བོད་གཞུང་ནང་སྲིད་ཁྱབ་ཁོངས་ས་གནས་འགོ་འཛིན་གྱི་ཚོགས་ཆེན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ལོའི་ཟླ་༢པའི་ཚེས་༢༤ཉིན། ཉིན་གཉིས་རིང་གི་བཙན་བྱོལ་བོད་གཞུང་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ས་གནས་འགོ་འཛིན་རྣམས་ཀྱི་འཛིན་སྐྱོང་དང་འབྲེལ་བའི་ཚོགས་ཆེན་དྲུག་པ་དེ་རིང་ཞོགས་པར་གངས་སྐྱིད་སྤྱི་ཐབ་ཡང་སྟེང་ཚོགས་ཁང་དུ་དངོས་སུ་ཚོགས་འགོ་ཚུགས་ཤིང༌། ཚོགས་ཐོག་ཏུ་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་བ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུས་བཀའ་བློན་རྣམ་པ་དང༌། རྒྱ་བལ་འབྲུག་གསུམ་གྱི་ས་གནས་འགོ་འཛིན་དང་འབྲེལ་མཐུན་པ་ཡོངས་རྫོགས་ངོ་ཕེབས་གནང་ཡོད་པ་རེད།

ཚོགས་ཐོག་ཏུ་བཀའ་ཁྲི་མཆོག་ནས་ཚོགས་བཅར་བ་རྣམས་ལ་བཙན་བྱོལ་བོད་གཞུང་བཀའ་ཤག་གི་གསུང་བཤད་དང༌། དེ་བཞིན་གྲོས་གཞི་ཁག་དང་འབྲེལ་བའི་བཀའ་སློབ་བསྩལ་དོན། བོད་མི་སྐྱབས་བཅོལ་བ་ཟེར་བ་དེ་འཛམ་གླིང་གི་སྲིད་དོན་གྱི་སྐྱབས་བཅོལ་བ་གཞན་དག་དང་མི་འདྲ་བར། དམིགས་བསལ་གྱི་རིག་གཞུང་སྲུང་སྐྱོབ་བམ། རྩ་དོན་གྱི་ལས་འགུལ། སོ་སོའི་འཚོ་ཐབས་ཀྱི་སྒང་ལ་དམིགས་བསལ་གྱི་གྲུབ་འབྲས་ལྡན་པ་ཡོང་བའི་རྒྱུ་མཚན་གཙོ་བོ་དེ་རྒྱ་བལ་འབྲུག་གསུམ་ནང་གི་བོད་མི་སྐྱབས་བཅོལ་བ་མང་ཆེ་བ་དེ་བྱེ་མའི་ནང་ལ་ཆུ་འཐིམ་པ་བཞིན་ཁ་ཐོར་དགུ་ཐོར་ལ་མ་ཕྱིན་པར། སྤྱི་ཚོགས་དང་མདོ་དོན་གྱི་ངོ་བོ་ལ་གཞི་ཆགས་ཐུབ་པའི་དབང་གིས་བྱུང་བར་འདོད། གལ་སྲིད་ང་ཚོ་སྐྱབས་བཅོལ་བ་དེ་ཚོ་རྒྱ་གར་ལ་འབྱོར་བའི་རྗེས་ལ། མདོ་དོན་གཞིས་ཆགས་མེད་པར་རྒྱ་གར་མི་མང་དུང་ཕྱུར་མང་པོ་དེའི་ནང་ལ་སུམ་ཕྱིན་པ་ཡིན་ན། ད་ལྟའི་བཙན་བྱོལ་བོད་མི་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་གཉིས་ཀ་མཛུབ་གུ་འཛུགས་ས་མེད་པ་ཞིག་ཆགས་ཟིན་པ་དང༌། ལྷག་པར་དུ་འདས་པའི་ལོ་ལྔ་བཅུའི་ནང་ལ་གསར་སྐྱེས་བྱུང་བའི་ན་གཞོན་དེ་ཚོ་བོད་མིའི་ངོས་འཛིན་དང་མཚན་ཉིད་མ་ཚང་བ་ཆགས་ཟིན་པ་དེ་བཤད་མ་དགོས་པ་རེད། ལྔ་བཅུ་ང་དགུའི་ལོ་ལ། གནས་བབས་སྐྱོ་བོ་དང་ཛ་དྲག་གཞན་དང་མི་འདྲ་བ་ཞིག་ཡོད་པ་ཡིན་ནའང༌། ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་སྲིད་བློན་ནེ་རུ་ལྷན་རྒྱས་ཀྱིས་ཕུགས་རྒྱང་རིང་པོའི་དགོངས་པ་བཞེས་ནས་བོད་མིའི་གཞིས་ཆགས་ཁག་གཅིག་སྡུད་བྱེད་པའི་གོ་སྒྲིག་གནང་བ་དང༌། བོད་མིའི་སློབ་གྲྭ་ཟུར་འཛུགས་གནང་བ་དེ་རླབས་ཆེན་གྱི་མཛད་ཕྱོགས་ཡག་པོ་ཞིག་དང༌། སྲིད་བསྒྱུར་མ་ནོར་བ་ཞིག་བྱུང་བྱ་བ་ད་ལྟ་ལོ་ངོ་ལྔ་བཅུའི་རྗེས་ལ་ཕྱིར་བལྟས་ལོག་དུས་ངོས་འཛིན་བྱེད་ཐུབ་པ་ཞིག་རེད། དཔེར་ན། ང་ཚོ་རྒྱ་གར་ནང་ལ་སྐྱབས་བཅོལ་དུ་འབྱོར་བའི་སྐབས་ལ། ཕྱི་ལོ༡༩༤༧ལོར་པ་ཀི་སི་སི་ཐན་ནས་ཚུར་སླེབས་པའི་སྐྱབས་བཅོལ་བ་དེ་ཚོའི་འགྲོ་སྟངས་བསྡད་སྟངས་བཟོས་ཚར་མི་འདུག པ་ཀི་སི་ཐན་ནས་སྐྱབས་བཅོལ་ལ་ཡོང་མཁན་གྱི་སྐྱབས་བཅོལ་བ་ཡོངས་རྫོགས་དེ་བོད་པ་ནང་བཞིན་གཞིས་ཆགས་རྩ་བ་ནས་བཙུགས་ཡོད་པ་མ་རེད། མངའ་སྡེ་སྣ་ཚོགས་ཀྱི་ནང་ལ་ཁ་ཐོར་དགུ་ཐོར་དུ་ཕྱིན་ནས་གང་ལྟར་ཁོ་རང་ཚོའི་འཚོ་བའི་མདུན་ལམ་དང༌། འདོད་ཡོན་ཞིག་རྙེད་པ་ཡིན་ན་དེ་བཞིན་དུ་འགྲིགས་པ་ཞིག་བྱས་སྟབས། དེ་རིང་སང་ཉིན་ཁོ་ཚོའི་ངོས་འཛིན་གང་ཡང་ཡོད་པ་མ་རེད། ཡིན་ནའང་བོད་མི་སྐྱབས་བཅོལ་བ་རྣམས་ལ་དེའི་ལམ་སྲོལ་དེ་ཕྱག་ལས་མ་བསྟར་བ་རེད། ངེས་པར་དུ་མཉམ་རུབ་བྱས་ཏེ་གཞིས་ཆགས་ཐུབ་པ་ཞིག་དང༌། དེའང་ས་ཆ་ཚ་བ་ཆུང་ས་དེ་འདྲ་ལ་གཞིས་ཆགས་གནང་བར་འབད་བརྩོན་གནང་བ་རེད། ྋགོང་ས་མཆོག་གི་ཐུགས་ཐག་གཙང་བཅད་འོག་དེ་སྔ་བྷག་སར་གནས་པའི་རབ་བྱུང་བ་དང་མཁན་པོ་རྣམས་ཀྱང་གཞིས་ཆགས་ཁག་ནང་སྤོས་པ་རེད།  ད་ལྟ་གདནས་ས་སེ་འབྲས་དགེ་གསུམ་ནང་གི་བསླབ་པ་སློབ་གཉེར་དང་ཐོས་བསམ་གྱི་བྱ་བ་དེ་ཚོ་ཡག་པོ་ཡོད་པ་ཙམ་དུ་མ་ཟད། ཕྱིའི་སྣོད་ལ་བལྟས་པ་ཡིན་ན་རྫིག་དྲག་པ་དང་རྒྱས་སྤྲས་ཆེ་དྲག་པ་ཞིག་ཡོད་པ་མ་གཏོགས། གྲྭ་ས་གྲྭ་ཚང་གཅིག་ཀྱང་ཐབས་སྐྱོ་བོ་བྱས་ཏེ་ལུས་ཡོད་པ་མ་རེད། ཅི་གང་ང་ཚོའི་སྤྱི་ཚོགས་མཉམ་རུབ་བྱས་ཏེ་བསྡད་ས་གཅིག་གི་ནང་ལ་གདན་ས་དེ་ཚོའང་སྤོས་པ་ཡིན་ཙང༌། དངོས་ནས་འཆར་གཞི་མ་ནོར་བ་ཞིག་ཆགས་བསྡད་ཡོད་པ་རེད། དེ་འདྲའི་གཞིས་ཆགས་ཁག་གལ་ཆེན་པོ་དེའི་ནང་ལ་ལས་དོན་ཆ་ཚང་དབུས་ཀྱི་བཀའ་བློན་ལས་ཁུངས་ཀྱི་ལས་དོན་ཆ་ཚང་སྨད་གར་ལག་ལེན་བསྟར་མཁན་ས་གནས་འགོ་འཛིན་རྣམ་པ་ཚོ་རེད། འདས་པའི་མི་ལོ་ལྔ་བཅུ་དེ་རྨི་ལམ་ལྟར་ཕྱིན་ཚར་འདུག ལོ་ལྔ་བཅུའི་རིང་ལ་ང་ཚོས་ག་རེ་བྱས་ཡོད་པ་ཟེར་ན། དྷ་རམ་ས་ལར་བསྡད་མཁན་ཚོས་ག་དུས་ཡིན་ཡང་ས་གནས་འགོ་འཛིན་ཚོས་ཅིག་བྱེད་ཀྱི་མི་འདུག་ཅེས་རྟག་པར་བཤད་པ་རེད། སྡུག་སྐད་རྒྱབ་སྟེ་བསྡད་པ་རེད། དབུས་ཀྱི་སྣེ་མོ་བ་དེ་ཚོས་ས་གནས་སྣེ་མོ་བོས་མ་བྱས་མ་བལྟས་པའི་སྡུག་སྐད་ཅིག་རྒྱབ། ས་གནས་ཀྱི་སྣེ་མོ་བས་དབུས་ནས་མ་བྱས་མ་བལྟས་པའི་རྒྱུ་མཚན་མང་པོ་བཤད་དེ་བསྡད་པ་རེད། ཕྱོགས་གཉིས་ཀར་བདེན་པ་དང་ རྒྱུ་མཚན་སྟོན་རྒྱུ་ཡོད་པ་རེད་མོད། དོན་དམ་དུ་སུས་སུ་ལ་སྐྱོན་བརྗོད་དང་བསྟོད་ར་བཏང་ནའང༌། མི་ལོ་ལྔ་བཅུའི་བཙན་བྱོལ་བོད་མིའི་གནས་བབས་དེ་གནས་ཐུབ་པའི་ངོ་སོ་དང་བྱས་རྗེས་དེ་ས་གནས་སུ་སྡོད་མཁན་ཚོའི་ཁུར་ཆོག་པ་ཞིག་དང་ཁུར་དགོས་པ་ཞིག་རེད། ཅེས་བཀའ་སློབ་ལམ་སྟོན་གནང་སོང༌།

དེ་ཡང་ཚོགས་ཆེན་སྐོང་ཚོགས་གནང་བའི་དགོས་དམིགས་སྐོར་ལ་ཁོང་གིས་མུ་མཐུད་དུ། དེ་རིང་ང་ཚོ་འདིར་འཛོམས་ཡ་དེ་གཙོ་ཆེ་ཤོས་ཤིག་འདས་པའི་ལོ་ལྔ་བཅུའི་སྐྱིད་སྡུག་ལ་བསྐྱར་ཞིབ་དང༌། དེའི་ཉམས་མྱོང་གཞིར་བཟུང་ནས་འབྱུང་འགྱུར་ལོ་ལྔ་བཅུའི་རིང་ལ་ལས་དོན་བྱེད་ཕྱོགས་ཀྱི་ཐབས་ལམ་བཙལ་རྒྱུའི་ཆེད་དུ་སྲིད་ཞུ་བའི་ཚོགས་ཆེན་འདི་སྐོང་གནང་བ་རེད། ད་རེའི་ཚོགས་འདུ་འདིའི་ཐོག་ནས་འབྱུང་འགྱུར་ལོ་ལྔ་བཅུའི་ལམ་ཀ་དེ་སྲ་འཐས་ཀར་མཐོང་ཐུབ་པ་ཞིག་བྱུང་བ་ཡིན་ན་ཚོགས་འདུ་ཚོགས་པའི་དགོས་མཁོ་བྱུང་བ་རེད། ཅེས་གསུངས་བྱུང༌།

རྒྱ་གར་གྱི་སྐྱབས་བཅོལ་བའི་ཁྲིམས་དང་སྐྱབས་བཅོལ་བ་ཚོའི་ཐོག་ལ་འཛིན་པའི་སྲིད་བྱུས་ཐད་ལ་ཁོང་གིས། རྒྱ་གར་ལྟ་བུ་ལ་ཆ་མཚོན་པ་ཡིན་ན། ཕྱོགས་གཅིག་ནས་རྒྱ་གར་རྒྱལ་ཁབ་ཆེན་པོ་ཞིག་རེད་མོད། སྐྱབས་བཅོལ་བའི་གནས་བབས་ཀྱི་སྐོར་ལ་གསལ་བོ་གང་ཡང་ཡོད་པ་མ་རེད། རྒྱ་གར་དེ་ཇི་ནའེ་ཝ་ཚོགས་འདུའི་ནང་ལ་ཞུགས་ཡོད་པ་མ་རེད། ཇི་ནའེ་ཝ་ཚོགས་འདུའི་གྲོས་ཆོད་ལ་རྒྱ་གར་གྱིས་མཚན་རྟགས་བཀོད་ཡོད་པ་མ་རེད། དེ་འདྲ་ཡིན་ཙང༌། རྒྱལ་སྤྱིའི་སྐྱབས་བཅོལ་བའི་འགྲོ་སྟངས་ཀྱི་ཆོད་ཡིག་དེ་ཚོའི་ཐོག་ལ་རྒྱ་གར་གྱིས་མཚན་རྟགས་བཀོད་མེད་པ་ཡིན་ཙང༌། རྒྱ་གར་གྱི་ཐོག་ལ་ཆོད་ཡིག་དེ་ཁྱབ་ཀྱིན་ཡོད་པ་མ་རེད། རྒྱ་གར་ཁོ་རང་གི་རྒྱལ་ཁབ་ཀྱི་ཁྲིམས་ཡིག་གི་ནང་ལ་སྐྱབས་བཅོལ་བའི་ཁྲིམས་ཡིག་ཡོད་པ་མ་རེད། རྒྱལ་ཁབ་མང་པོའི་ནང་ལ་སྐྱབས་བཅོལ་ལེན་སྟངས་དང་སྐྱབས་བཅོལ་སྡོད་སྟངས་ཀྱི་ཁྲིམས་ཡོད་པ་རེད། རྒྱ་གར་ནང་ལ་ཁྲིམས་ཡོད་པ་མ་རེད། དེ་འདྲ་ཡིན་ཙང་འདས་པའི་ལོ་༦༦-༦༧ཙམ་གྱི་རིང་ལ་རྒྱ་གར་ནང་ལ་སྐྱབས་བཅོལ་བ་མང་པོ་ཞིག་སླེབས་ཡོད་པ་རེད་ཀྱང༌། དེ་ཚོ་ཚང་མར་སྐྱབས་བཅོལ་སྤྲོད་སྟངས་དང་སྐྱབས་བཅོལ་སྡོད་སྟངས་ཚང་མ་འཛིན་སྐྱོང་གི་ཐག་གཅོད་ཅིག་གི་འོག་ལ་ཕྱིན་བསྡད་པ་རེད། འཛིན་སྐྱོང་གི་ཐག་གཅོད་འོག་ལ་ཕྱིན་པ་ཡིན་ཙང༌། ཐག་གཅོད་དེ་ལ་འགྱུར་བ་ཞིག་གཏོང་ན་འཛིན་སྐྱོང་གིས་གཏོང་བ་རེད་མ་གཏོགས། དེ་ལ་ཁྲིམས་ཀྱི་རྒྱབ་སྐྱོར་ཡོད་པ་མ་རེད། ཉིན་མ་གཅིག་ལ་འཛིན་སྐྱོང་གི་ངོས་ནས་ང་ཚོའི་ཐོག་གི་སྐྱབས་བཅོལ་བ་དང་ཕྱི་མིའི་ཐོབ་ཐང་མེད་པ་བཟོས་ནའང༌། དེ་ང་ཚོ་ཁྲིམས་ཁང་ལ་ཕྱིན་ནས་སྲུང་སྐྱོབ་བྱེད་ཐུབ་ཡ་ཡོད་པ་མ་རེད། ལྟ་གྲུབ་ཀྱི་ཆ་ནས་བཤད་ན་དེ་འདྲ་ཞིག་རེད། དངོས་ཡོད་གནས་སྟངས་ཀྱི་ཆ་ནས་བལྟས་པ་ཡིན་ན་ལྔ་བཅུ་ང་དགུ་ལོར་ཐེངས་དང་པོར་སླེབས་མཁན་ནས་བཟུང་ད་ལྟའི་བར་ང་ཚོར་ཕྱི་མིའི་གནས་བབས་དང་སྐྱབས་བཅོལ་བའི་གནས་བབས་གཉིས་ཀ། རྒྱ་གར་ནང་སོ་སོས་ཉར་ན་ཉར་མ་ཐུབ་མཁན་གཅིག་ཀྱང་བྱུང་ཡོད་པ་མ་རེད། ཚང་མས་དེ་ཉར་ཐུབ་པ་རེད་ལ། ཉར་བསྡད་ཡོད་པ་རེད། ཅེས་ལམ་སྟོན་རྒྱས་པ་གནང་སོང༌།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་གཡང་བྱམས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།