རྒྱུན་ཆད་མེད་པའི་སྙིང་སྟོབས་ཀྱི་རྦ་རླབས་ཞེས་པའི་དཔེ་དེབ་དབུ་འབྱེད།
ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༢ཚེས་༡༩ཉིན། དེ་རིང་ཞོགས་པར་བཞུགས་སྒར་དྷ་རམ་ས་ལའི་བཙན་བྱོལ་བོད་གཞུང་གི་བསྟི་གནས་གངས་ཅན་སྐྱིད་གཤོངས་སྤྱི་ཐབ་ཀྱི་ཚོགས་ཁང་དུ་མདོ་ཁམས་ཏྲེ་ཧོང་སྤྱི་མགྲིན་ནས་རྒྱུན་ཆད་མེད་པའི་སྙིང་སྟོབས་ཀྱི་རྦ་རླབས་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་ཀྱི་མཛད་སྒོ་ཚོགས་སོང༌ལ། ལོ་རྒྱུས་རང་བཞིན་གྱི་དེབ་ཐེར་དེ་ནི་ཕྱི་ལོ་༢༠༠༨ཟླ་༣ཚེས་༡༠ནས་ཕྱི་ལོ་༢༠༠༩ཟླ་༦ཚེས་༡༡བར་མདོ་ཁམས་ཏྲེ་ཧོར་ཁུལ་དུ་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་ལ་ཞིའི་ངོ་རྒོལ་བྱས་པའི་བྱུང་རབས་སམ་དངོས་བྱུང་གི་ལོ་རྒྱུས་ཤིག་རེད།
སྐབས་དེར་སྐུ་མགྲོན་གཙོ་བོ་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག་དང༌། བོད་མི་མང་སྤྱི་འཐུས་ཀྱི་ཚོགས་གཙོ་གཞོན་རྣམ་པ་གཉིས། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་བཅས་ཕེབས་འདུག
ཐོག་མར་མདོ་ཁམས་ཏྲེ་ཧོང་སྐྱིད་སྡུག་གི་མགྲིན་ཚབ་པ་སྐུ་ཞབས་ཕུན་ཚོགས་ནོར་བུ་ལགས་ནས་ཚོགས་འདུའི་མཛད་རིམ་སྒྲོག་སྦྱོང་གནང་སོང་བ་དང༌། དགེ་ལུགས་སྤྱི་འཐུས་བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ་ལགས་ཀྱིས་དེབ་དེ་དང་འབྲེལ་བའི་གསུང་བཤད་གནང་སོང༌།
དེ་རྗེས་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་པ་མཆོག་ནས་དེབ་དེ་དང་འབྲེལ་བའི་བཀའ་སློབ་དང་གསུང་བཤད་གནང་དོན།
དེ་རིང་འདིར་ཚོགས་འདུར་ཕེབས་པའི་སྐྱབས་ཡུལ་དགེ་འདུན་པ་རྣམ་པ་དང༌། མཆོག་ཏུ་བཀུར་བར་འོས་པའི་དཔལ་ལྡན་བོད་མི་མང་ཚོགས་གཙོ་ཚོགས་གཞོན་དང་སྤྱི་འཐུས་ལས་ཟུར་རྣམ་པ། ཞི་རྒོལ་ཆེན་མོ་ཕྱག་དེབ་དང་འབྲེལ་བ་ཡོད་པའི་ཕྱག་ལས་གནང་མཁན་ཚོ་དང༌། དེ་བཞིན་མདོ་ཁམས་ཏྲེ་ཧོར་གྱི་ཁོངས་སུ་གཏོགས་པའི་ལས་ཚོགས་པ་རྣམ་པ་དང་སྐུ་མགྲོན་རྣམ་པ་ཚང་མ་ལ། ཐོག་མར་དེ་རིང་ཁྱེད་རང་ཚོས་མ་སྐུལ་དང་བླངས་ཀྱི་ཐོག་ནས་འབད་པ་ཆེན་པོས་བརྩམས་ནས། སྔ་ལོ་ལོ་གཉིས་ཀྱི་ནང་བོད་ནང་ལ་བྱུང་བའི་གནས་ཚུལ་གལ་ཆེན་མང་པོ་ཞིག་བྱུང་རབས་རིག་པ་དང་མཐུན་པའི་ཚད་ལྡན་གྱི་བདེན་རྟགས་ལྡན་པ་བྱེད་ནས་ཕྱག་དེབ་ཕྱོགས་སྒྲིག་གནང་བ་དེ་ལ་བཙན་བྱོལ་བོད་གཞུང་བཀའ་ཤག་གི་ངོས་ནས་དང༌། ང་རང་སྒེར་གྱི་ངོས་བཅས་ནས་ལེགས་གསོལ་བསྔགས་བརྗོད་ཡོད། ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
སྤྱིར་སྟངས་འགྲོ་བ་མིའི་གཤིས་ཀའི་ནང་ལ་ད་ལྟའི་བྱུང་རིམ་དེ་ཚོ་མ་འོངས་པར་བྱུང་རབས་ནང་དོན་སྙིང་ལྡན་པ་ཡིན་པའི་འདུ་གཤིས་དེ་འཁོར་ཁག་པོ་ཞིག་ཡོད་པ་རེད། དེ་རིང་སང་ཉིན་ཁ་སང་ང་རང་ཚོས་བྱེད་བཞིན་པའི་ལས་ཀ་དེ་ཚོ་ལོ་བརྒྱ་ཕྲག་ཁ་ཤས་ཀྱི་རྗེས་ནས་ཕྱིར་བལྟས་སློག་པའི་སྐབས་ལ། དངོས་གནས་བྱུང་རབས་ཀྱི་དོན་སྙིང་ལྡན་པའི་ཅིག་ཆགས་ཀྱི་རེད་བསམ་པའི་ཚོར་བ་དེ་ད་ལྟ་ང་ཚོར་བསྐྱེད་ཀྱི་ཡོད་པ་མ་རེད། ཕྱོགས་གཞན་ཞིག་ནས་ཉིན་རེ་ཉིན་རེར་བྱུང་བའི་རིམ་པ་དེ་ཚོ་དེབ་ཐེར་ནང་མ་འཁོད་པ་ཡིན་ན། དྲན་པའི་ཡུལ་ནས་ཡལ་འགྲོ་ཡི་རེད་བསམས་པའི་ཚོར་བ་དེ་ཕར་ཆེར་ཡོད་པ་མ་རེད། དེ་འདྲ་ཡིན་དུས་རིག་གནས་ཁག་གི་ནང་ལ་དུས་འབྱུང་རིག་པ་དེ་རིག་གནས་ཅུང་ཙམ་ཞན་ཆ་ཡོད་པ་ཞིག་ལ་ཆགས་འགྲོ་ཡི་ཡོད་པ་རེད། གང་ཡིན་ཟེར་ན། ལོ་མང་པོ་ཞིག་འདས་པའི་རྗེས་ལ་སྔོན་མ་ག་རེ་བྱུང་བ་རེད་ཞིབ་འཇུག་བྱེད་ནས་ཚོད་དཔག་བྱེད་རྒྱུ་ཞིག་མ་གཏོགས། བྱུང་བའི་ཉིན་མོ་དེ་དང་བྱུང་བའི་སྐབས་དེར་ཡིག་ཚགས་དེབ་ཐེར་བཀོད་ཐུག་རྒྱུར་ཧ་ཅང་གི་ཁག་པོ་ཡོད་པ་རེད། ཏཱ་རའི་ཎ་ཐའི་རྒྱ་གར་ཆོས་འབྱུང་གི་སྒྲ་སྦྱོར་ཅིག་གི་དངོས་སྦྱོར་ནང་ལ་ངས་བྲིས་མྱོངས། བྱུང་བ་རིག་པ་ཟེར་བ་དེ་གང་འདྲ་ཞིག་ཡོད་པ་རེད་ཟེར་ན། ལོ་བརྒྱ་ཕྲག་མང་པོའི་སྔོན་ལ་གངས་རིའི་ཐོག་ལ་མི་ཞིག་ཕྱིན་པའི་གོམ་རྗེས་དེ་ལོ་རེ་ལོ་རེ་གངས་གསར་པས་བཀབ་ཟིན་པ་དང༌། ཕྱོགས་ཀྱི་རླུང་བུས་གསུབ་ཟིན་པ་དེ་འདྲ་བ་ཞིག་བསྐྱར་དུ་བརྩལ་བའི་བཟོ་འདྲ་པོ་ཞིག་ཡོད་པ་རེད། དེ་འདྲ་ཡིན་དུས་གནས་ཚུལ་མང་པོ་ཞིག་ཚུལ་མཐོང་དང་རིགས་འབྲེལ་གྱི་རིག་པ་གཞན་ལ་བརྟེན་དགོས་རྒྱུ་དང༌། དེ་དང་ཕྱོགས་མཚུངས་པའི་ཡིག་ཆ་དང་དངོས་རྫས་རྙིང་པ་གཞན་དག་གི་རིག་པའི་ལམ་ནས་གཏན་ཚིགས་ཀྱི་ལམ་ནས་སྒྲུབ་རྒྱུ་མ་གཏོགས། དངོས་སུམ་དུ་མཐོང་བཞིན་པའི་སྐབས་སུ་དྲན་ཐོར་འགོད་པ་དང༌། ཡིག་ཆར་བཅུག་པ་དེ་འདྲ་དཀོན་པོ་རེད་ཅེས་བྲིས་མྱོངས། དེ་དངོས་ཡོད་ཀྱི་གནས་སྟངས་ཤིག་རེད། ལྷག་པར་དུ་ང་ཚོ་བོད་གངས་ཅན་པ་དེ་ཚོས་བོད་ཀྱི་གནས་བབ་ལ་བལྟས་པ་ཡིན་ན། ང་ཚོའི་བྱུང་བ་རིག་པའི་གཞུང་ལུགས་དེ་གཞུང་ལུགས་གཞན་པ་དང་སྡུར་བ་ཡིན་ན་ཧ་ཅང་གི་ཉུང་ཉུང་དང༌། ཡོད་པ་དེ་ཚོ་ཡང་བྱུང་བ་རིག་པའི་གཞུང་ལུགས་དང་མཐུན་པ་བྱེད་ནས་གཏན་ལ་ཕབས་པ་དེ་འདྲ་དཀོན་པོར་ཆགས་བསྡད་ཡོད་པ་རེད། ང་ཚོ་བོད་པར་དེ་སྔ་ཕན་ཆད་ལ་ཡོད་པའི་ཆོས་འབྱུང་ཟེར་བ་དང༌། ལོ་རྒྱུས་ཟེར་བ། རྒྱལ་རབས་ཟེར་བ། རྟོགས་བརྗོད་ཟེར་བ། སྐྱེས་རབས་ཟེར་བ་དེ་ཚོ་ཕལ་ཆེ་བ་ཚང་མ་བསྲེས་ནས་ཡོད་པ་རེད། ཅེས་དང༌།
ཡང་གང་ཉིད་ཀྱིས་ང་ཚོ་བོད་རང་ཉིད་ཀྱིས་བོད་པའི་བྱུང་རབས་ལོ་རྒྱུས་ངོས་འཛིན་སྟངས་དང༌། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ངོས་འཛིན་སྟངས། དེ་བཞིན་ནུབ་ཕྱོགས་པ་ཚོས་ངོས་འཛིན་སྟངས་བཅས་ཀྱི་བར་ཧེ་བག་ཧ་ཅང་ཆེན་པོ་ཡོང་བའི་རྒྱུ་མཚན་དེ། ང་རང་ཚོའི་དེ་བྱུང་རིག་པའི་ཐོག་ལ་ཞན་ཆ་ཡོད་པའི་དབང་གིས་བྱུང་བ་ཞིག་རེད། དེ་བཞིན་སྤྱི་ལོ་༡༩༥༡ནས་བཟུང་སྟེ་འདས་པའི་ལོ་ངོ་༦༠ལ་ཉེ་བའི་དུས་ཡུན་ཅིག་ལ་བོད་པའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་འཐབ་རྩོད་དང་སྤྱི་ཚོགས་ཀྱི་འཐབ་རྩོད། ཆོས་དང་རིག་གཞུང་གི་འཐབ་རྩོད་ཞིག་རྒྱ་ཆེ་བ་ཞིག་བྱུང་ཡོད་པ་རེད། དེ་ཚོ་ཡང་ཐོག་མར་འགོ་བརྩམས་པའི་སྐབས་དང་ལྔ་བཅུ་ང་གྲངས་དང་དྲུག་ཅུ་རེ་གྲངས་དེ་ཚོའི་སྐབས་སུ་བྱུང་བ་དེ་ཚོ་ད་ལྟ་ཕལ་ཆེར་ང་རང་ཚོའི་དྲན་ལམ་ནས་ཡལ་ཟིན་པ་དང༌། བསྐྱར་དུ་བརྩལ་ནས་ལྷུ་འགྲིག་པོ་ཞིག་དང་ཆ་ཚང་བ་ཞིག་སྒྲིག་ཐུབ་པའི་ཡིག་ཆ་རྒྱབ་ལྗོངས་ཧ་ཅང་གི་ཉུང་ཉུང་ཆགས་ཡོད་པ་རེད། དེ་འདྲ་ཡིན་དུས་གལ་གནད་ཆེ་བའི་གནད་དོན་འདི་ཚོ་རིགས་ཡིག་ཐོག་ཏུ་བཀོད་རྒྱུ་དེ་ཆོས་དང་ཆབ་སྲིད་གང་གི་ཆ་ནས་བྱེད་པ་ཡིན་ནའང་གལ་གནད་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་དེ་ད་ལྟ་ཕྱག་དེབ་རྩོམ་པ་པོས་འགྲེལ་བཤད་གནང་གསུངས་བ་ནང་བཞིན་རེད། དེ་འདྲ་གལ་ཆེན་པོའི་ལས་ཀ་དེ་དངོས་བྱུང་གི་གནས་ཚུལ་མ་ཡལ་བའི་སྔོན་ལ། དངོས་བྱུང་བའི་གནས་ཚུལ་དེ་མིག་གིས་མཐོང་མཁན་དང་ལག་པས་ཟིན་མཁན་གྱི་དཔང་པོ་ཡོད་བཞིན་པའི་སྐབས་སུ་ཡིག་ཐོག་ཏུ་བཀོད་ཐུབ་པ་ཡིན་ན། དེ་ནི་ཚད་དང་ལྡན་པའི་ལོ་རྒྱུས་ཀྱི་དེབ་ཅིག་ཆགས་ཀྱི་རེད་བཀའ་གནང་སོང༌།
མཇུག་མཐར་ཏྲེ་ཧོར་སྐྱིད་སྡུག་གི་མགྲིན་ཚབ་པ་དགེ་བཤེས་བསྟན་འཕེལ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་ཡང་གནང་སོང༌།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།