དྷ་སར་ལོ་གསར་ཚེས་གཅིག་ཉིན་གྱི་མཛད་སྒོ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༢ཚེས་༡༥ཉིན། ལོ་གསར་ཚེས་༡ཉིན་བཞུགས་སྒར་དྷ་རམ་ས་ལར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་སེར་སྐྱ་མང་ཚོགས་སྟོང་ཕྲག་མང་པོ་འདུ་འཛོམས་ཀྱིས་ཆོས་ཕྱོགས་དང་འབྲེལ་བའི་ལོ་གསར་པར་སྲུང་བརྩི་ཞིག་ཞུས་སོང༌།

གཞན་ཡང་བོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་ནས། བོད་རྩ་དོན་དང་འབྲེལ་བའི་ལས་འགུལ་འདྲ་མིན་ཞིག་སྤེལ་སོང༌། བོད་རང་དབང་སློབ་ཕྲུག་ཚོགས་པའི་ངོས་ནས་བོད་པའི་རྒྱལ་དར་གྲངས་༥༠༠ཙམ་རིན་མེད་འགྲེམས་སྤེལ་ཐོག་བོད་མི་རྣམས་ཀྱིས་ལོ་གསར་ཚེས་པ་གཅིག་ཉིན་མོར་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱེད་དགོས་པའི་འབོད་སྐུལ་ཞུས་སོང་ལ། དེ་དང་ཆབས་ཅིག་བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་སོགས་ཚོགས་སྡེ་ཁག་མང་པོ་ཞིག་མཉམ་ཞུགས་ཀྱིས་བོད་ཀྱི་དར་ཕྱར་ནས༼བོད་རྒྱལ་ལོ་༽བའི་འབོད་ཚིག་སྒྲོག་པ་སོགས་ཀྱིས་ལས་འགུལ་སྤེལ་སོང༌།

ཡང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་བོད་པའི་སྲོལ་རྒྱུན་གྱི་ལུགས་སྲོལ་ཏེ། ལོ་གསར་པའི་སྐབས་ཨ་རིའི་སྲིད་འཛིན་ཨོ་བྷ་མར་མཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བའི་ཤིས་ཚིག་གི་ཤོག་བྱང་ཐོག་ས་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་ཀྱང་སྤེལ་སོང༌།

དེ་རྗེས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བོད་རྒྱལ་ལོ་༢༡༣༧རབ་གནས་ལྕག་སྟག་དང་བོད་ཟླ་༡ཚེས་༡། ཕྱི་ལོ་༢༠༡༠ཟླ་༢པའི་ཚེས་༡༤བོད་ཀྱི་ལོ་གསར་ཚེས་པ་༡ཉིན། བོད་མི་གཞིས་བྱེས་ཡོངས་དང་ཧི་མ་ལའི་རི་རྒྱུད་ཀྱི་ཆོས་གྲོགས། དེ་བཞིན་སོག་པོ་ཕྱིན་ནང་ཚུན་པའི་བོད་པའི་ཆོས་དང་རིག་གཞུང་གཅིག་གྱུར་ཡིན་པའི་ཡུལ་གྲུ་ཁག་ལ་འཚམས་འདྲི་དང་བླ་དོར་གྱི་བཀའ་སློབ་བཀའ་དྲིན་བསྩལ་དོན།

གཙོ་བོ་བོད་གངས་ཅན་ལྗོངས་སུ་ཡོད་པའི་གཞི་ལུས་མི་མང་དང༌། ང་ཚོ་རང་དབང་ལུང་པའི་ནང་ཡོད་པའི་བཙན་བྱོལ་བ་བྱས་ནས་བསྡད་ཡོད་པའི་བོད་རིགས། དེ་བཞིན་དུ་ང་རང་ཚོ་བོད་གངས་ཅན་པ་དང་ཆོས་དང་རིག་གཞུང་གཅིག་གྱུར་ཡིན་པའི་དབུས་ཧི་མ་ལའི་རི་བརྒྱུད་ཀྱི་ཆོས་གྲོགས་སེར་སྐྱ་ཕོ་མོ་ཚོ་དང༌། སེར་པོ་ཧོར་གྱི་ཡུལ་ནས་བོད་ཀྱི་ཆོས་དང་རིག་གཞུང་གཅིག་གྱུར་ཡིན་པའི་སོག་པོ་ཕྱི་ནང་གི་ཚུན་པའི་ཡུལ་གྲུ་ཁག་གི་ཆོས་གྲོགས་སེར་སྐྱ་ཕོ་མོ་ཚང་མར་དེ་རིང་གི་གོ་སྐབས་འདི་བཟུང་ནས། ལོ་གསར་ལ་མཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

དེ་ནས་ང་རང་ཚོ་བོད་གངས་ཅན་ལྗོངས་གི་བོད་གཞི་ལུས་མི་མང་གི་གནས་སྟངས་དེ་ད་ལྟའི་ཆར་སྡུག་ངན་དྲན་གསོ་བྱེད་དགོས་པའི་དུས་ཚོད་ཅིག་ལ་ངོས་འཛིན་བྱེད་ནས། ལོ་གསར་ལ་དགའ་དགའ་སྐྱིད་སྐྱིད་ཀྱི་རྣམ་པ་ཞིག་མི་བྱེད་རྒྱུའི་བསམ་ཚུལ་ཞིག་ཐོན་བཞིན་ཡོད་པ་རེད། ང་ཚོའི་བོད་གཞུ་ལུས་རྒྱ་ཆེ་མི་མང་དེ་ང་ཚོའི་དོན་གྱི་བདག་པོ་དེ་རེད། ཕ་གི་ལ་དཀའ་ངལ་དངོས་སུ་འཕྲད་ནས། ལོ་དང་ལོ་གཏུན་ནས་འགལ་རྐྱེན་མང་པོ་ཞིག་གི་འོག་ནས་སྙིང་སྟོབས་དང་སེམས་ཤུགས་འགྱུར་བ་མེད་པ་བྱས་ནས་བསྡད་མཁན་ཚོས་སེམས་ཐག་དེ་འདྲ་ཅིག་བཅད་ཡོང་དུས། ང་ཚོ་འདིར་རང་དབང་ལུང་པའི་ནང་ཡོད་པ་ཚོས་སྤྱིར་སྟངས་ལོ་སར་སྐབས་དགའ་དགའ་སྐྱིད་ཀྱི་གཞས་ཞབས་བྲོ་རྒྱག་ཡ་དེ་འདྲ་ཅིག་ཡིན་རུང༌། འོན་ཀྱང་དེ་རིང་འདིར་ང་ཚོས་ཆོས་ཕྱོགས་ཀྱི་ཐོག་ནས་སྨོན་ལམ་རྒྱག་ཡ་དེ་འདྲ་ཅིག་མ་གཏོགས། དགའ་དགའ་སྐྱིད་སྐྱིད་ཀྱིས་གཞས་ཞབས་བྲོ་རྒྱག་ཡ་དེ་འདྲ་མི་བྱེད་ན་ཞེས་བཤད་འདོད་བྱུང༌། ང་ཚོ་རང་དབང་ལུང་པའི་ནང་ཡོད་པའི་མི་ཚོ་འཕྲལ་སེལ་ང་རང་ཚོ་རང་དབང་ནང་གནས་ཡོད་པ་རེད་དེ། རྩ་བའི་ང་རང་ཚོ་བོད་ནང་གི་གནས་སྟངས་དེ་ཐབས་སྐྱོ་པོ་ཞིག་ཆགས་བསྡད་ཡོད་པ་དེ་ཚང་མས་སེམས་ནང་བཅངས་ནས། གཙོ་ཆེ་ཤོས་དེ་བོད་ནང་ཡོད་པའི་མི་དེ་ཚོའི་ལྷག་བསམ་དང་སྙིང་སྟོབས་དེ་ཚོ་ཧ་ལས་པ་ཞིག་རེད་འདུག དེ་འདྲ་ཡིན་དུས་ང་རང་ཚོ་རང་དབང་ལུང་པའི་ནང་ཡོད་པའི་ཚོས་ཀྱང་ལྷག་བསམ་དང་སྙིང་སྟོབས་ཞུམ་པ་མེད་པ་ཞིག་བྱེད་རོགས་གྱིས་ཞུ་རྒྱུ་ཡིན།

བོད་ནང་ཡོད་པའི་གཞིས་ལུས་རྒྱ་ཆེ་མི་མང་ཡིན་ནའང་འདྲ། ང་རང་ཚོ་རང་དབང་ལུང་པའི་ནང་ཡོད་པ་དེ་ཚོ་ཡིན་ནའང་འདྲ། དེ་བཞིན་དུ་ཧི་མ་ལའི་རི་བརྒྱུད་དུ་ཡོད་པའི་ཆོས་གྲོགས་ཚོ་དང༌། སོག་པོ་ཕྱིན་ནང་གི་ཚུན་པའི་སེར་སྐྱ་ཕོ་མོ་ཚང་མ་ལ་རེ་འདུན་ཞུ་རྒྱུ་དེ། ང་རང་ཚོ་ཚང་མས་སློབ་སྦྱོང་གི་ཐོག་ལ་དོ་སྣང་ཆེན་པོ་བྱེད་ནས་འབད་བརྩོན་བྱེད་རོགས་གྱིས་ཅེས་ལབ་འདོད་བྱུང༌། ང་ཚོས་སྤྱི་ཡོངས་སློབ་སྦྱོང་བྱེད་པར་སྡེ་ཚན་འདྲ་པོ་དེ་གཅིག་ནི་དེང་དུས་ཀྱི་ཤེས་ཡོན་སློབ་སྦྱོང་ཐོག་ལ་ང་ཚོ་ཚང་མས་ཡིད་གཟབ་བྱེད་ནས་ག་ཚོད་ཐུབ་ཐུབ་ཀྱིས་དོ་སྣང་བྱེད་རྒྱུ་དང༌། སློབ་སྦྱོང་དེ་ཡང་སློབ་སྦྱོང་རང་རྐྱ་འཕེལ་བ་ཞིག་དང་རིགས་གཅིག་རྐང་འཛིན་བྱེད་ཐུབ་ཡ་སེམས་ཤུགས་བསྐྱེད་ནས་སྙིང་སྟོབས་བསྐྱེད་ནས་བྱེད་རོགས་གྱིས་ཟེར་དེ་གཅིག་དང༌། དེ་དང་ཆབས་ཅིག་ང་རང་ཚོའི་ཆོས་དང་རིག་གཞུང༌། གཙོ་བོ་སངས་རྒྱས་པའི་ཆོས་དང་འབྲེལ་བསྡད་པའི་དམིགས་བསལ་གྱིས་བསྟན་པ་ཡོངས་སུ་རྫོགས་པ་ཐེག་པ་ཆེན་པོ་སྔགས་དང་བཅས་དང༌། དེ་ཡང་བཤད་སྒྲུབ་ཟུང་དུ་འབྲེལ་བའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་གཙོ་བོད་རེད། ཆོས་རྒྱལ་བཀའ་དྲིན་ཅན་ཚོས་ལྷག་པར་མཁན་སློབ་ཆོས་གསུམ་གྱིས་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས། དེ་འདྲའི་བསྟན་པ་ཡོངས་སུ་རྫོགས་པ་བཤད་སྒྲུབ་ཟུང་འབྲེལ་གྱི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ཆ་ཚང་བ་ཞིག་ཡོད་པ་རེད། དེ་འདྲ་ཡིན་དུས་ང་རང་ཚོ་ཚང་མས་སློབ་སྦྱོང་བྱེད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད།

རྣམ་དཀར་དགེ་བ་སྒྲུབ་ཟེར་བ་ཞིག་མི་ཚང་མས་བཤད་བསྡད་བཞིན་ཡོད་པ་རེད་དེ། རྣམ་དཀར་དགེ་བ་བསྒྲུབ་པར་དགེ་བའི་ངོ་བོ་ག་རེ་ཡིན་པ་དང༌། དགེ་བ་དེ་བསྒྲུབ་པར་དམིགས་ཡུལ་ག་རེ་ཡིན། དམིགས་ཡུལ་དེ་སྒྲུབ་པར་ཀུན་སློང་ག་རེ་ཞིག་དགོས་ཀྱི་ཡོད་པ་རེད། དེ་ཚང་མ་རྒྱུ་དང་འབྲས་བུ་རྟེན་འབྲེལ་ཡིན་དུས་རྟེན་འབྲེལ་གྱི་རང་བཞིན་གང་འདྲ་ཞིག་ཡིན་མིན་ཡག་པོ་ཤེས་པའི་ཐོག་ནས་དགེ་བ་སྒྲུབ་པ་ཡིན་ན། དགེ་བ་དེ་ཡང་ཕུན་སུམ་ཚོགས་པ་ཞིག་ཡོང་གི་ཡོད་པ་རེད། དམིགས་ཡུལ་ཡང་མ་ཤེས་དགེ་བའི་ངོ་བོ་ག་རེ་ཡིན་པ་དེ་ཡང་མ་ཤེས། ཀུན་སློང་ག་རེ་ཞིག་དགོས་ཀྱི་ཡོད་པ་དེ་མ་ཤེས་པའི་ཐོག་ནས་ཕྱག་འཚལ་སྐོར་སོགས་བྱས་པ་ཡིན་ནའང་དེ་ཙམ་གྱིས་དགེ་བ་རླབས་ཆེན་པོ་ཞིག་ཡོང་ཐབས་ཡོད་པ་མ་རེད། ང་རང་ཚོ་ཚང་མས་དགེ་བ་སྒྲུབ་ཆོས་ཟེར་བ་ཞིག་ཟེར་གྱི་ཡོད་པ་རེད་དེ། ཆོས་དེ་གང་འདྲ་ཞིག་ཡིན་མིན་དེ་ཤེས་པར་བྱེད་ནས། དེ་འདྲ་ཡིན་དུས་ང་ཚོའི་ཆོས་དང་རིག་གཞུང་གཅིག་གྱུར་ཡིན་པའི་ཆོས་གྲོགས་ཚོར་འབོད་སྐུལ་བྱེད་འདོད་བྱང་སོང༌། ཚང་མས་སངས་རྒྱས་ཀྱིས་ཆོས་དང་རིག་གཞུང་ཐོག་ལ་དོ་སྣང་བྱེད་རོགས་གྱིས། དེ་ནང་ང་རང་ཚོ་བོད་ལ་སྔོན་མ་རྒྱ་གར་ནས་སྤྱིར་སྟངས་ཀྱི་ངོ་འཛིན་བྱེད་སྟངས་དེ་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ཟེར་གྱི་ཡོད་པ་རེད། སྙན་ངག་དང་སྡེབ་སྦྱོང་སྐར་རྩིས་དེ་ཚོའི་གྲས་དེ་རིག་གནས་ཆུང་བ་ཡིན་པ་རེད། རིག་གནས་ཆེ་བ་ནང་ལ་བཟོ་རིག་པ་དང༌། གསོ་བ་རིག་པ། ནང་དོན་རིག་པ། སྒྲ་རིག་པ་སོགས་ཟེར་གྱི་ཡོད་པ་རེད། དེའི་ནང་ལ་གཙོ་བོ་གཅིག་དེ་ནང་དོན་རིག་པ་རེད། ནང་དོན་རིག་པ་དང་ཚད་མ་རིག་པ་ལ་ཆགས་བཞག་པ་ཡིན་ན། ཧ་ལམ་འཛམ་བུ་གླིང་འདྀའི་ཁྱད་ནོར་ལྟ་བུ་ངོས་འཛིན་བྱེད་ཆོག་གི་རེད། ཡང་དགོས་ང་རང་ཚོར་ནང་དོན་རིག་པ་དེ་ཧ་ཅང་ཕྱུག་པོ་ཡོད་པ་རེད། རང་ཉིད་ཀྱི་འཛམ་བུ་གླིང་གི་གཅེས་ནོར་རེད་ཅེས་ཟེར་ཐུབ་པའི་ནང་དོན་རིག་པ་དེ་ང་རང་ཚོ་བོད་མི་སྒེར་པ་མི་རེ་ངོ་རེ་ནས་སློབ་སྦྱོང་བྱེད་ནས་ཤེས་པ་བྱུང་ན། ཤེས་ཡོན་ཟེར་བ་དེ་ཕྱི་ལ་སྟོན་རྒྱུ་ཞིག་མ་རེད། སོ་སོའི་གཤིས་རྒྱུད་ལ་འཚང་ཡ་དེ་སྦྱང་ནས་ཤེས་དགོས་པ་རེད། སློབ་ནས་ཤེས་དགོས་པ་རེད་མ་གཏོགས་སྨོན་ལམ་རྒྱག་ནས་ཤེས་རྒྱུ་ཡོད་པ་མ་རེད། དེ་འདྲ་ཡིན་དུས་ཚང་མས་ཤེས་ཡོན་ལ་དོ་སྣང་བྱེད་ནས། ཤེས་ཡོན་ལ་དེང་དུས་ཀྱི་ཤེས་ཡོན་དང་ང་རང་ཚོའི་གནའ་རབས་ཀྱི་ཤེས་ཡོན་དེ་ཚོར་རིག་གནས་ཆེ་ཆུང་བཅུ་ཡོད་པའི་ནང་ནས། གཙོ་ཆེ་ཤོས་དེ་ནང་དོན་རིག་པ་རེད། ནང་དོན་རིག་པའི་རྣམ་གཞག་ཡག་པོ་ཤེས་ཡ་དང༌། རྒྱུ་མཚན་གང་ལ་གང་གི་ཐོག་ནས་བློ་གཟུར་པོ་ཕྱིན་པའི་ཐོག་ནས། གནད་འགག་ཕྲ་མོ་ཚུན་ཆད་ཤེས་པར་བྱེད་པར་ཚད་མ་རིག་པར་སློབ་སྦྱོང་བྱེད་དགོས་པ་རེད། དེ་ཚོ་ཁྱེད་རང་ཚོ་ཚང་མས་སེམས་ལ་བཅངས་ནས། གཞི་ལུས་རྒྱ་ཆེ་མི་མང་གི་ཡིན་ནའང་རེད། དེ་བཞིན་དུ་ཧི་མ་ལའི་རི་བརྒྱུད་དང་སོག་པོ་ཕྱི་ནང་གི་ཚུན་པའི་བོད་དང་རིག་གཞུང་གཅིག་གྱུར་བྱས་ནས་བསྡད་པའི་ཚང་མ་ལ་འབོད་སྐུལ་ཞུ་འདོད་བྱུང་སོང༌། དེའི་སྒང་ལ་ང་ཚོ་བོད་པར་གྲོགས་པོ་མང་པོ་ཞིག་ཡོད་པ་རེད། ཆོས་ཕྱོགས་ནས་གྲོགས་པོ་མང་པོ་ཞིག་ཡོད་པ་རེད་ལ། བོད་པའི་བདེན་པའི་འཐབ་རྩོད་ལའང་དོ་སྣང་བྱེད་མཁན་གྱི་གྲོགས་པོ་མང་པོ་ཞིག་ཡོད་པ་རེད། དེ་ཚོ་ཚང་མ་ལ་དེ་རིང་གི་གོ་སྐབས་འདི་བཟུང་ནས་དམིགས་བསལ་འཚམས་འདྲི་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས་ཞེས་བཀའ་བསྩལ་སོང༌། 

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།