དྷ་རམ་ས་ལར་རྒྱལ་སྤྱིའི་ཕ་སྐད་ཉིན་མོ་སྲུང་བརྩི་ཞུས་སོང༌།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༢ཚེས་༢༢ཉིན། ཁ་སང་དྷ་རམ་ས་ལར་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པས་རྒྱལ་སྤྱིའི་ཕ་སྐད་ཀྱི་ཉིན་མོ་སྲུང་བརྩི་ཐོག བོད་ཀྱི་སྐད་ཡིག་སྐོར་གསལ་བསྒྲགས་དང༌། དྷ་སའི་ཁྲོམ་གཞུང་གི་ཚོང་ཁང་ཁག་ཅིག་གི་སྒོ་བྱང་བོད་ཡིག་ཐོག་འབྲི་བ། དེ་བཞིན་བོད་ཀྱི་སྐད་ཡིག་སྐོར་བགྲོ་གླེང་ཞིག་ཀྱང་གོ་སྒྲིག་ཞུས་འདུག

ཕྱི་ཟླ་༢ཚེས་༢༡ནི་རྒྱལ་སྤྱིའི་ཕ་སྐད་ཉིན་མོ་ཞིག་ཡིན་པ་དང༌། སྐབས་དེར་བཞུག་སྒར་རྡ་རམ་ས་ལར་བརྟེན་གཞི་བྱས་ཡོད་པའི་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པས། སྔ་དྲོ་ཆུ་ཚོད་༩དང་ཕྱེད་ཀ་ཐོག་བོད་ཀྱི་སྐད་ཡིག་སྐོར་གསལ་བསྒྲགས་ཤིག་སྤེལ་བ་དང༌། བཞུགས་སྒར་དྷ་རམ་ས་ལའི་ཁྲོམ་གཞུང་གི་ཚོང་ཁང་ཁག་ཅིག་གི་སྒོ་བྱང་བོད་ཡིག་ཐོག་འབྲི་བ། ཕྱི་དྲོ་ཆུ་ཚོད་༢པའི་ཐོག་ཡོངས་གླིང་ཚོགས་ཁང་དུ་བོད་ཀྱི་སྐད་ཡིག་སྐོར་བགྲོ་གླེང་ཞིག་ཚོགས་སོང༌།

བགྲོ་གླེང་ཐོག་སྐུ་མགྲོན་གཙོ་བོ་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག་ནས་༼བོད་ཀྱི་སྐད་ཡིག་སྲུང་སྐྱོབས་བྱ་སྟངས་སྐོར་༽བཀའ་སློབ་གནང་སོང་ལ། ས་རཱ་མཐོ་སློབ་ཀྱི་སློབ་དཔོན་བསོད་ནམས་རྒྱལ་མཚན་མཆོག་གིས་༼བོད་ཀྱི་སྐད་ཡིག་གི་བརྡ་སྤྲོད་སྐོར་༽ དེ་བཞིན་ཤེས་རིག་ཟུང་དྲུང་ཀརྨ་སྨོན་ལམ་ལགས་ཀྱིས་༼བོད་ཕྱི་ནང་གི་མིང་ཚིག་གསར་བསྒྱུར་སྐོར་༽རིམ་བཞིན་བཀའ་སློབ་གནང་སོང༌།

དེ་ཡང་ཐོག་མར་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུངས་དོན།

སྐྱབས་ཡུལ་དགེ་འདུན་པ་རྣམ་པ། དེ་རིང་འདིར་གསུང་བཤད་གནང་མཁན་ཤེས་རིགས་ཟུང་དྲུང་ཀརྨ་སྨོན་ལམ་མཆོག་དང༌། ས་རཱ་མཐོ་སློབ་ཀྱི་སློབ་དཔོན་ཆེན་པོ་སྐུ་ཞབས་བསོད་རྣམས་རྒྱལ་མཚན་མཆོག དེ་བཞིན་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ་དང༌། བོད་ཀྱི་སྐད་ཡིག་གཅིག་གྱུར་ལས་འགུལ་ཚོགས་པ་གཉིས་ཀྱི་ཕྱག་ལས་གནང་མཁན་གྲོགས་པོ་རྣམ་པ་ཚོ་ཚང་མ་ལ། ད་རས་ཁྱེད་རང་ཚོ་ཚོགས་པ་གཉིས་ཀྱིས་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཡོང་བའི་ཆེད་དུ་དེ་རིང་འདིར་ལས་འགུལ་སྤེལ་གནང་བ་དང༌། ད་ལྟ་འདི་བགྲོ་གླེང་ཚོགས་གནང་བ་དེ་ལ་རྗེས་སུ་ཡིད་རང་ཞུ་བཞིན་ཡོད། བསྔགས་བརྗོད་ཞུ་བཞིན་ཡོད་ཧ་ཅང་གི་ཡག་པོ་རེད། ཚོགས་པ་འདི་གཉིས་ཀྱི་སྐོར་ལ་ངས་ཞིབ་ཚགས་པོས་ཤེས་ཀྱི་ཡོད་པ་མ་རེད། གཅིག་བྱས་ན་ཁྱེད་རང་ཚོས་སྔ་མོ་ནས་ཕྱག་ལས་གནང་ཡོད་པ་ཞིག་ཡིན་གྱི་རེད། དེ་ང་རང་ཚོ་བོད་པ་ཚང་མས་གནང་དགོས་པ་ཞིག་རེད། ངས་དེར་ཐུགས་འཁུར་བཞེས་པ་དེ་ཧ་ཅང་ཡག་པོ་ཞིག་རེད་ཅེས་ཞུ་རྒྱུ་ཡིན། ཐེངས་འདིར་ཁྱེད་རང་ཚོས་ཚོགས་འདུ་དང་ལས་འགུལ་འདིའི་མིང་ལ་༼རྒྱལ་སྤྱིའི་ཕལ་སྐད་དུས་ཆེན་གྱི་ཉིན་མོ་༽ཞེས་བྲིས་གནང་འདུག དེའི་དོན་དག་ཡག་པོ་ཞིག་གོ་ཚུད་མ་སོང༌། རྒྱལ་སྤྱིའི་ཕལ་སྐད་ཀྱི་ཉིན་མོ་ཟེར་བ་དེའི་ཕལ་སྐད་ཟེར་བྲིས་དགོས་དོན་ག་རེ་ཡིན་ན་བསམས་སོང༌། སྤྱིར་སྟངས་ང་ཚོའི་བོད་སྐད་ནང་ལ་བོད་སྐད་ཀྱི་རིག་པའི་གཞུང་ལུགས་མང་ཆེ་བ་ཞིག་ལེགས་སྦྱར་གྱི་སྐད་ལ་བརྟེན་ནས་ཡོང་བ་ཞིག་དང༌། ལེགས་སྦྱར་གྱི་སྐད་ནང་ལ་ཕལ་པའི་སྐད་ཟེར་བ་དང་དམ་པའི་སྐད་ཟེར་བ། ཡ་རབས་སྐྱེ་བོ་དམ་པའི་སྐད་ཟེར་བ་ཕལ་པའི་སྐད་ཟེར་བ་ཞིག་ཡོད་པ་རེད། ཐ་སྙད་དེ་དང་མཚུངས་པར་བྱེད་ནས་བོད་སྐད་ནང་ལ་ཁ་སྐད་དང་ཡིག་སྐད་ཟེར་བའི་སྦྱོར་ཚུལ་གཅིག་དང༌། ཕལ་སྐད་དང་ཆོས་ཚིག ཡང་ན་ཕལ་སྐད་དང་ཡིག་སྐད་ཟེར་བའི་སྦྱོར་ཚུལ་མི་འདྲ་བ་གཉིས་ཡོད་པ་རེད། དེར་བརྟེན་དེ་འདྲ་བའི་བསམ་ཚུལ་ཐོག་ནས་དེ་རིང་གི་ཉིན་མོ་འདིར་དམིགས་བསལ་ཆོས་ཚིག་དང་ཕལ་སྐད་གཉིས་ཀྱི་ནང་ནས་ཡང་ན། དམ་པའི་སྐད་དང་ཕལ་སྐད་གཉིས་ཀྱི་ནང་ནས་འདས་ཕྱིན་པའི་ཕལ་སྐད་ཀྱི་ཉིན་མོ་སྲུང་བརྩི་གནང་གི་ཡོད་པ་ཡིན་ན་དེ་ནི་གནས་ཚུལ་ལོག་ཀ་ཞིག་རེད། ད་ལྟ་རྒྱལ་ཚོགས་ཀྱི་ཡན་ལག་UNESCO གསལ་བསྒྲགས་བྱེད་ཡ་དེ་མ་སྐད་ཟེར་བ་དེ་རེད། ༡༩༩༩ ལོར་ཁོང་ཚོའི་ཚོགས་འདུ་ཞིག་གི་ནང་དེ་རིང་སང་ཉིན་མ་སྐད་མང་པོ་ཞིག་ཉམས་ཆགས་འགྲོ་བཞིན་འདུག དེའི་ཆེད་དུ་སྲུབ་སྐྱོབས་བྱེད་དགོས་རྒྱུ་དང་ UNESCO གིས་མཐུན་རྐྱེན་སྦྱོར་དགོས་པའི་སྐད་ཆ་ཞིག་ཡོད་པ་རེད། ༢༠༠༠ཐམ་པ་ལོར་ནས་སྤྱི་ཟླ་༢ཚེས་༢༨དེ་སྲུང་བརྩི་བྱེད་རྒྱུའི་འགོ་བཙུགས་པ་རེད། དེ་ལ་ཁོང་ཚོས་མ་སྐད་ཀྱི་ཉིན་མོ་ཞེས་ལབ་ཡོད་པ་རེད། ཡང་མིན་ན་ཨ་མ་སྤྱིའི་ཉིན་མོ་ཞེས་ཁོང་ཚོས་ལབ་སྟངས་མི་འདྲ་བ་གཉིས་རེད། ད་ལྟ་ང་ཚོ་བོད་པའི་ཕལ་སྐད་ཟེར་བ་དེ་དབྱིན་ཇིའི་སྐད་ལ་ཕར་བསྒྱུར་བ་ཡིན་ན། གཅིག་བྱས་ན་ colloquial ཟེར་བ་དེ་ཡིན་པའི་ཉེན་ཁ་ཡོད་པ་རེད་བསམས་ཀྱི་འདུག དེ་ཡིན་ན་དེ་ནས་ཚུར་ལེན་པ་ཡིན་ན་ཏག་ཏག་ཅིག་བསྡད་ཀྱི་ཡོད་པ་མ་རེད། དེ་འདྲ་ཞིག་ཞུ་རྒྱུའི་འདོད་པ་བྱུང་སོང༌། ཕལ་སྐད་དང་སྐད་མཐོ་པོ་ཟེར་བའི་སྐད་ཆ་ཞིག་སྔོན་མ་ཡིན་ན་དེ་འདྲའི་དགོངས་འཆར་གནང་མཁན་ཡོད་པ་རེད། ཤེས་རིགས་ཚོགས་ཆེན་ཐེངས་དང་པོ་ཚོགས་པའི་སྐབས་དེར་དེའི་ཐོག་ལ་བཀའ་སྡུར་མང་པོ་བྱུང་སོང༌། དེར་བཀའ་སྡུར་ཡོང་དགོས་པའི་རྒྱུ་མཚན་དེ་ག་རེ་རེད་ཟེར་ན་ང་ཚོ་བོད་པས་རྒྱུན་ལྡན་བཤད་པའི་སྐད་ཆ་དང༌། བརྡ་དག་དང་མཐུན་པ་བྱེད་ནས་ཡིག་གེ་ཐོག་ལ་བྲིས་པའི་ཡིག་སྐད་དེ་གཉིས་དབར་ཁྱད་པ་ཞིག་ཡོད་པ་རེད། དེར་ཁྱད་པ་ཡོད་པ་དེ་ཕྱོགས་གཅིག་ནས་དགེ་མཚན་ཡོད་ཟེར་གསུངས་མཁན་ཡོད་རེད། ཡང་ཕྱོགས་གཞན་པ་ཞིག་ནས་དེ་ནི་བོད་སྐད་ཀྱི་ཞན་ཆ་ཞིག་རེད། དེ་གཉིས་ཁྱད་པ་ཞིག་བཞག་རྒྱུ་ཡོད་པ་མ་རེད་དེ་འདྲ་གསུངས་མཁན་ཡང་ཡོད་པ་རེད། གཞན་པ་ཚོའི་སྐད་ལ་བལྟས་པ་ཡྀན་ནའང་ཁ་སྐད་དང་ཡིག་སྐད་གཅིག་པ་ཡིན་མཁན་སྐད་ཡིག་ཁ་ཤས་ཡོད་པ་རེད། ཡང་ཁ་སྐད་དང་ཡིག་སྐད་མི་འདྲ་བ་ཁྱད་པ་ཆེན་པོ་ཡོད་མཁན་སྐད་ཡིག་ཁ་ཤས་ཡོད་པ་རེད། ང་ཚོ་བོད་པའི་སྐད་ཀྱི་ནང་ལ་ཁ་སྐད་དང་ཡིག་སྐད་གཉིས་ཡོད་པ་དང༌། ཁ་སྐད་དེ་ལུང་ཚན་སོ་སོའི་ཐུན་མོང་མ་ཡིན་པའི་བེད་སྤྱོད་བྱེད་ཡ་གཅིག་དང༌། ཡིག་སྐད་དེ་བོད་རིགས་ཡོངས་རྫོགས་ཀྱི་རྒྱ་ཁྱབ་ཏུ་བེད་སྤྱོད་བྱེད་ཡ་གཅིག་ཡིན་པ་དང༌། དེ་ལ་ཁ་སྐད་དང་ཡིག་སྐད་ཁྱད་པ་ཡོད་པ་དེ་བོད་ཀྱི་སྐད་ཡིག་གི་ཕུན་སུམ་ཚོགས་པའི་ཡན་ལག་ཅིག་དང༌། སྐད་ཡིག་གི་ཡོན་ཏན་ཅིག བོད་སྐད་ཡིག་དེ་འཁྲུག་པོའི་ཆ་ཤས་ཅིག་ཡིན་པ་ལ་སྔོན་མ་མཁས་པ་ཚོས་ངོས་འཛིན་གནང་བ་རེད། ང་ཡང་དེ་འདྲའི་ངོས་འཛིན་བྱེད་མཁན་གྱི་གྲངས་ཅིག་ཡིན། སྟོད་མངའ་རིས་ནས་སྨད་མདོ་ཁམས་སྒང་དྲུག་ཨ་མདོ་དང་བཅས་པ་ག་པར་ཡིན་ནའང་ཡིག་ཐོག་ཏུ་བྲིས་ཡོད་པ་དེར་ཚང་མས་གཅིག་གྱུར་ལ་ཀློག་རྐྱང་དང་ལྟ་རྐྱང་ཐོག རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར་རིན་པོ་ཆེ་དེ་ཚོ་མངའ་རིའི་མིས་ཀློག་ནའང་འདྲ། ཨ་མདོའྀ་མིས་ཀློག་ནའང་འདྲ། དེ་བཞིན་དབུས་པ་མི་དང་ཁམས་པ་མི་སུས་ཀློག་པ་ཡིན་ནའང་གང་ལྟར་གོ་བ་ལེན་ཐུབ་ཀྱི་ཡོད་པ་རེད། དེ་འདྲ་ཡིན་དུས་ང་ཚོའི་རྒྱལ་ཁབ་དང་མི་རིགས་དེ་སྐད་གཅིག་དང་ཡི་གེ་གཅིག་གི་ནང་ལ་གནས་ཡ། ཡང་ལུང་ཚན་སོ་སོའི་ཁ་སྐད་དེ་ལོག་ཀ་ཡོད་པ་ཡིན་དུས། ལུང་ཚན་སོ་སོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཁ་གྲགས་དུས་ནས་ཨོ་ཁོང་ཏྲེ་ཧོར་ཁམས་པ་རེད་འདུག ཁོང་ཨ་མདོ་རྔ་པ་རེད་འདུག ཁོང་མི་ནག་རེད་འདུག ཁོང་སྟོད་པ་རེད་འདུག ཁོང་གཙང་པ་རེད་ཟེར་ནས་ལམ་སེང་ངོས་འཛིན་བྱེད་ཐུབ་ཡ་དེ་ང་ཚོའི་ཁ་སྐད་དེ་ཐ་དད་ཡོད་པ་དེའི་དབང་གིས་མི་རིགས་དང་རྒྱལ་ཁབ་གཅིག་ངོས་འཛིན་དང༌། ལུས་ཚན་སོ་སོར་ངོས་འཛིན་གྱིས་ཁྱད་ཆོས་གཉིས་ཀ་ཡོད་པ་ཡིན་ཙང༌། དེའི་སྐད་མེད་པ་བཟོ་དགོས་པ་ཞིག་དང་དེ་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ལ་གནོད་པ་ཞིག་ཡིན་པ་ལ་ངོས་འཛིན་བྱེད་ཀྱི་མེད། སྐད་ཆ་བཤད་དུས་སོ་སོ་ལུང་ཚན་གྱི་བཤད་སྟངས་ག་རེ་ཡིན་པ་དེ་བཤད་ན་འགྲིག་གི་ཡོད་པ་རེད། ཡིག་ཐོག་ཏུ་འབྲི་བའི་སྐབས་སུ་ཚང་མས་གཅིག་གྱུར་དུ་འབྲི་དགོས་པ་རེད། དེས་མི་རིགས་ཀྱི་སྐད་དང་མི་རིགས་ཀྱི་ཡི་གེ་དེ་གཅིག་གྱུར་གནས་ཐུབ་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་ཞིག་རེད། དེ་བརླག་པ་ཡིན་ན་བོད་རིགས་ཙམ་མ་ཡིན་པའི་འགྲོ་བ་མི་རིགས་སྤྱི་ཡོངས་ལ་དོགས་ཕོག་ཆེན་པོ་འགྲོ་རྒྱུ་ཞིག་དང༌། ལྷག་པར་དུ་སངས་རྒྱས་ཀྱི་བསྟན་པ་ཆ་ཚང་ཧ་ལམ་ཉམས་འགྲོ་རྒྱུ་ཞིག ད་ལྟ་སངས་རྒྱས་ཀྱི་ཐེགས་པ་གསུམ་དང་བརྒྱུད་སྡེ་བཞི་བསྡུས་པའི་མདོ་སྔག་ཟུང་འབྲེལ་གྱི་བསྟན་པ་ཟབ་ཅིང་རྒྱ་ཆེ་བ་དེ་བོད་སྐད་རྐྱང་རྐྱང་གི་ཐོག་ལ་གནས་ཡོད་པ་རེད་མ་གཏོགས། སྐད་ཡིག་གཞན་པ་གང་གི་ཐོག་ལའང་གནས་ཡོད་པ་མ་རེད། དེ་འདྲ་ཡིན་དུས་ནང་པའི་ཆོས་ལ་དོ་སྣང་བྱེད་མཁན་ཞིག་ཡིན་པ་ཡིན་ན། དེ་ལས་གཞན་པའི་ཐ་སྙད་ཀྱི་རིག་གནས་ནང་ལའང་སྨན་དང་རྩིས་བཟོའི་གནས་མང་པོ་ཞིག་བོད་སྐད་ནང་ལ་མ་གཏོགས་གཞན་སྐད་ཡིག་ནང་མེད་པ་དེ་འདྲ་རིག་པའི་གནས་དང་རིག་པའི་གཞུང་ལུགས་མང་པོ་ཞིག་ཡོད་པ་རེད། དེ་ཚོ་ཚང་མ་འགྲོ་བ་མི་རིགས་སྤྱི་ཡོངས་ལ་མཁོ་བའི་རིག་པའི་གཞུང་ལུགས་ཤིག་རེད། དེ་ཚོ་ཚང་མ་རྒྱུན་འཛིན་བྱེད་པ་ལ་བོད་ཀྱི་སྐད་ཡིག་རྒྱུན་གནས་ཐུབ་དགོས་པ་ཞིག་རེད་ཅེས་བཀའ་གནང་སོང༌།

མཇུག་མཐར་སྐད་ཡིག་སྲུང་སྐྱོབ་སྐོར་དོ་ནན་ཐོག་གསུངས་དོན།

མཐའ་སྡོམ་དེ་ངས་ག་རེ་ཞུ་དགོས་བསམ་བྱུང་ཟེར་ན། བོད་སྐད་ཡིག་དེ་སྲུང་སྐྱོབ་བྱེད་པར་གཞན་པའི་ཐབས་ལམ་གང་ཡང་ཡོད་པ་མ་རེད། བོད་སྐད་ཡིག་སྲུང་སྐྱོབ་བྱེད་རྒྱུ་དེ་བོད་པ་ཚོས་བོད་སྐད་ཤེས་པ་བྱེད་རྒྱུ་དེ་རང་རེད། བོད་པ་ཚོས་བོད་ཡིག་མུ་མཐུད་ནས་སྦྱང་སོ་སོའི་བུ་ཕྲུག་ཚོ་ལའང་བོད་ཡིག་སྦྱོང་དགོས་པའི་སློབ་སྟོན་བྱེད་ནས། ནམ་རྒྱུན་དུ་བོད་ཀྱི་སྐད་ཡིག་བདེ་སྤྱོད་གཏོང་བ་སོགས་བྱས་པ་ཡིན་ན། བོད་ཀྱི་སྐད་ཡིག་དེ་སྲུང་སྐྱོབ་བྱེད་ཐུབ་ཀྱི་རེད། གལ་སྲིད་བོད་ཀྱི་སྐད་ཡིག་དེ་བོད་པས་སྲུང་སྐྱོབ་མ་བྱས་པ་ཡིན་ནའང༌། བོད་ཀྱི་སྐད་ཡིག་དེ་རྒྱལ་སྤྱིའི་སྐད་ཡིག་ཏུ་ཆགས་ཟིན་པ་རེད། བོད་བརྒྱུད་ནང་བསྟན་དང་བོད་བརྒྱུད་རིག་གནས་ལ་དོ་སྣང་ཡོད་མཁན་གྱི་མགོ་སེར་པོ་ཚོས་སྲུང་སྐྱོབ་ཀྱང་བྱེད་ཀྱི་རེད། བོད་པའི་སྐད་བརླག་གི་རེད་བསམས་ཀྱི་མི་འདུག ཡིན་ན་ཡང་མ་འོངས་པར་བོད་པ་ཞིག་གིས་མགོ་སེར་པོ་གཅིག་གི་རྩར་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་པར་འགྲོ་དགོས་བྱུང་ན་དེ་ནི་ངོ་ཚ་པོ་ཞིག་རེད་བསམས་ཀྱི་འདུག དེ་ཚོའི་སྐོར་ལ་ཚང་མས་དགོངས་པ་ཅུང་ཙམ་བཞེས་རོགས་གནང་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ་ཞེས་བཀའ་གནས་སོང༌།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས། །

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
2 ༢༢༢༠༡༠༡༦༣༥
དག་ཆའི་ཕྱོགས་ལ་གཟབ་རོགས།
1 ༢༢༢༠༡༠༡༦༢༩
ཡག་མོ་འགི



བརྗོད་གཞི་གཞན་ཁག་ལ་གཟིགས།