༧རྒྱལ་མཆོག་སྐུ་ཕྲེང་༡༣པ་རྗེས་དྲན་མཛད་སྒོར་སྤྱི་འཐུས་ཀྱི་གསུང་བཤད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༢ཚེས་༢༥ཉིན། ༧རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་རྒྱ་ནག་གི་ལྐོག་གཡོ་དང་བཙན་འཛུལ་འོག་རྒྱ་གར་དུ་ཞབས་སོ་འཁོད་ནས་ལོ་༡༠༠འཁོར་བའི་གཞུང་འབྲེལ་མཛད་སྒོ་ཐོག བོད་མི་མང་སྤྱི་འཐུས་ཀྱི་གསུང་བཤད། ༄༅། །ད་རིང་གི་ཉིན་མོ་ྋརྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་རྒྱ་ནག་གི་ལྐོག་གཡོ་ངན་བྱུས་འོག་བོད་ནང་དྲག་པོའི་བཙན་འཛུལ་བྱས་པ་དེ་སྐབས་རྒྱ་དམག་མགོ་གནོན་མ་ཐུབ་པ་མེད་རུང༌། ཕྱོགས་གཉིས་ཀའི་མི་མང་པོ་འཐབ་རོལ་དུ་འགྲོ་ངེས་ལ་བརྟེན་ ༡༩༡༠ ལོར་རྒྱ་གར་ནང་བཙན་བྱོལ་དུ་ྋཞབས་སོར་འཁོད་དེ་ལོ་ ༡༠༠ འཁོར་བའི་རྗེས་དྲན་གཞུང་འབྲེལ་མཛད་སྒོ་ཐོག་ཆིབས་བསྒྱུར་བསྐྱངས་པའི་སྐྱབས་གནས་དགེ་འདུན་གྱི་སྡེ་དང༌། བཙན་བྱོལ་བོད་གཞུང་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་ལས་ཟུར་རྣམ་པ། རང་དབང་ཅན་སྡེ་ཚན་ཁག་གི་མཛད་གཙོ་ལས་ཟུར་རྣམ་པ། གཞུང་དང་གཞུང་ཁོངས་མིན་པའི་འགན་འཛིན་ལས་བྱ་ལས་ཟུར་རྣམ་པ། དགེ་རྒན་དང་སློབ་ཕྲུག །བོད་ཕྱི་ནང་གི་བོད་མི་ཡོངས་དང༌། གཞན་ཡང་སྐུ་མགྲོན་རྣམ་པ་བཅས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་འཚམས་འདྲི་དང་འབྲེལ་ད་རིང་རྗེས་དྲན་གྱི་དུས་སྟོན་འདི་བརྒྱུད་ནས་འདས་པའི་བྱུང་རབས་དྲན་བསྐུལ་དང་དེ་འབྲེལ་མ་འོངས་ལས་དོན་བྱ་ཕྱོགས་ཀྱི་བསླབ་བྱ་བླང་ཕྱོགས་དང༌། ྋརྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་བོད་བསྟན་སྲིད་ཀྱི་དོན་དུ་རླབས་ཆེན་མཛད་རྗེས་བསྐྱངས་པར་ཡི་རངས་དང་བཅས་བཀྲིན་རྗེས་དྲན་ཞུ་རྒྱུའི་དུས་ཚིགས་ཤིག་ཡིན།

ྋརྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་ནི། ༡༨༧༦ ཟླ་ ༥ ཚེས་ ༢༧ ཉིན་བོད་གངས་ལྗོངས་དྭགས་པོ་གླང་མདུན་གྲོང་ཁྱིམ་དུ། ཡབ་ཀུན་དགའ་རིན་ཆེན་དང༌། ཡུམ་བློ་བཟང་སྒྲོལ་མའི་རིགས་མྱུག་ཏུ་འཁྲུངས་ཤིང༌། ངོ་མཚར་པའི་རྟགས་དང་མཚན་མ། ལུང་བརྟག་གང་གིས་ཀྱང་ྋརྒྱལ་བའི་ཡང་སྲིད་འཁྲུལ་བྲལ་ངོས་འཛིན་གྱིས་རྒྱལ་ས་ལྷ་སར་གདན་དྲངས་ཏེ། ༡༨༧༨ ལོར་ཀུན་གཟིགས་བློ་བཟང་བསྟན་པའི་དབང་ཕྱུག་དཔལ་བཟང་པོ་མཆོག་གིས་རྗེ་བཙུན་ངག་དབང་ཐུབ་བསྟན་རྒྱ་མཚོ་འཇིགས་བྲལ་དབང་ཕྱུག་ཕྱོགས་ལས་རྣམ་པར་རྒྱལ་བ་དཔལ་བཟང་པོ་ཞེས་མཚན་གསོལ། ༡༨༧༩ ས་ཡོས་ཟླ་ ༦ ཚེས་ ༡༤ ཉིན་ཕོ་བྲང་པོ་ཏྭ་ལའི་ཚོམས་ཆེན་སྲིད་ཞིའི་ཕུན་ཚོགས་སུ་གསེར་ཁྲི་མངའ་གསོལ་ཞུས། ྋགོང་ས་མཆོག་དགུང་གྲངས་ཉི་ཤུ་ཕེབས་སྐབས། མདོ་སྔགས་གཞུང་ལུགས་ལ་གསན་བསམ་མཐར་སོན་དང༌། དགེ་སློང་གི་སྡོམ་བཞེས་བཅས་ལེགས་པར་གྲུབ་མཚམས་བོད་ལྗོངས་སྤྱི་ཚོགས་ཡོངས་ནས་སླར་ཡང་གསོལ་བ་ཕུར་ཚུགས་སུ་བཏབ་པ་དང༌། གནས་ཆུང་ཆོས་རྒྱལ་ཆེན་པོས་ལུང་གི་བསྐུལ་མ་ཡང་ཡང་ཞུས་པ་ལྟར། ཤིང་ལུག་ཟླ་ ༨ ཚེས་ ༨ ཕྱི་ལོ་ ༡༨༩༥ ཟླ་ ༩ ཚེས་ ༢༦ ཉིན་བོད་རྒྱལ་ཁབ་ཀྱི་ལུགས་གཉིས་ཆབ་སྲིད་བདག་གིར་བཞེས་གནང་མཛད། སྐབས་དེར་རྒྱལ་མཆོག་སྐུ་ཕྲེང་ ༩ པ་ནས་ ༡༢ བར་ལོ་བརྒྱ་ཕྲག་གཅིག་ཙམ་རིང་སྐུ་ཕྲེང་རིམ་བྱོན་དགུང་ན་ཕྲ་མོའི་སྐབས་དགོངས་རྫོགས་ཀྱིས་རྒྱལ་ཚབ་དང༌། སྲིད་སྐྱོང༌། བཀའ་ཤག་དང་ལས་ཀྱི་སྣེ་མོ་བས་ཆབ་སྲིད་ཀྱི་མཛད་འགན་ཇི་བཞིན་བཞེས་ཐུབ་མིན་གྱི་གནས་སྟངས་མང་དག་དང༌། བོད་ཁམས་སུ་ཕྱིའི་ཤུགས་རྐྱེན་གང་ཙམ་འཕྲད་བསྡད་པའི་དུས་ཤིག་ཡིན། ྋརྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་ཆོས་སྲིད་ཀྱི་མཛད་འགན་བཞེས་སྐབས་སུ་བོད་ཕྱི་ནང་གཉིས་སུ་ཆབ་སྲིད་ཀྱི་བསྒྱུར་རླབས་ཆེ་བའི་སྐབས་འཁེལ་ཡོད་ནའང་རྒྱལ་དབང་མཆོག་གིས་ཆོས་དང་སྲིད་གཉིས་ཀའི་ཐོག་གི་མཛད་འཕྲིན་རྒྱས་པའི་བཀའ་དྲིན་ལས་བོད་ཅེས་པ་རང་བཙན་གཙང་མའི་རྒྱལ་ཁབ་ཤིག་ཏུ་གནས་ཐུབ་པ་དང་བོད་གངས་ལྗོངས་ཀྱི་སྐྱེ་འགྲོ་ཡོངས་ལ་ཆོས་འབྱོར་གྱི་བདེ་སྐྱིད་ལ་རོལ་ཐུབ་པ་བྱུང་ཡོད།

དེ་ཡང་ཆབ་སྲིད་ཀྱི་མཛད་འགན་བཞེས་སྐབས་བོད་དེ་རུ་སུ་ཛར་གོང་མ་དང་རྒྱ་གར་དབྱིན་ཇིའི་གཞུང༌། རྒྱ་ནག་བཅས་ཀྱིས་རྩེད་བཞིན་པའི་ཆབ་སྲིད་ཀྱི་དཀྱིལ་འཁོར་ཆེན་མོའི་ནང་ཚུད་ཡོད་པ་དང༌། དེས་རྐྱེན་པས་བོད་ཐོག་རུ་སུའི་དབང་ཤུགས་སླེབས་དྭོགས་ཀྱིས་དབྱིན་ཇིས་བོད་ནང་བཙན་འཛུལ་བྱས་ཏེ་ ༡༩༠༤ ནས་ ༡༩༠༩ བར་ྋགོང་ས་མཆོག་སོག་པོ་དང་རྒྱ་ནག་ཏུ་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་དང༌། རྒྱ་ནག་ནང་མན་ཇུ་གོང་མའི་སྲིད་དབང་སྣུམ་ཟད་ལྟར་གུད་པའི་སྐབས། རྒྱ་ནག་གི་བློན་པོ་ཁག་གཅིག་དང༌། བོད་སྡོད་ཨམ་བྷན། དམག་དཔོན་གུའུ་ཅུན་བཅས་ཀྱི་ལྐོག་བྱུས་དམར་རྗེན་དུ་ཐོན་ཏེ་དམག་དཔུང་ཁྱོན་ཆེ་བོད་ཤར་ཕྱོགས་ནས་རིམ་བཞིན་ལྷ་སར་བཙན་འཛུལ་བྱས་རྐྱེན་ ༡༩༡༠ ལོར་ྋགོང་ས་མཆོག་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད།

བོད་ཐོག་གོད་ཆག་ཆེན་པོ་བྱུང་སྐབས་སུ་བོད་དང་རྒྱལ་སྤྱིའི་ཆབ་སྲིད་ལ་འགྱུར་འགྲོས་ཀྱིས་བོད་འདི་ཁེ་རྐྱང་སྡོད་བཟོད་མེད་པ་དང་སྟོབས་འབྱོར་ལྡན་པའི་རྒྱལ་ཁབ་གཞན་དང་འབྲེལ་བ་དགོས་པ་བག་ཆགས་ཆེན་པོ་བྱུང་བ་བཞིན་བཙན་བྱོལ་དུ་བཞུགས་སྐབས་རུ་སོག་དང༌། མན་ཇུ་གོང་མ་ཡུམ་སྲས། རྒྱ་ནག་ཏུ་ཡོད་པའི་དབྱིན་ཇི་དང་ཨ་རི། ཉི་ཧོང་དང་འཇར་མན་གཞུང་ཚབ་ཁག་ལ་འབྲེལ་བ་དང་ཆབ་སྲིད་ཀྱི་གྲོས་བསྡུར་གནང༌། ལྷག་པར་དུ་རྒྱ་གར་དུ་བཙན་བྱོལ་ཕེབས་སྐབས་རྒྱ་ནག་གི་བསམ་བྱུས་ངན་པ་གསལ་རྟོགས་ཡོད་པས་དངོས་ཡོད་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་གཞིར་བཞག་གིས་དབྱིན་གཞུང་དང་འབྲེལ་བ་དམ་ཟབ་གནང་བ་དེ་མུ་མཐུད་གནས་ཐུབ་པ་བྱུང་ཞིང༌། བོད་ཀྱི་ལོ་རྒྱུས་ཐོག་ཕྱིའི་རྒྱལ་ཁབ་དང་འབྲེལ་བ་དང་ཕྱི་འབྲེལ་སྲིད་བྱུས་གསལ་པོ་འཛིན་ཐུབ་པ་ཐོག་མ་དེ་ཆགས་ཡོད། འཛམ་གླིང་དམག་ཆེན་དང་པོའི་ ༡༩༡༤།༡༨ སྐབས་བོད་དབྱིན་ཇིའི་ཕྱོགས་གཏོགས་སུ་འཛིན་ཏེ་དགོས་གལ་བྱུང་ན་བོད་དམག་གཏོང་རྒྱུའི་སྲིད་བྱུས་ཀྱང་འཛིན་ཡོད།

༡༩༡༡ ལོ་ནང་རྒྱ་ནག་ནང་འཁྲུགས་དུས་འགྱུར་དབང་གིས་བཙན་འཛུལ་བ་བོད་ནང་ཡོད་པའི་རྒྱའི་དཔོན་དམག་རྣམས་ལྟག་ཆུ་ཆད་པའི་རྫིང་བུ་ལྟར་གཅིག་ཀྱང་མ་ལུས་པ་རིམ་གྱིས་མཐར་བསྐྲད་ཐོག་རྒྱ་གར་ནས་བོད་དུ་ཕྱིར་ཕེབས་ཀྱིས་ ༡༩༡༢ ཆུ་བྱི་ཟླ་ ༡༢ ཚེས་ ༡༦ ཉིན་ྋགོང་ས་སྐྱབས་མགོན་ཆེན་པོ་རྩེ་ཕོ་བྲང་པོ་ཏ་ལར་གཟིམ་ཆུང་ཉི་འོད་ཀྱི་གསེར་ཁྲི་མཐོན་པོར་ྋཞབས་སོར་འཁོད། རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་སྲིད་འཛིན་ཡོན་ཤི་ཁས་མཚན་གནས་ཕུལ་བ་མ་བཞེས་པ་དང༌། ཆུ་གླང་ཟླ་ ༡ ཚེས་ ༨ ཕྱི་ལོ་ ༡༩༡༢ ཟླ་ ༢ ཚེས་ ༡༣ ཉིན་བོད་ཀྱི་ཆབ་འབངས་ཡོངས་ལ་རྒྱལ་ཁབ་བརྟན་སྲུང་དང་བླང་དོར་བྱེད་སྒོའི་སྦུག་དམ་རྩ་ཚིག་དོན་ཚན་ལྔ་ཅན་ཞིག་གསལ་བསྒྲགས་བསྐྱངས་པའི་ནང་དོན་བོད་འདི་ཆོས་མཐུན་ཞི་བདེར་གནས་པའི་རྒྱལ་ཁབ་རང་དབང་དང་ལྡན་པ་ཞིག་ཡིན་སྟབས། རང་ས་བརྟན་སྲུང་ཐུབ་པ་དང༌། རྒྱ་ནག་ནས་མ་བདག་བདག་བཟུང་སྔ་ཕྱིར་བྱུང་བའི་རྒྱུ་མཚན་ལས་རང་ས་རང་སྐྱོང་དང༌། རང་སྡེ་རང་སྲུང་འཁུར་ལེན་བྱེད་དགོས་པ་བཅས་གསལ་ཡོད་པ་དང༌། དེ་སྔོན་ཆུ་བྱི་ཟླ་ ༡༢ ཚེས་ ༤ ཉིན་བཞག་པའི་སོག་བོད་ཆིངས་ཡིག་ནང་ཕན་ཚུན་རང་དབང་རང་བཙན་ཡིན་པ་གསལ་པོར་འཁོད་པས་རང་དབང་སླར་གསོ་གནང་ཡོད། དེ་བཞིན་ ༡༩༡༤ ཟླ་ ༧ ཚེས་ ༣ ཉིན་བོད་རང་བཙན་རྒྱལ་ཁབ་ཀྱི་ངོ་བོའི་ཐོག་ནས་དབྱིན་བོད་རྒྱ་གསུམ་དབར་བཞག་པའི་ས་མཚམས་ཀྱི་ཆིངས་ཡིག་ཀྱང་བོད་རང་བཙན་གཙང་མ་ཡིན་པའི་དན་རྟགས་ཡིན།

ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་ཆབ་སྲིད་ཀྱི་ཐུགས་འགན་བཞེས་མ་ཐག་པ་ནས་བོད་ལྗོངས་རྒྱལ་ཁབ་ཡོངས་ལ་བླང་དོར་བྱེད་སྒོའི་སྦུག་དམ་རྩ་ཚིག་དོན་ཚན་ལྔ་ཞིག་སྩལ་གནང་བ་ལས། ཡར་རྒྱས་དང་ལེགས་བཅོས་ཀྱི་དགོངས་གཞི་རྒྱ་ཆེ་ཡོད་པ་མངའ་གསལ་ཡང༌། ལྷག་པར་དུ་བཙན་བྱོལ་དུ་ཕེབས་དུས་ཀྱི་ཉམས་མྱོང་ལས་བོད་འདི་དེང་རབས་ཀྱི་ལུགས་དང་མཐུན་པའི་འཛུགས་བསྐྲུན་ཡར་རྒྱས་གཏོང་ཕྱིར་གསར་གཏོད་ཇཻ་མང་གནང་བའི་ནང་ནས་ཐུང་ཙམ་ཞུས་ན། བཀའ་བློན་དང་ལས་སྣེ་བ་རྣམས་སྔར་ལུགས་ས་ཁང་ཕ་གཞིས་རྗེས་འབྲེལ་ལམ་རྒྱུན་འཛིན་ལམ་འཇགས་ཁོ་ནའི་ལམ་ནས་མ་ཡིན་པ་ཡིག་རྩིས་དང༌། ཉམས་མྱོང་འཇོན་ཐང༌། སྤྱི་མོས་དྲང་ཚུགས་དང་ཞབས་ལོ་བཅས་ལ་སྒོ་བསྟུན་ཏེ་བསྐོ་བཞག་མཛད་པ་དང༌། ལྐོག་ཟ་རུལ་སུངས༌། ཉེས་མེད་ཁ་གཡོག བརྙས་བཅོས་ཚད་ལས་འདས་པའི་བྱ་སྤྱོད་མཚམས་འཇོག་ཐོག ཡུལ་ཁྲིམས་སྲུང་སྐྱོབ་དང་སྤྱི་ཚོགས་ནང་ཚུལ་མིན་བྱ་སྤྱོད་འགོག་ཐབས་སུ་བསྐོར་སྲུང་དམག་བསྐྱར་འཛུགས་གནང༌། གཞུང་སྒེར་གཉིས་གུན་མེད་པའི་དཔྱ་ཁྲལ་བསྡུ་འབབ་ཚད་གཞི་ཐོག་འབབ་ཞིབ་ལས་ཁུངས་གསར་འཛུགས་དང༌། མི་གསོའི་ལས་ཁུངས་གསར་འཛུགས་ཐོག་གཞུང་སྒེར་ཆོས་གསུམ་གྱི་མི་དམངས་བདག་སྐྱོང་ཐོན་སྐྱེད་བྱེད་དེ་གཞུང་སྒེར་གཉིས་སྨན་ཁེ་ཕན་ཡོང་ཐབས་དང༌། ས་སྟོང་དགེ་བེད་སྤྱོད་ཡུལ་གང་ཡོད་ས་བགོས་གནང་བ་དང༌། ཁོར་ཡུག་དང་འཚོ་ཐབས་ལ་སྨན་པ་རི་ཐང་གང་འོས་སུ་ཤིང་ནགས་འདེབས་འཛུགས། ཤིང་སྣ་འདེབས་འཛུགས་ཟིན་པ་བདག་གཅེས། རི་རྒྱ་ཀླུང་རྒྱ་བསྡམས་པ་དང༌། བོད་མིའི་ཉིན་རེའི་དགོས་མཁོའི་ཆེད་ཐོན་སྐྱེད་ཇ་ཞིང་ལྟ་བུ་འདེབས་ལས་ཚོད་ལྟ་གནང༌། ཞིང་འབྲོག་ཐོན་སྐྱེད་བཟང་ཕྱིར་ལོ་ལྟར་ས་བཅུད་བུམ་སྒྲུབ་གནང་ཞིང༌། དེ་བཞིན་བཟོ་ལས་རྒྱ་བསྐྱེད་ཆེད་བཟོ་གྲྭ་ལས་ཁུངས་གསར་འཛུགས་ཀྱིས་བཟོ་ལས་མི་འདྲ་བ་མང་དག་གསར་འཛུགས་གནང༌། དངུལ་ཁང་གསར་འཛུགས་གནང་བ་དང་ཤོག་ལོར་གསར་པ་དཔར་འགྲེམས། འབབ་ཁྲལ་དང་ཤོ་ཁྲལ། གློག་ཁང་གསར་འཛུགས་བཅས་ཀྱིས་གཞུང་སྒེར་གཉིས་ལ་དཔལ་འབྱོར་འདུ་འགོད་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་དང༌། སྦྲགས་ཏར་གསར་འཛུགས་དང་གཞུང་ལམ་གསར་བཟོའི་ལས་འཆར་ཡང་ཡོད་པ་ཚོང་འབྲེལ་ལ་ཕན་འབྲས་ཆེན་པོ་བྱུང་ཡོད།

བོད་ནང་སྔར་སྲོལ་རིག་གནས་སློབ་སྦྱོང་སྔར་ལས་དར་རྒྱས་གཏོང་ཐབས་དང་ཕྱི་རྒྱལ་གྱི་སྐད་ཡིག་དང་རིག་གསར་འཕྲུལ་ལས་ཤེས་ཐབས་སུ་རྫོང་གཞིས་ཁག་ལ་སློབ་གྲྭ་གསར་དུ་བཙུགས། རྩེ་རིག་གནས་སློབ་གྲྭར་བོད་ཀྱི་ཐོུང་མ་ཡིན་པའི་རིག་གནས་ཐོག་སྐད་ཡིག་གཞན་བསླབ་རྒྱུའི་གོ་སྒྲིག་དང༌། རྒྱལ་རྩེར་དབྱིན་ཡིག་སློབ་གྲྭ་གསར་འཛུགས་གནང་ཡང་འགོག་རྐྱེན་མང་དག་གིས་དགོངས་བཞེས་ལྟར་སྒྲུབ་ཐུབ་མི་འདུག ལྕགས་པོ་རིར་བོད་ཀྱི་གསོ་བ་རིག་པའི་སློབ་གཉེར་བྱ་ཡུལ་ཡོད་ཐོག་ལྷ་ས་སྨན་རྩིས་ཁང་གསར་འཛུགས་གནང༌། གཞུང་ཞབས་ཀྱི་དམིགས་སྒོ་བོད་ཕྲུག་ན་གཞོན་ཁག་ཅིག་རྒྱ་གར་དང༌། དབྱིན་ཡུལ་དུ་སློབ་སྦྱོང་ཆེད་གཉེར་གྱིས་བོད་རྒྱལ་ཁབ་ཡར་རྒྱས་ཀྱི་སྲི་ཞུ་མི་དམན་པ་སྒྲུབ་མཁན་བྱུང་ཡོད༌།

དབྱིན་ཇི་དང་མན་ཇུའི་བཙན་འཛུལ་གྱི་ཉམས་མྱོང་ལས་རྒྱལ་ཁབ་སྲུང་སྐྱོབ་ཐད་ ༡༩༡༢ ལོར་བོད་ལྗོངས་དམག་སྤྱི་ཁང་གི་ལས་ཁུངས་གསར་འཛུགས་དང་རིམ་བཞིན་དམག་རྩལ་སློབ་སྦྱོང་དང་གོ་ལག་ཚད་ལྡན་གྱི་མཐུན་རྐྱེན་སྦྱར་བ་དང༌། དེ་སྐབས་བོད་དམག་ཁྲི་ཕྲག་གཅིག་ཙམ་ཡོད། དེ་མཚུངས་ཁྱིམ་མཚེས་རྒྱལ་ཁབ་གཞན་དང་ལྷན་དུ་ཆིངས་ཡིག་མང་དག་ཅིག་འཇོག་གནང་མཛད། ཆོས་ཕྱོགས་ཀྱི་ཐོག་ནས་མཛད་འཕྲིན་རྒྱ་གང་ཆེ་བསྐྱངས་ཡོད་པ་ད་རིང་འདིར་བརྗོད་མི་དགོས་པའི་ཐོག མདོར་ན་ྋམགོན་པོ་གང་གིས་བོད་བསྟན་སྲིད་ཀྱི་དོན་དུ་གནའ་རབས་བོད་ཀྱི་ཐོུང་མ་ཡིན་པའི་ཁྱད་ཆོས་རྣམས་དར་རྒྱས་དང་དེང་རབས་ཀྱི་ཡར་རྒྱས་འཛུགས་བསྐྲུན་རྒྱ་གང་ཆེ་གསར་གཏོད་མཛད། བོད་ལྗོངས་ཡོངས་ལ་ཆབ་སྲིད་ཀྱི་ཐོག་ནས་བོད་རང་དབང་རང་བཙན་གནས་ཐུབ་པ་དང་སྤྱི་ཚོགས་ཁྲོད་བོད་མི་རྣམས་བདེ་དགེས་ཡོངས་སུ་འཚོ་ཐུབ་པ་བྱུང་ཡོད།

དེ་ལྟ་ནའང་རྒྱལ་དབང་མཆོག་གི་དགོངས་པ་ཅི་ཡོད་ཇི་བཞིན་མགོན་པོ་གང་གི་སྐུ་དུས་སུ་སྒྲུབ་མ་ཐུབ་པའི་གནས་སྟངས་ཁག་ཅིག་བྱུང་ཡོད་པ་དང༌། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་ཀྱི་དངོས་ཡོད་གནས་སྟངས་ལ་གཞིགས་ཏེ་ ༡༩༣༢ ཆུ་སྤྲེའི་ལོར་ཞལ་གདམས་ནང་བོད་མི་ཚོས་རང་དབང་རང་ལག་ཏུ་ཡོད་སྐབས་ཆོས་དང་ཆབ་སྲིད་ཀྱི་བྱེད་སྒོ་ཁུར་དུ་མ་བླང་ན་ཆག་སྒོ་ཇི་ཆགས་ཀྱི་གནས་སྟངས་ཞིབ་ཕྲ་མ་འོངས་གསལ་གཟིགས་ཀྱི་བཀའ་འདོམས་ངོ་མཚར་ཅན་ཞིག་གནང་ཡོད་རུང༌། དེའི་རྗེས་སུའང་བོད་མི་འགོ་ལས་སེར་སྐྱ་ཡོངས་ཀྱིས་ྋརྒྱལ་བའི་བཀའ་བཞིན་མ་སྒྱུབ་པས་ད་ལྟ་ང་ཚོ་སླར་ཡང་བཙན་བྱོལ་དུ་གྱར་དགོས་པའི་གནས་སྟངས་བྱུང་ཡོད་པ་ཚང་མས་མཁྱེན་གསལ་རེད། དུས་ད་ལྟའང་ང་ཚོ་བཙན་བྱོལ་དུ་གནས་ཡོད་ནའང་ྋརྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཆོས་སྲིད་གཉིས་ཀྱི་མཛད་པ་སྔར་བྱུང་མ་མྱོང་བ་འཛམ་གླིང་ཡོངས་སུ་གྲགས་པ་སྐུ་འཚོ་ཞུགས་སྐབས་སུ་ཁོང་གི་དགོངས་གཞི་ལྟར་གཞིས་བྱེས་བོད་མི་ཚང་མས་རང་ཁུར་རང་ལེན་གྱི་ནུས་པ་གཅིག་ཏུ་སྤུངས་ནས་མ་ལན་མ་འགྱོད་མེད་པ་བྱ་རྒྱུ་ནི་བོད་ཀྱི་བདེན་མཐའ་གསལ་ཏེ་རང་ཡུལ་དུ་ཕྱིར་ལོག་མ་བྱུང་བར་ྋགོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་ཞལ་གདམས་དུས་ད་ལྟའང་སེམས་བཅང་ཐོག་སྤང་བླངས་མ་འཛོལ་བ་བྱ་རྒྱུ་ཤིན་ཏུ་ནས་གལ་ཆེ།

དེ་ལྟར་ན་དུས་རབས་ཉི་ཤུ་ནས་རྩ་གཅིག་སླེབས་ཟིན་པ་དང་རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་རྒྱ་གར་བཙན་བྱོལ་དུ་ཕེབས་ནས་དེའི་ཉམས་མྱོང་ལས་བོད་དུ་ཕྱིར་ཕེབས་མཚམས་གསར་གཏོད་ཀྱི་རྣམ་པ་སྣ་ཚོགས་གནང་བ་དང་ད་ལྟ་ང་ཚོ་བཙན་བྱོལ་དུ་གནས་ཡོད་རུང་སྔར་སྲོལ་ཐོུང་མ་ཡིན་པའི་ཁྱད་ཆོས་རྣམས་དར་རྒྱས་ཐོག་མཁྲེགས་བཟུང་མ་ཡིན་པ་གནད་དོན་གང་གི་ཐད་དུའང་དུས་བསྟུན་ཡར་རྒྱས་ཀྱི་ཕྱོགས་སུ་འགྲོ་དགོས་པ་ནི་ཤིན་ཏུ་གལ་འགངས་ཆེ།

མཐའ་དོན་ྋརྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གི་མཛད་རྗེས་ལ་རྗེས་སུ་ཡི་རང་དང་འབྲེལ་བའི་བཀྲིན་རྗེས་དྲན་ཞུ་རྒྱུ་དང་ྋརྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་སྐུ་ཚེ་ྋཞབས་པད་བསྐལ་བརྒྱར་བརྟན་ཅིང་ཁོང་གི་དགོངས་གཞི་རྣམས་བོད་མི་ཚང་མས་སྙིང་བཅང་གིས་བསྒྲུབ་ཐུབ་པ་བྱ་རྒྱུ་དང༌། བོད་གཞིས་བྱེས་མཉམ་འཛོམས་མྱུར་དུ་ཡོང་བའི་སྨོན་འདུན་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས། ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༢ ཚེས་ ༢༥ ལ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།