༧རྒྱལ་དབང་སྐྲུ་ཕྲེང་༡༣པའི་མཛད་རྗེས་བགྲོ་གླེང༌།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༢ཚེས་༢༧ཉིན། ཕྱི་ཚེས་༢༥ཉིན་གྱི་ཕྱི་དྲོ་གངས་ཅན་སྤྱི་ཐབ་ཀྱི་ཚོགས་ཁང་དུ་རྒྱལ་དབང་སྐུ་ཕྲེང་༡༣པའི་སྐུ་ཚེའི་ལོ་རྒྱུས་སམ། མཛད་རྗེས་སྐོར་བགྲོ་གླེང་ཞིག་ཚོགས་སོང༌། སྐབས་དེར་བགྲོ་གླེང་གནང་མཁན་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་སྤྲུལ་སྐུ་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག་དང༌། བོད་མི་མང་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་ལགས། དེ་བཞིན་མཁས་དབང་ནཱ་ག་སངས་རྒྱས་བསྟན་དར་བཅས་གདན་འདྲེན་ཞུས་འདུག

སྐབས་དེར་མཁས་དབང་ནཱ་ག་སངས་རྒྱས་བསྟན་དར་ལགས་ཀྱིས་གཏམ་བཤད་གནང་དོན། ཐོག་མར་སྐྱབས་མགོན་རིན་པོ་ཆེ་སྐུ་ཕྲེང་༡༣པ་ཆེན་པོ་མཆོག་ནི་ཕྱི་ལོ་༡༨༧༩ལོར་སྐུ་འཁྲུངས་པ་རེད། ཕྱི་ལོ་༡༩༣༣ལོར་དགོངས་པ་རྫོགས་པ་རེད། དེ་འདྲ་ཡིན་དུས་སྐྱབས་མགོན་རིན་པོ་ཆེ་མཆོག་དགོངས་ལོ་༥༧རིང་སྐུ་འཚོ་བཞུགས་གནང་བའི་རིང༌། བོད་ཀྱི་བསྟན་སྲིད་དང་འབྲེལ་བའི་ཐོག་ལ་མཛད་འཕྲིན་མང་པོ་ཞིག་བསྐྱངས་ཡོད་པའི་ནང་ནས། གཅིག་ནི་རྒྱ་གར་དུ་ཆིབས་བསྒྱུར་བསྐྱངས་བ་དེ་ཆགས་ཡོད་པ་རེད། དེ་འདྲ་ཡིན་དུས་དེ་རིང་ངའི་བརྗོད་གཞི་གཙོ་བོ་དེ་གང་ཉིད་རྒྱ་གར་དུ་ཆིབས་བསྒྱུར་བསྐྱངས་བའི་སྐོར་དེ་ཆགས་ཡོད་པ་རེད། རྒྱལ་བ་རིན་པོ་ཆེའི་ཆིབས་བསྒྱུར་ཐོག་ང་ཚོས་ཕྱོགས་མང་པོ་ཞིག་གི་ཐོག་ནས་བལྟས་པ་ཡིན་ན། སྐྱབས་མགོན་རིན་པོ་ཆེ་སྐྲུ་ཕྲེང་༡༤པའི་ཕྱི་ལོ་༡༩༥༩ལོའི་ཆིབས་བསྒྱུར་དང་ཧ་ཅང་གི་འདྲ་པོ་ཞིག་ཆགས་བསྡད་ཡོད་པ་རེད།

དེ་རིང་ངའི་བརྗོད་གཞི་དེའི་ཐོག་ནས་སྐར་མ་༡༥རིང་ལེའུ་ཚན་བཞིའི་ནང་བཤད་རྒྱུའི་ཐབས་ཤེས་བྱ་རྒྱུ་ཡིན།
དང་པོ། སྐྱབས་མགོན་རིན་པོ་ཆེ་རྒྱ་གར་ལ་རྒྱུ་མཚན་ག་རེ་བྱས་ནས་ཆིབས་བསྒྱུར་གནང་བ་རེད། དམིགས་ཡུལ་ག་རེ་ཡོད་པ་རེད་དེའི་ཐོག་ལ་རག་ཙམ་ཞུ་རྒྱུ་ཡིན།

གཉིས་པ། སྐབས་དེ་དུས་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་ཐོག་ལ་ཁྱིམ་མཚེས་རྒྱལ་ཁབ་སུ་གང་གིས་ཀྱང་རོགས་པ་མ་བྱས་པ་གཅིག་པོར་ལྷག་ཡོད་པའི་གནད་དོན་ཐོག་ལ་གསལ་བཤད་བྱ་རྒྱུའི་ཐབས་ཤེས་བྱ་རྒྱུ་ཡིན།

གསུམ་པ། སྤྱིར་བོད་ཀྱི་ལོ་རྒྱུས་དང་ལྷག་པར་དུ་རྒྱལ་བ་སྐུ་ཕྲེང་༡༣པའི་དུས་སྐབས་དེར་རྒྱ་ནག་གི་ལོ་རྒྱུས་ནང་ལ། རྒྱ་མིས་བྲིས་པའི་ལོ་རྒྱུས་ནང་བོད་ཀྱི་ཐོག་ལ་འཁྱོག་བཤད་འགའ་བྱས་པའི་ཚིག་ཁ་ཤས་ཞུ་རྒྱུའི་ཐབས་ཤེས་བྱ་རྒྱུ་ཡིན།

བཞི་པ། ཕྱི་ལོ་༡༩༡༡ལོར་རྒྱ་ནག་ནང་ལོག་ལ་ལྕག་ཕག་ས་བྱི་ཆེན་མོ་རྐྱེན་གྱིས་སྐྱབས་མགོན་རིན་པོ་ཆེ་ཕར་གདན་ཞུའི་ཐོག་ནས་ཆིབས་བསྒྱུར་གནང་ཐུབ་པ་བྱུང་ཡོད་པ་རེད། གོང་དུ་དོན་ཚན་དེ་བཞིའི་སྒང་ལ་མདོ་སྡུས་རེ་ཞུ་རྒྱུ་ཡིན།

ཐོག་མར་ཚང་མས་མཁྱེན་གསལ་རེད་ཕྱི་ལོ་༡༩༠༤ལོར་དབྱིན་ཇིའི་དམག་མིས་བོད་ལ་བཙན་འཛུལ་བྱས་པའི་གནས་ཚུལ་ཐོན་རྗེས་༧སྐྱབས་མགོན་རིན་པོ་ཆེ་སོག་ཡུལ་ལ་ཆིབས་བསྒྱུར་གནང་དགོས་བྱུང་བ་རེད། སོག་ཡུལ་དུ་ཆིབས་བསྒྱུར་གནང་བའི་ཞར་བྱུང་དུ་རྒྱ་ནག་གོང་མས་གདན་ཞུ་བྱས་པའི་དབང་གི་རྒྱ་ནག་དུ་ཆིབས་བསྒྱུར་གནང་བ་རེད་མ་གཏོགས། རྒྱ་ནག་ཏུ་ཕེབས་རྒྱུའི་ཐུགས་འདུན་དེ་འདྲ་ཡོད་ས་མ་རེད། གང་ལྟར་རྒྱ་ནག་གོང་མས་༧སྐྱབས་མགོན་རིན་པོ་ཆེ་གདན་ཞུ་གནང་བ་དང༌། ༧སྐྱབས་མགོན་རིན་པོ་ཆེ་རྒྱ་ནག་ཏུ་ཆིབས་བསྒྱུར་གནང་ནས་ཟླ་བ་༡༥ཙམ་རིང་ལ་རྒྱ་ནག་ཏུ་བཞུགས་པ་རེད། དེ་འདྲའི་གནས་སྐབས་ཅིག་ལ་༧སྐྱབས་མགོན་རིན་པོ་ཆེ་དང་མཉམ་དུ་རྒྱ་ནག་ལ་ཡོད་པའི་ཡོ་རོབ་ཀྱི་མི་སྣ་དང༌། དེ་བཞིན་ཨུ་རུ་སུའི་མི་སྣ་སོགས་མང་པོ་ཞིག་དང་མཇལ་འཕྲད་ཞུ་རྒྱུའི་གོ་སྐབས་བྱུང་ཡོད་པ་རེད་དེ། འོན་ཀྱང་ཆབ་སྲིད་ཀྱི་གནས་དོན་ཐོག་ལ་དེ་འདྲ་སྐད་ཆ་བྱེད་རྒྱུའི་གོ་སྐབས་བྱུང་མེད་པ་དེ་འདྲ་ཡིག་ཆའི་ནང་བསལ་འདུག ཞལ་པར་གྱི་ཐོག་ནས་ནང་ལུགས་སུ་འཆར་ཅན་གྱི་ཐོག་ནས་འཚམས་འདྲི་ཞུ་བ་ཙམ་མ་གཏོགས་ཆབ་སྲིད་ཀྱི་ཐོག་ནས་དམིགས་བསལ་གང་ཡང་བྱུང་མེད་པ་དེ་དབྱིན་ཇི་བ་ཚོས་དོ་སྣང་ཤུགས་ཆེན་པོ་བྱུང་ནས། སྐབས་དེའི་དུས་དབྱིན་ཇིའི་ལུའུ་ཌོན་དུབ་བབ་ (london times ) གསར་ཤོག་ཅིག་གི་ནང་ལ་༧སྐྱབས་མགོན་རིན་པོ་ཆེ་རྒྱ་ནག་ཕེབས་པ་དེ་༧སྐྱབས་མགོན་རིན་པོ་ཆེའི་ཆབ་སྲིད་ཀྱི་དབང་ཆ་དེ་མཇུག་སྒྲིལ་བ་ལྟ་བུ་ཞིག་ཆགས་ཡོད་རེད་ཅེས་དེ་འདྲ་བའི་གནས་ཚུལ་ཞིག་ཚགས་པར་ནང་བཀོད་པ་དེ་འདྲ་ཞིག་འདུག

ཡིན་ན་ཡང་དེ་ག་རང་༧སྐྱབས་མགོན་རིན་པོ་ཆེ་གང་ཉིད་ཀྱིས་འབྲེལ་བརྗོད་གནང་སྟངས་བྱས་པ་ཡིན་ན། ང་རྒྱ་ནག་ལ་ཡོང་དགོས་པའི་རྒྱུ་མཚན་དེ་ག་རེ་ཡིན་ཟེར་ན། སྐུ་ཕྲེང་ལྔ་པ་ཆེན་པོ་དང་སྐབས་དེ་དུས་མན་ཇུ་གཉིས་དབར་དཀའ་ངལ་འཕྲད་པའི་སྐབས་སུ་ཕན་ཚུན་གཅིག་གིས་གཅིག་ལ་རོགས་པ་བྱེད་རྒྱུའི་ཆོད་གན་བཞག་ཡོད་པ་རེད། དེ་འདྲའི་དབང་གིས་ང་རྒྱ་ནག་ལ་ཡོང་བ་ཡིན་ཞེས་༧སྐྱབས་མགོན་རིན་པོ་ཆེས་གསལ་བཤད་དེ་འདྲ་ཞིག་གནང་འདུག དེ་ནས་ང་ཚོས་ག་རེ་ཧ་གོ་ཡི་འདུག་ཟེར་ན། ༧སྐྱབས་མགོན་རིན་པོ་ཆེའི་དགོངས་པར་རྒྱ་ནག་ལ་ཕེབས་པ་དེ་འདྲ་མཉམ་གྱི་ཐོག་ནས་ཕེབས་པ་དང༌། རོགས་པ་བཙལ་བའི་ཆེད་དུ་མ་གཏོགས་གཅིག་དཔོན་པོ་དང་གཅིག་འབངས་ཡིན་པའི་འདུ་ཤེས་ཐོག་ནས་མ་ཡིན་པ་དེ་ག་རང་ནས་བསལ་པོ་ཞིག་རེད་འདུག ཟླ་བ་༡༥རྗེས་ལ་༧སྐྱབས་མགོན་རིན་པོ་ཆེ་རྒྱ་ནག་ནས་བོད་ལ་ཆིབས་བསྒྱུར་བསྐྱངས་བ་དང༌། དེའི་རྗེས་སུ་རྒྱ་མིའི་དམག་པོ་གྲའོ་ཕུང་ལ་བཀའ་བཏང་ནས། ཕྱི་ལོ་༡༩༡༠ལོའི་ཟླ་དང་པོའི་ནང་༧སྐྱབས་མགོན་རིན་པོ་ཆེའི་རྗེས་སུ་རྒྱ་དམག་ཁྲི་༡རྗེས་དེད་དུ་བཏང་ཡོད་པ་རེད། ཡིན་ན་ཡང་བསླུ་བ་མེད་པའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་དེའི་སྔོན་ནས་༧སྐྱབས་མགོན་རིན་པོ་ཆེ་སྐུ་ཁམས་བདེ་བཞུགས་ཐོག་ལྷ་སར་ཆིབས་བསྒྱུར་གྲུབ་པ་རེད། ཕྱི་ལོ་༡༩༡༠ལོ་གསར་ཚེས་༣ཉིན། རྒྱ་མིའི་ལུའུ་ཅུན་གྱི་དམག་མིས་སྔོན་འགྲོའི་ཚུལ་དུ་རྟ་དམག་སླེབས་ནས་༧སྐྱབས་མགོན་རིན་པོ་ཆེའི་བཞུགས་གནས་པོ་ཏཱ་ལ་ཚུན་ནས་བཙན་འཛུལ་བྱས་རྗེས། ༧སྐྱབས་མགོན་རིན་པོ་ཆེ་བཞུགས་བློས་མ་གཟོད་པར་ཕྱི་ལོ་༡༩༡༠ལོའི་བོད་ཚེས་༣ཕྱི་ཚེས་༡༢ཉིན་ཛ་དྲག་གི་༧སྐྱབས་མགོན་རིན་པོ་ཆེ་དང་སྐུ་འཁོར་དང་བཅས་པ་ནོར་བུ་གླིང་ནས་ཆིབས་ཁ་བསྒྱུར་ཏེ། སྣ་ཀ་རྩེ་བརྒྱུད་རྒྱ་གར་ཕྱོགས་སུ་ཕེབས་རྒྱུ་བྱས་པ་རེད། དེའི་ཞོགས་པར་ལོ་གསར་ཚེས་༤ཉིན་༧སྐྱབས་མགོན་རིན་པོ་ཆེ་བཙན་བྱོལ་དུ་ཕེབས་པ་རྒྱ་མིས་ཤེས་དུས། མལ་ཡུལ་དུ་ཡོད་པའི་རྒྱ་མི་མན་ཇུའི་དཔོན་པོ་ཚོ་ཚོགས་འདུ་ཚོགས་ནས་གང་ལྟར་ཡང་༧སྐྱབས་མགོན་རིན་པོ་ཆེ་གསོན་པོར་བཟུང་དགོས་ཀྱི་ཡོད་ཟེར་ནས། རྒྱ་དམག་རྗེས་དེད་གཏོང་བཅུགས་པ་རེད། ཡིན་ན་ཡང་སྐབས་དེ་དུས་༧སྐྱབས་མགོན་རིན་པོ་ཆེ་ལྕག་ཟམ་དགོན་པར་བཞུགས་གནང་ཡོད་པའི་སྐབས་སུ། རྒྱ་དམག་ཆུ་ཤུལ་དུ་སླེབས་ཡོད་པ་དེ་གནས་ཚུལ་ཁེ་ཚར་པོ་ཡིན་དུས་གསང་སྡིང་དུ་ཕེབས་གྲུབ་པ་རེད། དེར་ཕེབས་གྲུབ་པའི་རྗེས་སུ་ལྕག་ཟམ་གྱི་གྲུ་ཁར་དེར་སྤྱན་བསལ་གནམ་གང་གིས་དབུ་ཁྲིད་པའི་སྐབས་དེ་དུས་ཀྱི་བོད་གཞུང་གི་དམག་མི་དང་གཞུང་ཞབས་༢༠ཙམ་ཞིག་གིས་ཟམ་པ་ཚུར་འཐེན་ནས་ཉིན་གཉིས་རིང་རྒྱ་དམག་ཡོང་མ་ཐུབ་པ་བཟོས་པ་རེད། དེས་དབང་གི་༧སྐྱབས་མགོན་རིན་པོ་ཆེའི་སྐུ་འཁོར་རྣམས་བདེ་བླག་ངང་རྒྱ་གར་དུ་ཚུར་ཕེབས་ཐུབ་པ་བྱུང་ཡོད་རེད། དེ་ནས་བཟུང་སྟེ་ལྕག་ཟམ་གྱི་དཔའ་བོ་ཞེས་པའི་མཚན་ཐོག་པ་རེད། གསང་སྡིང་དགོན་པ་ནས་སྐྱབས་མགོན་རིན་པོ་ཆེ་མ་ཕེབས་པའི་གོང་ལ། རྒྱ་རྩེར་ཡོད་པའི་དབྱིན་ཇའི་འབྲེལ་ཡོད་མི་སྣར་གལ་སྲིད་ང་རྒྱ་གར་ཡོང་དགོས་བྱུང་སོང་ན། རྒྱ་གར་ལ་ཡོང་ཆོག་པའི་རྒྱ་གར་དབྱིན་གཞུང་ལ་གནས་ཚུལ་ཞུ་རོགས་གྱིས་ཞེས་བཀའ་གནང་ཡོད་པ་རེད། གནས་ཚུལ་དེའི་ནང་ལ་ང་ཚོས་ག་རེ་ཤེས་ཀྱི་ཡོད་པ་རེད་ཟེར་ན། ཕ་ཆེར་༧སྐྱབས་མགོན་རིན་པོ་ཆེར་ཐོག་མར་རྒྱ་གར་ལ་ཤར་རྒྱག་ཕེབས་རྒྱུའི་དགོངས་པ་མེད་ནས་གྲོ་མོའི་མཚམས་སུ་ཕེབས། གྲོ་མོར་ཕེབས་ཚར་བའི་རྗེས་སུ་གནས་ཚུལ་དེ་རྒྱ་ནག་མན་ཇུ་གཞུང་དང་འབྲེལ་བ་བྱེད་ནས། གལ་སྲིད་མན་ཇུ་གཞུང་གི་བཀའ་གཏོང་ནས་བོད་ལ་ཡོད་པའི་རྒྱ་དམག་དེ་ཚོ་ཕྱིར་འཐེན་བྱེད་ནས་བཀའ་མོལ་གནང་རྒྱུའི་དགོངས་པ་དེ་འདྲ་ཡོད་ས་རེད། འོན་ཀྱང་རྒྱ་ནག་མན་ཇུའི་གཞུང་ནས་ཡ་ལན་མེད་པ་ཡིན་དུས་རྒྱ་གར་ཚུར་ཕེབས་པ་རེད། ང་ཚོས་འདི་ནས་ས་ཆའི་གནས་བབ་ལ་བལྟས་པ་ཡིན་ན། ཕག་རི་དང་གྲོ་མོའི་བརྒྱུད་ཁེལ་གྱི་ཡོད་པ་འདྲ། སྐབས་དེ་དུས་སྔོན་ནས་རྒྱ་མིའི་དམག་མི་གང་འཚམ་ཞིག་ཡོད་ས་རེད། འོན་ཀྱང་གྲོ་མོའི་མི་མང་དང་ཕག་རིའི་མི་མང་གི་དམིགས་བསལ་གྱི་སྐུ་སྲུང་ཆེད་འགན་ཁུར་ཆེན་པོ་གནང་ནས། ལྷག་པར་དུ་ཉིན་གཉིས་ཀྱི་སྔོན་དུ་མི་མང་ཚོས་གྲོ་མོར་ཡོད་པའི་རྒྱ་དམག་ལ་བརྡ་ཐོ་བཏང་ནས། སང་ཉིན་༧སྐྱབས་མགོན་རིན་པོ་ཆེ་ཆིབས་བསྒྱུར་གནང་བའི་སྐབས་སུ་རྒྱ་མི་གཅིག་ཕྱི་ལོགས་སུ་དོན་རྒྱུར་ཕར་བཞག་སྒོ་དང་སྒེའུ་ཁུང་ནས་སོ་ཉུར་བྱས་པ་ཡིན་ན། རྒྱ་མི་གཅིག་ཀྱང་མེད་པ་རྩ་མེད་བཟོ་རྒྱུ་ཡིན་ཞེས་དེ་འདྲའི་རྩ་ཚིག་བཏང་བའི་རྐྱེན་གྱིས་༧སྐྱབས་མགོན་རིན་པོ་ཆེར་སྐུ་ངལ་གང་ཡང་མ་འཕྲད་པའི་ཐོག་ནས་ཆིབས་བསྒྱུར་གནང་ཐུབ་པ་བྱུང་བ་རེད། དེ་ནས་རྒྱ་གར་གཞུང་ལ་༧སྐྱབས་མགོན་རིན་པོ་ཆེ་མ་ཕེབས་པའི་གོང་ལ་ཞུ་ཡིག་ཅིག་ཕུལ་བ་རེད། ཞུ་ཡིག་དེའི་ནང་ལ་རྒྱུ་མཚན་ག་རེའི་ཐོག་ནས་ཕེབས་པ་ཡིན་པ་སོགས་གནས་ཚུལ་ཞིབ་ཕྲ་བཀོད་ཡོད་པ་རེད། སྤྱི་སྟངས་༧སྐྱབས་མགོན་རིན་པོ་ཆེ་རྒྱུ་མཚན་ག་རེའི་ཐོག་ནས་ཕེབས་པ་རེད་བསལ་པོ་རེད། དེའི་ནང་རྒྱ་མིས་བོད་ལ་དམག་མི་ཕོན་ཆེན་བཏང་ནས་དཀའ་ངལ་ཆེན་པོ་ཞིག་སྐྲོད་ཀྱི་འདུག དེ་འདྲ་ཡིན་དུས་བོད་ལ་མུ་མཐུད་ནས་སྡོད་གཟོད་བདེ་བ་ཞིག་མི་འདུག  བར་ལམ་ང་ཚོའི་འགྲུལ་བཞུད་སྐབས་ལ་དབྱིན་ཇའི་རོགས་རམ་ཆེན་པོ་གནང་བྱུང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གནས་ཚུལ་གཞན་རྣམས་རྒྱ་གར་ལ་སླེབས་རྗེས་ཞུ་རྒྱུ་ཡིན། ལྷག་པར་དུ་དབྱིན་ཇིའི་ཐེངས་འདིའི་གནས་ཚུལ་བརྟེན་ནས་ཕྱི་ལོ་༡༩༠༤ལོར་ང་ཚོར་བཙན་འཛུལ་བྱས་ན་དགྲར་ཆགས་ཡོད་པ་རེད་དེ། ད་རས་ང་ཚོ་གྲོགས་པོ་ལྟ་བུ་ཞིག་ཏུ་ཆགས་ཡོད་པ་རེད། དབྱིན་ཇིས་ང་ཚོར་ཨ་མས་པུ་གུར་བྱམས་སྐྱོང་གནང་བ་ནང་བཞིན་རོགས་པ་བྱ་རྒྱུར་རེ་བ་ཡོད་ཅེས་བཀའ་ཡིག་ནང་བཀོད་ཡོད་པ་རེད། ཕྱག་ཡིག་དེ་བཏང་བའི་དབང་གིས་རྒྱ་གར་དབྱིན་གཞུང་གིས་ཀྱང་སྣེ་ལེན་ཡག་པོ་བྱས་པ་རེད། ཛེ་ལེབ་ལགས་བརྒྱུད་ནས་༧སྐྱབས་མགོན་རིན་པོ་ཆེའི་སྐུ་འཁོར་རྣམས་ཀ་ལོན་པུ་འབྲུག་པ་བཀའ་བརྒྱུད་ཨོ་རྒྱན་རྡོ་རྗེའི་གཟིམས་ཤག་ཏུ་བཞུགས་བཅུག་པ་རེད། དེ་ནས་བདུན་ཕྲག་གཉིས་ཀྱི་རྗེས་ལ་དབྱིན་ཇིའི་སྐུ་ཚབ་འབྲས་སྤྱི་བློན་ཆེན་ཅལ་སི་སྦལ་གྱིས་སྣེ་ལེན་ཐོག་ལ་དར་རྒྱས་གླིང་ཆིབས་བསྒྱུར་གནང༌། དབྱིན་ཇིའི་གཞུང་ཚབ་ཀྱིསས་༧སྐྱབས་མགོན་རིན་པོ་ཆེར་སྲུང་སྐྱོབས་གནང་མཁན་དང་གཟིགས་རྟོགས་གནང་མཁན་ཚང་མ་ཅལ་སི་སྦལ་གྱིས་ཐུགས་འགན་བཞེས་ནས་རྒྱ་གར་ལ་སྐུ་ངལ་མེད་པའི་ཐོག་ནས་ཆིབས་བསྒྱུར་གནང་ཐུབ་པ་རེད་དེ་སྡེ་ཚན་དང་པོ་དེ་ཡིན།

གཉིས་པ། སྐབས་དེ་དུས་དབྱིན་ཇིས་བོད་ལ་རོགས་པ་བྱས་ཡོད་པ་རེད་དམ་ཟེར་ན། ༧སྐྱབས་མགོན་རིན་པོ་ཆེ་ཆོས་ཀྱི་དབུ་ཁྲིད་ཡིན་པ་དང༌། ཆིབས་བསྒྱུར་ཐོག་ཧ་ལས་པའི་རོགས་པ་བྱས་ཡོད་པ་རེད་དེ། ཆབ་སྲིད་ཀྱི་ཐོག་ལ་རྩ་བ་ཉིད་ནས་རོགས་པ་བྱས་ཡོད་པ་མ་རེད་ཅེས་ཚིག་ཐག་ཆོད་པོས་བཤད་ཐུབ་པའི་ཚིག་ཅིག་ཆགས་ཀྱི་འདུག ཕྱི་ལོ་༡༩༠༤ལོར་ཡིན་ན་དབྱིན་ཇི་བོད་པའི་དགྲ་ཆགས་བསྡད་ཡོད་པ་རེད་དེ། འོན་ཀྱང་སྐབས་དེ་དུས་ཕྱི་ལོ་༡༠༡༠སླེབས་ཡོད་དུས་དབྱིན་ཇིོ་དེ་བོད་པའི་དགྲར་ཆགས་ཡོད་པ་མ་རེད། སྐབས་དེ་དུས་བཙན་བྱོལ་དུ་ཕེབས་དགོས་པའི་རྒྱུ་མཚན་གྱི་དགྲ་བོ་དེ་རྒྱ་མི་ཆགས་བསྡད་ཡོད་པ་རེད། དེ་འདྲ་ཡིན་དུས་ང་ཚོ་བོད་པའི་གཏམ་དཔེ་ནང་ལ་༼ཐག་རིང་གི་གཉེན་ལས་ཁྱིམ་མཚེས་ཀྱི་དགྲ་དགའ་༽དེ་བཞིན་དེ་སྔོན་དབྱིན་ཇི་དེ་བོད་པའི་དགྲ་ཡིན་རུང་སྐབས་དེར་ཁོན་འཛིན་མ་གནང་བར་༧སྐྱབས་མགོན་རིན་པོ་ཆེར་སྣེ་ལེན་གང་ལེགས་ཞུས་པ་རེད།

ཅལ་སི་སྦལ་གྱིས་ཁོ་རང་གི་དེབ་ནང་ལ་ག་རེ་བྲིས་ཡོད་པ་རེད་ཟེར་ན། ཁོ་རང་སྒེར་གྱི་འདུན་པ་གཞིར་བཟུང་བྱས་པ་ཡིན་ན། དྲག་པོའི་བོད་ལ་རོགས་རམ་བྱེད་རྒྱུར་འདོད་པ་ཆེན་པོ་ཡོད་པ་རེད། དེ་འདྲ་ཡིན་དུས་དབྱིན་ཇིའི་གཞུང་ལ་ང་ཚོས་འདོད་པ་གཞིར་བཟུང་བྱས་པ་ཡིན་ན། བོད་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་གནས་ཐུབ་པ་ཡིན་ན་ཡག་པོ་ཡོད་པ་རེད་ཟེར། བོད་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་གནས་པར་ཏན་ཏན་ཁོང་ཚོར་གོ་མཚོན་ལག་ཆ་མེད་པ་ཡིན་ན་ཡོང་ཐབས་ཡོད་པ་མ་རེད། དེ་འདྲ་ཡིན་དུས་བོད་ལ་རྒྱ་གར་དབྱིན་ཇིའི་གཞུང་ནས་གོ་མཚོན་དབོར་འདྲེན་དང་ནང་འདྲེན་བྱེད་རྒྱུའི་ཆོག་མཆན་སྤྲད་པ་ཡིན་ན་ཡག་པོ་ཡོད་པ་རེད་ཅེས་དབྱིན་ཇིར་ཞུས་པའི་སྐབས་སུ། དབྱིན་ཇིས་དེར་དགག་པ་བྱས་ནས་རྩ་བ་ཉིད་ནས་ཡོང་གི་མ་རེད་ཅེས་བཤད་ཡོད་པ་རེད། དེ་ནས་ག་རེ་བསལ་པོ་ཡོད་པ་རེད་ཟེར་ན། དབྱིན་ཇིས་བོད་དེ་རྒྱ་ནག་ལ་རྩིས་སྤྲད་བསམ་པ་ཞིག་མ་གཏོགས་ཆབ་སྲིད་ལ་རོགས་པ་རྩ་བ་ཉིད་ནས་མེད་པའི་རྩིས་དེ་ག་རང་ནས་བསལ་པོ་ཡོད་པ་རེད་ཅེས་ཞུ་རྒྱུ་ཡིན། དེ་ཙམ་དུ་མ་ཟད་བོད་རང་གི་ཐོག་ནས་རྒྱ་མི་མཐར་སྤྲོད་གཏོང་རྒྱུའི་ལས་འགུལ་སྤེལ་བའི་སྐབས་སུ་དབྱིན་ཇིས་འགོག་རྐྱེན་བཟོས་པ་རེད། དཔེར་ན། ཕྱི་ལོ་༡༩༡༡ལོར་རྒྱ་ནག་མན་ཇུ་གོང་མ་མགོ་རྟིང་ལོག་པའི་སྐབས་སུ་བོད་ལ་གནས་ཚུལ་བཟང་བ་འདྲ་པོ་ཞིག་ཆགས་ཡོད་པ་ཡིན་དུས། ༧སྐྱབས་མགོན་རིན་པོ་ཆེ་གཙོ་བོར་གྱུར་བའི་ཚང་མས་རེ་བ་ག་རེ་ཡོད་པ་རེད་ཟེར་ན། ནམ་རྒྱུན་དུ་རྒྱ་དམག་འགོག་བཞིན་པ་དང་ལྷག་པར་དུ་སྐབས་དེ་དུས་ཆེད་མངགས་དུ་སྤྱན་བསལ་གནམ་གང་སོགས་བོད་ལ་བཏང་ནས་དམག་གྲ་སྒྲིག་ནས་དེ་འདྲ་ལས་འགུལ་སྤེལ་བའི་སྐབས་སུ། ཅལ་སི་སྦལ་བརྒྱུད་དབྱིན་ཇའི་གཞུང་གིས་༧སྐྱབས་མགོན་རིན་པོ་ཆེར་ལན་ཕུལ་བ་རེད། བོད་ནང་ལ་ཡོད་པའི་རྒྱ་མི་དེ་ཚོར་དེ་འདྲ་བྱས་པ་ཡིན་ན་འགྲིགས་ཀྱི་མ་རེད། ཁོང་ཚོར་སྲུང་སྐྱོབས་བྱེད་དགོས་པ་རེད་ཟེར། དེ་འདྲ་གསུངས་བ་དང་༧སྐྱབས་མགོན་རིན་པོ་ཆེ་སྐུ་སློང་ཡང་བཞེས་པ་རེད། གང་ལྟར་གསང་བ་འདྲ་པོ་དེ་ག་རེ་རྟོགས་པ་རེད་ཟེར་ན། བོད་ནང་ལ་རྒྱ་མིར་དབང་ཆ་ཡོད་པ་དེར་ཆབ་སྲིད་ཀྱི་ཐོག་ནས་དབྱིན་ཇིས་བོད་ལ་རོགས་པ་རྩ་བ་ནས་བྱེད་འདོད་མེད་པ་དང༌། དེ་མེད་པ་ཙམ་དུ་མ་ཟད་བོད་པ་ཚོས་བོད་ལ་ཡོད་པའི་རྒྱ་མི་དེ་ཚོ་མཐར་སྤྲོད་གཏོང་རྒྱུའི་ལས་འགུལ་སྤེལ་བཞིན་པ་དེར་དབྱིན་ཇིས་འགོག་རྐྱེན་བྱེད་བཞིན་ཡོད་པ་དེ་དབྱིན་ཇི་ཁོ་རང་ཚོས་བྲིས་ཡོད་པའི་ཡིག་ཆ་དེ་ཚོའི་ནང་བསལ་པོ་ཡོད་པ་རེད། དེ་འདྲ་ཡིན་དུས་དེའི་གནས་ཚུལ་དེ་གལ་ཆེན་པོ་ཞིག་མིན་འགྲོ་བསམས་ཀྱི་འདུག དེ་འདྲའི་སྐབས་སུ་༧སྐྱབས་མགོན་རིན་པོ་ཆེར་ཐུགས་ཕམ་བྱུང་བ་ཙམ་དུ་མ་ཟད། བོད་ནང་དུ་རྒྱ་མི་ལས་བྱེད་ཀྱིས་གཏོར་བཅོལ་དེ་འདྲ་བྱེད་བཞིན་ཡོད་པ་རེད། དེ་འདྲ་བྱེད་ཆོག་གི་ཡོད་པ་ཡིན་ན། བོད་པ་ཚོར་རང་གི་ལུང་པ་སྲུང་སྐྱོབས་བྱེད་ཆེད་རྒྱ་མི་ཚོར་མཐར་སྤྲོད་གཏོང་ཆོག་གི་ཡོད་པ་མ་རེད་ཅེས་པའི་གནས་ཚུལ་དེ་བསལ་པོ་ཡོང་གི་འདུག ལྷག་པར་དུ་ང་ཚོར་དངོས་གནས་དྲང་གནས་ཀྱི་ཐོག་ནས་དཀའ་ངལ་འཕྲད་པའི་སྐབས་སུ་དབྱིན་ཇིས་ཆབ་སྲིད་ཀྱི་ཐོག་ནས་ཇུས་ཏོག་མེད་མདོག་མདོག་བྱས་ནས་བར་བཞུགས་ཏུ་གནས་པ་རེད། འོན་ཀྱང་ཐེངས་འདིར་བོད་ནང་གི་རྣམ་པ་དེ་བཟང་ཕྱོགས་སུ་ཡོད་པ་དང༌། རྒྱ་ནག་ལ་ནང་འཁྲུག་བྱུང་བའི་རྐྱེན་གྱིས་བོད་པས་རྒྱ་མི་རྣམས་མཐར་སྤྲོད་གཏོང་རྒྱུའི་གོ་སྐབས་ཅིག་བྱུང་པ་དང༌། དེ་འདྲའི་སྐབས་སུ་དབྱིན་ཇིས་བར་བཞུགས་མ་གནས་པར་ང་ཚོར་བཀའ་སློབ་ག་རེ་བྱས་ནས་གནང་གི་ཡོད་པ་རེད་ཅེས་གསུངས་ཀྱི་འདུག འོ་ན་དབྱིན་ཇིས་ག་རེ་བྱེད་ནས་བོད་ལ་རོགས་པ་བྱེད་ཀྱི་ཡོད་པ་མ་རེད་ཟེར་ན། རྒྱུ་མཚན་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་གསུངས་བ་ནང་བཞིན། ཕྱོགས་གཅིག་ནས་བོད་ནང་ལ་ཨུ་རུ་སུའི་དབང་ཆ་སླེབས་ཡོང་བསམས་པའི་དབྱིན་ཇིར་དོགས་པ་ཡོད་པ་རེད། ཕྱོགས་གཞན་ཞིག་ནི་དབྱིན་ཇི་ཁོ་རང་ལ་བདག་དབང་དུ་ཡོད་པའི་འབྲས་ལྗོངས་དང༌། འབྲུག དེ་བཞིན་ཁྱིམ་མཚེས་རྒྱལ་ཁབ་བལ་ཡུལ་གསུམ་གྱི་བདེ་འཇགས་ཀྱི་དོན་དུ་རྒྱ་མིར་རྙོག་དྲ་བཤད་འདོད་ཡོད་པ་མ་རེད། དེ་འདྲ་ཡིན་དུས་བོད་དེ་རྒྱ་མིར་རྩིས་སྤྲད། དེ་ནས་འབྲུག་དང་འབྲས་ལྗོངས་བལ་ཡུལ་གྱི་ཐོག་ལ་རྒྱ་མིས་རྙེད་བརྐོ་རྒྱུ་མེད་པ་དེ་འདྲའི་བསམ་བློ་བཏང་ནས། རྩིས་ནོར་ཡོད་པ་རེད་དེ་བསམ་བློ་གཏོང་སྟངས་ནི་དེ་འདྲ་ཞིག་རེད། དེ་འདྲ་ཡིན་དུས་དབྱིན་ཇིས་བོད་ལ་བདག་པོ་བརྒྱབ་ཡོད་པ་མ་རེད་ཅེས་པའི་ལོ་རྒྱུས་ཀྱིས་ཁ་གྲགས་ཡོང་བཞིན་པ་དེ་དབྱིན་ཇི་ཁོ་རང་ཚོས་བྲིས་པའི་དེབ་ནང་འཁོད་ཡོད་པ་རེད། འོན་ཀྱང་རྒྱ་མིས་ག་དུས་ཡིན་རུང་དེ་ལས་ལྡོག་ནས་བཤད་བཞིན་ཡོད་པ་རེད་ཅེས་གསུངས་སོང༌།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་སྒྲ་ཕབ་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།