་། ང་རང་ཚོ་བོད་ལ་ཡོད་པ་དེ་ཚོ་ཕར་འགྲེལ་བཤད་བྱེད་ཡ་དེ་འདྲ་ལོ་ནས་ལོ་གཏུད་དེ་ལོ་ལྔ་བཅུ་ཙམ་ཕྱིན་པ་རེད། ཉམས་མྱོང་ཕྱོགས་སྡོམ་འདྲ་བྱེད་ཡོང་དུས་སངས་རྒྱས་ཀྱི་ཆོས་དཔལ་ན་ལན་ཌའི་ཆོས་རྒྱུད་དྲི་མ་མེད་པ་དེ་འདྲ་བའི་སྤུས་དག་པོ་ཅིག་ང་ཚོ་བོད་པར་མ་གཏོགས་གཞན་ལ་མེད་པ་ལྟ་བུ་ཞིག་རེད། དེ་འདྲ་ཡིན་དུས་དེ་རིང་ང་ཚོས་ཆོས་བཤད་ཡ་དེ་བོད་ནང་གི་སངས་རྒྱས་ཀྱི་ཆོས་ཟེར་བ་དེ་དཔལ་ན་ལན་ཌའི་ཆོས་བརྒྱུད་དེ་འདྲ་ཞིག་ཆགས་བསྡད་ཡོད་པ་རེད་ཅེས་བཀའ་གནང་སོང་།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་སྒྲ་ཕབ་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།