བཙན་བྱོལ་བོད་མིའི་འབྱུང་འགྱུར་འཐབ་རྩོད་དང་འབྲེལ་བའི་ཚོགས་འདུ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ལོའི་ཟླ་༣པའི་ཚེས་༡ཉིན། འབྱུང་འགྱུར་མི་ལོ་༥༠ནང་བོད་དོན་འཐབ་རྩོད་དང་སྲི་ཞུའི་ལས་དོན་ཇི་ལྟར་གནང་ཕྱོགས་ཀྱི་དམིགས་ཡུལ་སོགས་གསལ་པོ་ངོས་འཛིན་ཡོང་ཐབས་སུ། ཉིན་གཉིས་རིང་གི་བགྲོ་གླེང་ཚོགས་ཆེན་ཞིག་བཙན་བྱོལ་བོད་གཞུང་གི་ལྟེ་གནས་བཞུགས་སྒར་དུ་འཚོགས་སོང་ལ། ཚོགས་ཆེན་ཐོག་བཙན་བྱོལ་བོད་གཞུང་གི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་གཞུང་ཞབས་སྲི་ཞུ་བ་༤༠༠ལྷག་འདུ་འཛོམས་བྱུང་ཡོད་པ་རེད།

ལྔ་བཅུ་དུས་དྲན་གོ་སྒྲིག་ཚོགས་ཆུང་གིས་བཙན་བྱོལ་བོད་གཞུང་བཀའ་དྲུང་ཡིག་ཚང་གི་ལམ་སྟོན་ལྟར། ཟླ་༢པའི་ཚེས་༢༦དང་༢༧ཉིན་གཉིས་རིང་དྷ་ས་ཁུལ་གྱི་སྲི་ཞུ་ལས་བྱེད་དང༌། ས་གནས་འགོ་འཛིན། དེ་བཞིན་རྒྱ་བལ་འབྲུག་གསུམ་གྱི་འབྲེལ་མཐུད་པ་ཡོངས་རྫོགས་བསྡུ་སྐོང་གནང་སྟེ། ༼ལོ་ལྔ་བཅུའི་ཉམས་མྱོང་གཞིར་བཟུང་འབྱུང་འགྱུར་ལོ་ལྔ་བཅུའི་མི་རིགས་ཀྱི་འཐབ་ཕྱོགས་ལས་དོན་བྱེད་ཕྱོགས་ཀྱི་འཆར་སྣང་སྐོར་བགྲོ་གླེང་༽ཞུ་བ་ཞིག་བཞུགས་སྒར་དྷ་སའི་དྷ་ཤོད་བོད་ཁྱིམ་ཚོགས་ཁང་དུ་བཀོད་སྒྲིག་གནང་ཡོད་ཅིང༌། ཚོགས་འདུའི་ཉིན་དང་པོར་ཚོགས་བཅར་བ་རྣམས་ཚན་ཆུང་ཁག་བགོས་བྱས་ཏེ་འབྱུང་འགྱུར་གྱི་ལོ་ལྔ་བཅུའི་ནང་བཙན་བྱོལ་བོད་མིའི་ཤེས་ཡོན་སློབ་གསོ་དང༌། ཆོས་རིག འཕྲོད་བསྟེན། ཆབ་སྲིད་ལས་དོན་དང་སྤྱི་ཚོགས་དཔལ་འབྱོར་གྱི་ལམ་ལུགས་ཇི་ལྟར་ཡར་རྒྱས་དང་སྲ་བརྟན་དུ་གཏོང་ཕྱོགས་ཐད་ལ་བགྲོ་གླེང་གོ་བསྡུར་གནང་ཡོད་པ་དང༌། ཉིན་གཉིས་པར་ཚན་ཆུང་ཁག་གི་བསམ་ཚུལ་རྣམས་ཕྱོགས་བསྡོམས་ཀྱིས་གྲོས་ཆོད་བཞག་ཡོད་པ་མ་ཟད། བགྲོ་གླེང་ཚོགས་འདུའི་གྲོས་གཞིའི་ཐད་ལ་བཀའ་བློན་ཁྲི་པས་ཞུ་སྐུལ་ཞིག་ཀྱང་གནང་ཡོད་འདུག

བགྲོ་གླེང་ཚོགས་ཆེན་ཐོག་བཀའ་ཁྲི་མཆོག་གིས་བཀའ་ཕེབས་དོན། དེ་རིང་ང་ཚོ་འདིར་འཛོམས་ཡ་དེ་གཙོ་ཆེ་ཤོས་ཤིག་འདས་པའི་ལོ་ལྔ་བཅུའི་སྐྱིད་སྡུག་ལ་བསྐྱར་ཞིབ་དང༌། དེའི་ཉམས་མྱོང་གཞིར་བཟུང་ནས་འབྱུང་འགྱུར་ལོ་ལྔ་བཅུའི་རིང་ལ་ལས་དོན་བྱེད་ཕྱོགས་ཀྱི་ཐབས་ལམ་བཙལ་རྒྱུའི་ཆེད་དུ་སྲིད་ཞུ་བའི་ཚོགས་ཆེན་འདི་སྐོང་གནང་བ་རེད། ད་རེའི་ཚོགས་འདུ་འདིའི་ཐོག་ནས་འབྱུང་འགྱུར་ལོ་ལྔ་བཅུའི་ལམ་ཀ་དེ་སྲ་འཐས་ཀར་མཐོང་ཐུབ་པ་ཞིག་བྱུང་བ་ཡིན་ན་ཚོགས་འདུ་ཚོགས་པའི་དགོས་མཁོ་བྱུང་བ་རེད། ཅེས་གསུངས་ཡོད་འདུག

བཀའ་ཁྲི་མཆོག་གི་ཞུ་སྐུལ་ནང༌། མཁྱེན་གསལ་ལྟར་འདས་ལོ་ལྔ་བཅུའི་ནང་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ལེགས་ཉེས་ཀྱི་གནས་ཚུལ་ཅི་བྱུང་རྣམས་རྒྱུ་མེད་རང་བྱུང་ལྟ་བུ་མ་ཡིན་པར་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་དང་ལས་གཞི་ཁག་ལས་བྱུང་བ་ཤས་ཆེ་བ་དང༌། དེ་ཡང་༧གོང་ས་མཆོག་གི་རླབས་ཆེན་གྱི་དགོངས་གཞི་དང་མཛད་བྱུས་ཅི་འདྲ་ཡོད་རུང༌། དངོས་སུ་ལག་བསྟར་བྱུང་མིན་ནི་སྲི་ཞུ་ལས་བྱེད་པ་ཁོ་ནར་རག་ལུས་ཡོད་སྟབས། འདས་ལོ་ལྔ་བཅུའི་གྲུབ་འབྲས་དང་འཐུས་ཤོར་ཅི་བྱུང་གི་འགན་འཁུར་སྲི་ཞུ་ལས་བྱེད་པར་ཡོད་པའི་དངོས་དོན་གྱི་གནས་ཚུལ་འདི་ནི་གཡོལ་ཐབས་མེད་པ་ཞིག་ཡིན་པས་གྲུབ་འབྲས་ལ་དགའ་སྒོམ་བྱ་རྒྱུའི་སྔོན་དུ་འཐུས་ཤོར་ལ་འགན་ལེན་ངེས་པར་དུ་བྱ་དགོས། དེ་ནི་བྱུང་རབས་ལ་འཁྲི་བའི་ལས་འགན་ཞིག་ཀྱང་ཡིན། འདས་པའི་གནས་ཚུལ་ཙམ་དུ་མ་ཟད། འབྱུང་འགྱུར་ཡང་བཙན་བྱོལ་བོད་མིའི་ལས་དབང་གི་ཁ་ཕྱོགས་ཅི་འདྲ་ཞིག་ཏུ་འགྲོ་མིན་བརྒྱ་ཆ་མང་ཤོས་བཙན་བྱོལ་བོད་གཞུང་གི་སྲི་ཞུ་བར་རག་ལུས་ཡོད། གནས་ཚུལ་འདི་ལ་ཐུགས་བསམ་གཏིང་ཟབ་བཞེས་པ་ཡིན་ན། བཟོད་པར་དཀའ་བའི་འགན་འཁྲི་ཤིན་ཏུ་ལྕི་བ་ཞིག་ཡོད་པ་དང་ཆབས་ཅིག་བྱུང་རབས་ཀྱི་དོན་སྙིང་ལྡན་པའི་གོ་སྐབས་རླབས་ཆེན་ཞིག་ཀྱང་ཡོད་པ་མཁྱེན་ཐུབ། རྒྱུ་མཚན་དེ་དག་ལ་བརྟེན་བཙན་བྱོལ་བོད་གཞུང་གི་སྲི་ཞུ་བ་རྣམས་ནི་རྒྱལ་ཁབ་དང་སྒྲིག་འཛུགས་གཞན་གྱི་ལས་བྱེད་དང་གཏན་ནས་མི་འདྲ་བར་རླབས་ཆེན་གྱི་མི་རིགས་ཤིག་གི་ཕུགས་འདུན་ཁ་ལོ་བསྒྱུར་མཁན་ཞིག་ཡིན། ཞེས་བཀོད་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༠༡༢༠༡༠༡༧༤༩
སྐབས་རྗེས་མའི་སྤྱི་མཐུས་དང་བཀའ་ཁྲི།



བརྗོད་གཞི་གཞན་ཁག་ལ་གཟིགས།