༧གོང་ས་མཆོག་ཕྱིར་བཞུགས་སྒར་དུ་ཕེབས་བྱུང༌།
ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༢ཚེས་༢༧ཉིན། དེ་རིང་ཞོགས་པར་ཆུ་ཚོད་༡༡ཙམ་གྱི་གཡས་གཡོན་དུ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རི་དུ་ཉིན་གྲངས་༡༠ཙམ་གྱི་མཛད་རྗེས་དེ་ཡོངས་སུ་ལེགས་གྲུབ་ཐོག་ཕྱིར་བཞུགས་སྒར་དུ་ཞབས་སོ་འཁོད་ཡོད་པ་རེད།
སྐབས་དེར་རྒྱ་གར་ཧི་མ་ཅལ་མངའ་སྡེའི་རྐང་ར་རྫོང་ཁོངས་སུ་ཡོད་པའི་རྒལ་རྒལ་གནམ་ཐང་དུ། བཙན་བྱོལ་བོད་གཞུང་གི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམས་པ་དང༌། དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང༌། བུད་མེད་ལྷན་ཚོགས། དགུ་བཅུ་གསུམ་ལས་འགུལ་ཚོགས་པ་སོགས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ཕེབས་བསུར་བཅར་ཡོད་པ་རེད།
ཐེངས་འདིར་བཙན་བྱོལ་བོད་གཞུང་མང་གཉིས་ཀྱིས་དམིགས་བསལ་ལམ་ཁར་སྒོ་ཆེན་འཛུགས་པ་དང༌། བསང་བཏང་བ་སོགས་ལམ་གྱི་གཡས་གཡོན་དུ་བོད་མི་སེར་སྐྱ་ཁྲི་ཚོ་ལས་བརྒལ་བས་ལག་ཏུ་བདུག་སྤོས་དང༌། དར་དཀར། མེ་ཏོག་སོགས་བཟུང་ནས་ཕེབས་བསུ་ཞུས་སོང༌།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།