༧རྒྱལ་མཆོག་སྐུ་ཕྲེང་༡༣པ་རྗེས་དྲན་མཛད་སྒོ་ཐོག་བཀའ་ཤག་གི་གསུང་བཤད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ལོའི་ཟླ་༢པའི་ཚེས་༢༥ཉིན། དེ་རིང་སྔ་དྲོར་བཞུགས་སྒར་དྷ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ྋརྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་རྒྱ་གར་ནང་བཙན་བྱོལ་དུ་ཞབས་སོལ་འཁོད་དེ་ལོ་༡༠༠འཁོར་བའི་གཞུང་འབྲེལ་རྗེས་དྲན་སྲུང་བརྩི་ཞུས་སོང་ལ། རྗེས་དྲན་མཛད་སྒོའི་ཐོག་བཙན་བྱོལ་བོད་གཞུང་གི་མང་གཙོའི་ཀ་བ་གསུམ་གྱི་དབུ་ཁྲིད་རྣམ་གྱིས་གཙོས་སྲིད་ཞུ་ལས་བྱེད་རྣམས་དང༌། གཞུང་འབྲེལ་མིན་པའི་ཚོགས་པ་སྐྱིད་སྡུག་ཁག་གི་འགོ་གཙོ་རྣམ་པ། དེ་བཞིན་སེར་སྐྱ་མང་ཚོགས་བཅས་སྐུ་བཅར་གནང་ཡོད་པ་རེད།

མཛད་སྒོའི་ཐོག་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་ཤག་གི་གཏམ་བཤད་གནང་དོན། དེ་རིང་ྋགོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་ཕྱི་ལོ་༡༩༡༠ལོར་རྒྱ་ནག་མན་ཇུའི་དམག་གིས་དབུས་ལ་ཁྲིམས་འགལ་གྱིས་བཙན་འཛུལ་དང་བརྡབ་གསིག་བྱས་པའི་དབང་གིས། རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ནས་ལོ་བརྒྱ་ཐམ་པ་འཁོར་བའི་རྗེས་དྲན་སྲུང་བརྩི་འགོ་འཛུགས་ཀྱི་ཆེད་དུ་དེ་རིང་ང་ཚོ་འདིར་འདུ་འཛོམས་གནང་བ་རེད། རྗེས་དྲན་འདིའི་ཐོག་ལ་བཙན་བྱོལ་བོད་གཞུང་བཀའ་ཤག་གི་ཐོག་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ངོས་ནས་ྋགོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་དང༌། ྋགོང་ས་སྐུ་ཕྲེང་བཅུ་གསུམ་པའི་སྐུའི་རིང་ལ་བོད་ཀྱི་ཆབ་སྲིད་དང་སྤྱི་ཚོགས་དང་འབྲེལ་བའི་སྐུ་ངལ་དང༌། དེ་དག་ལ་ྋགོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་གསུམ་པས་གདུང་ལེན་མཛད་ཕྱོགས། ལྷག་པར་དུ་དགའ་ལྡན་ཕོ་བྲང་གི་གཞུང་འདི་མཁྲེགས་ཚུགས་དང་རང་བཙན་གཙང་མ། ཁྱིམ་མཚེས་རྒྱལ་ཁབ་ཁག་དང་ཞི་མཐུན་གྱི་འབྲེལ་བ་མཉམ་གནས་ཐུབ་པའི་མཛད་འཕྲིན་རླབས་པོ་ཆེ་བསྐྱངས་པའི་རྗེས་ལ་རྗེས་དྲན་གུས་འདུད་དང་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། ཞེས་གསུངས་བྱུང༌།

བཀའ་ཁྲི་མཆོག་གིས་བོད་གཞུང་དགའ་ལྡན་ཕོ་བྲང་གི་སྔ་མའི་སྲིད་དབང་འཛིན་སྐྱོང་དང་རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་བླ་མེད་ཀྱི་མཛད་རྗེས། དེ་མིན་མན་ཇུ་དང་བོད་གཉིས་བར་ལ་འབྲེལ་བ་ཇི་ལྟར་བྱུང་ཚུལ་གྱི་ལོ་རྒྱུས་བྱུང་བའི་སྐོར་ལ་བཀའ་བསྩལ་དོན། ྋགོང་ས་ལྔ་པ་ཆེན་པོས་ཕྱི་ལོ་༡༦༤༢ལོར་ཆོལ་གསུམ་བོད་ས་ཡོངས་ལ་དབང་བསྒྱུར་བའི་དགའ་ལྡན་ཕོ་བྲང་གི་གཞུང་གསར་འཛུགས་མཛད་པའི་སྐབས་ལ། བོད་རྒྱལ་ཁབ་ཆེན་པོའི་མ་འོངས་པའི་མདུན་ལམ་དང༌། བོད་པའི་ཆབ་སྲིད་དང་སྤྱི་ཚོགས། དཔལ་འབྱོར་སོགས་སྒོ་ཀུན་ནས་རླབས་ཆེན་གྱི་ཐུགས་ཀྱི་འཆར་སྣང་དང༌། མཛད་རིམ་གཞི་རྒྱ་ཆེ་བ་ཞིག་ཡོད་པ་ཡིན་ཚུལ་འདུག ཡིན་ནའང་བོད་སྤྱི་མཐུན་གྱི་བསོད་ནམས་ཀྱིས་མ་ལྕོགས་པའམ། སྐབས་དང་དུས་སོ་སོའི་སྲིད་ཞུ་བ་གཏོགས་པའི་ལས་ཀྱི་སྣེ་མོ་བ་ཚོས་ྋགོང་ས་སྐུ་ཕྲེང་ན་རིམ་གྱི་ཐུགས་ཀྱི་བཞེས་དགོངས་དང༌། མཛད་འཆར་ཇི་བཞིན་གོ་རྟོགས་ལག་ལེན་བསྟར་མ་ཐུབ་པའི་དབང་ངམ། གང་ལྟར་ྋགོང་ས་ལྔ་པ་ཆེན་པོའི་ཐུགས་ཀྱི་བཞེས་དགོངས་དང་འཆར་སྣང་གང་ཡོད་པ་ཅི་བཞིན་ཞིག་ཁ་བ་ཅན་གྱི་ལྗོངས་འདིའི་ཆོས་སྲིད་ཟུང་འབྲེལ་གྱི་ཆབ་སྲིད་མཐའ་འཁྱོལ་བ་ཞིག་སྐྱོང་གནང་བ་ཁག་པོ་ཆགས་པ་རེད། རྒྱལ་མཆོག་སྐུ་ཕྲེང་དྲུག་པ་བདུན་པ་བརྒྱད་པ་གསུམ་ཁའི་སྐབས་ལ་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་དེ་བརྟན་བརླིང་མེད་པ་དང༌། ལྷག་པར་དུའང་ཁྱིམ་མཚེས་རྒྱལ་ཁབ་གོར་ཥ་དང་རྒྱ་ནག་གཉིས་ཀའི་ངོས་ནས་གཡོ་སྒྱུ་ཁྲམ་གསུམ་གྱི་ལས་སྦྱོར་སྣ་ཚོགས་ཤིག་བརྩམས་པའི་ཉེར་ལེན་ལ་བརྟེན་ནས། ྋགོང་ས་ལྔ་པ་ཆེན་པོའི་ཐུགས་ཀྱི་མཐུན་པའི་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ཀྱི་གནས་བབས་དེ་འཛིན་མ་ཐུབ་པ་ཙམ་དུ་ཆགས་པ་མ་ཟད། རྒྱལ་དབང་སྐུ་ཕྲེང་བརྒྱད་པའི་སྐབས་ལ་གོར་ཥའི་བཙན་འཛུལ་སྔ་རྗེས་ཀྱིས་མཚོན་པའི་མན་ཇུ་དང་འབྲེལ་ལམ་ཧ་ཅང་ཉེ་བོ་ཞིག་བྱེད་དགོས་པའི་གནས་ཚུལ་བྱུང་བ་དང༌། ལྷག་པར་དུའང་མི་དབང་བསོད་ནམས་བསྟོད་རྒྱལ་དང་ང་ལམ་སྦྱར་གསུམ་གྱི་འཁོན་རྩོད་ཀྱི་ཉེར་ལེན་ལ་བརྟེན་ནས། ཁྱིམ་མཚེས་རྒྱ་གཞུང་གིས་དམག་དང་ཁྲིམས་ཀྱི་ནུས་པ་གཉིས་ཀ་བོད་ཀྱི་ནང་ལ་སུམ་འཛུལ་བྱས་པ་དང༌། རང་བཞིན་གྱིས་སླེབས་པ། ཡང་ན་ང་ཚོས་མགྲོན་འབོད་བྱས་པ་སོགས་ཀྱི་ཉེར་ལེན་ལ་བརྟེན་ནས། རྒྱལ་སྤྱི་དང་བོད་གཉིས་ཀའི་ནང་ལ་བོད་ཀྱི་ཆབ་སྲིད་ཀྱི་གནས་བབས་དེ་གཙང་མ་མེད་པ་དང༌། དེའི་གཟུགས་བརྙན་རྒྱལ་སྤྱིའི་ནང་ལ་གསལ་བོ་མེད་པའི་གནས་ཚུལ་སྡུག་ཆགས་བྱུང་བ་རེད། དེ་ནས་བཟུང་རྒྱལ་མཆོག་སྐུ་ཕྲེང་དགུ་བ་ནས་སྐུ་ཕྲེང་བཅུ་གཉིས་པའི་བར་ལ་ཧ་ལམ་མི་ལོ་༩༠ཡས་མས་ལ། རྒྱལ་མཆོག་སྐུ་ཕྲེང་བཅུ་བ། བཅུ་གཅིག བཅུ་གཉིས་བཅས་སྐུ་ཚེ་མ་བརྟན་པ་དང༌། ཆབ་སྲིད་ཀྱི་དགོས་དབང་ཇི་བཞིན་བཞེས་མ་ཐུབ་པའི་དབང་གིས་དགའ་ལྡན་ཕོ་བྲང་གི་མངའ་ཐང་དེ་ཧ་ཅང་གིས་ཉམས་དམས་སུ་གྱུར་བའི་སྐབས་ཤིག་ལ། ྋགོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་༡༨༩༥ལོར་བོད་ལྷ་སྡེ་མི་སྡེ་ཡོངས་ཀྱིས་ཅི་ལྟར་གསོལ་བ་བཏབ་པ་བཞིན་ཆོས་སྲིད་ཀྱི་ཐུགས་འགན་བཞེས་པ་ནས་བཟུང༌། ཧ་ལམ་རྒྱལ་མཆོག་ལྔ་པ་ཆེན་པོའི་ཐུགས་ཀྱི་འཆར་སྣང་ལ་ཡོད་པའི་བོད་གཞུང་གི་ཆབ་སྲིད་མངའ་ཐང་དང༌། ཕྱོགས་མང་པའི་མཛད་རྗེས་གང་གི་ཐོག་ནས་རླབས་ཆེན་གྱི་མཛད་པ་བསྐྱངས་པ་ཞིག་རེད། ཡིནའང་༡༩༠༤ལོར་དབྱིན་ཇིའི་དཔུང་དམག་གིས་བཙན་འཛུལ་དང༌། ༡༩༡༠ལོར་མན་ཇུའི་དམག་གིས་བཙན་འཛུལ་བྱས་པའི་དབང་གིས་ྋགོང་ས་མཆོག་དུས་ཡུན་རིང་པོ་ཞིག་ལ་རྒྱ་ནག་དང་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དགོས་པའི་གནས་ཚུལ་བྱུང་བ་རེད། ༡༩༡༢ནས་བཟུང་༡༩༥༡བར་དུ་ས་ཁྱོན་གྱི་ཆ་ནས་ཆོལ་ཁ་གསུམ་ཁྱོན་ཡོངས་སུ་རྫོགས་པ་ལ་དབང་བསྒྱུར་མ་ཐུབ་པའི་དབང་དུ་བཏང་ནའང༌། ས་ཁྱོན་ཅི་ཙམ་གྱི་ཐོག་ལ་དགའ་ལྡན་ཕོ་བྲང་གིས་དབང་བསྒྱུར་བའི་ཆབས་འབངས་དེ་ཚོ་བདེ་སྐྱིད་ཀྱི་དཔལ་ལ་རོལ་ཐུབ་པ་ཞིག་དང༌། ལྷག་པར་དུའང་རྒྱལ་དབང་སྐུ་ཕྲང་ན་རིམ་ནང་ལ་བོད་གཞུང་གི་ཆབ་སྲིད་ཀྱི་མཛད་སྒོ་རྒྱུན་རིང་ཤོས་དེ་སྐུ་ཕྲེང་བཅུ་གསུམ་པས་བཞེས་ཏེ། ༡༩༡༢ལོར་རྒྱ་དམག་མཐར་སྤྲོད་བཏང་བའི་རྗེས་ལ་བོད་རང་བཙན་གྱི་གནས་བབས་བསྐྱར་དུ་གསལ་བཤད་གནང་བ་སོགས་རླབས་ཆེན་གྱི་མཛད་རྗེས་བསམ་གྱིས་མ་ཁྱབ་པ་བསྐྱངས་པའི་བཀའ་དྲིན་ཡོད་བསྡད་པ་རེད། དེ་འདྲ་སོང་བ་ཡིན་ཙང༌། དེ་རིང་སང་ཉིན་འཛམ་པོ་གླིང་གི་སྤྱི་སྲོལ་བྱུང་རབས་ཀྱི་དོན་སྙིང་ལྡན་པའི་གནས་ཚུལ་གལ་ཆེན་དེ་རིགས་བྱུང་ནས་ལོ་བརྒྱ་འཁོར་བའི་རྗེས་ལ་བསྐྱར་དུ་དྲན་གསོ་བྱེད་པའི་ལམ་སྲོལ་ཡོད་པ་ནང་བཞིན། བཙན་བྱོལ་བོད་གཞུང་གི་ངོས་ནས་ཀྱང་གལ་གནད་ཆེ་བའི་བྱུང་རབས་དེ་དག་ལ་ལོ་བརྒྱ་འཁོར་བའི་དུས་དྲན་ཞུ་བའི་ལམ་སྲོལ་སྔོན་མ་ནས་ཡོད་བསྡད་པ་ཞིག་རེད། ཅེས་གསུང་བཤད་རྒྱས་པ་གནང་སོང༌།

མཇུག་ཏུ་བཀའ་ཁྲི་མཆོག་གིས། ཕྱི་ལོ་༡༠༡༢ནི་ྋགོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་བཙན་བྱོལ་ནས་རང་གི་འབྱུང་ཡུལ་གྱི་རྒྱལ་ཁབ་ལ་ཕྱིར་ལོག་གནང་བའི་ལོ་བརྒྱ་འཁོར་བའི་དུས་དྲན་འཁེལ་གྱིན་ཡོད་པ་རེད། དེའི་སྐབས་ལ་གཅིག་བྱས་ན་ང་རང་ཚོའི་བོད་དོན་བདེན་མཐའ་སེལ་ཡ་དང་བོད་མི་གཞིས་བྱེས་འཛོམས་པའི་རེ་བ་དང་སྨོན་ལམ་ངེས་པར་དུ་རྒྱབ་འོས་པ་ཞིག་དང་དགོས་པ་ཞིག་རེད། ཅེས་གསུངས་བྱུང༌།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་གཡང་བྱམས་ཀྱིས་སྒྲ་ཕབ་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།