བོད་སྐད་གཙང་མ་བཤད་རྒྱུའི་ལས་འགུལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༢ཚེས་༡༢ཉིན། བཞུགས་སྒར་དྷ་རམ་ས་ལའི་ཉེ་འགྲམ་དུ་ཡོད་པའི་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཉམས་ཞིབ་སྡེ་ཚན་ནས། རྒྱུན་དུ་ཉམས་ཞིབ་པ་ཚོས་བོད་སྐད་གཙང་མ་ཤོད་རྒྱུའི་ལས་འགུལ་ཞིག་སྤེལ་འདུག ལས་འགུལ་དེ་ཡང་ཁ་ཙམ་མིན་པར་དོན་དངོས་ལག་བསྟར་ཐོག་ནས། གལ་སྲིད་སུ་ཞིག་གིས་རྒྱུན་དུ་སྐད་ཆའི་ནང་སྣང་མེད་དང་ཡང་ན་དགོས་པ་མེད་བཞིན་དུ་གཞན་གྱི་སྐད་ཡིག་བསྲེ་སླད་བྱས་ཚེ། དངུལ་སྒོ་ཆད་པ་གཅོད་རྒྱུའི་ཐག་གཅོད་བྱས་པ་ཞིག་རེད་འདུག

དེ་ཡང་ཁོང་ཚོས་འགྲེལ་བརྗོད་བྱས་པ་ལྟར་ན།
སྤྱིར་ང་ཚོ་བོད་པ་ཡིན་བཞིན་དུ་བོད་སྐད་གཙང་མ་བཤད་པར་ཕན་ཚུན་དྲན་སྐུལ་དང་སྒྲིག་འཛུགས་ཀྱི་འོག་ལས་འགུལ་སྤེལ་དགོས་བྱུང་བ་ནི་བློ་ཕམ་གྱི་གནས་སུ་མཆིས་ཀྱང༌། ད་ཆ་བོད་ཕྱི་ནང་གང་སར་མི་རིགས་གཞན་གྱི་སྐད་ཡིག་གིས་བཙན་འཛུལ་བྱེད་བཞིན་ཡོད་ལ། སོ་སོས་སྣང་མེད་ངང་གཞན་གྱི་སྐད་རིགས་རང་སྐད་ནང་བསྲེས་པས། བོད་རང་གི་སྐད་བརྡ་གཙང་མ་དག་ཀྱང་དམར་གསོད་གཏོང་བཞིན་ཡོད་པར་བརྟེན།

བོད་རྒྱལ་ལོ་ ༢༡༣༦ ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༡༨ རེས་གཟའ་པ་སངས་ཉིན་ནས་བཟུང་ངེད་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ཉམས་ཞིབ་སྡེ་ཚན་གྱི་ལས་བྱེད་རྨ་ཆུའི་མགོན་པོ་དོན་འགྲུབ་དང་འབྲོང་དར་རྒྱས། ཨ་འཇམ། རྭ་རྒྱ་འཕྲིན་ལས། ཆོས་རྫོང་བསྟན་པ། རྡོ་རྗེ་དབང་ཕྱུག ལེགས་བཤད། ཁ་སྒང་ཤེས་རབ་རྒྱ་མཚོ། ཤེས་རབ་བསྟན་འཛིན། མེ་འོད། སྦྱིན་པ་ལེགས་ཚོགས་བཅས་ཀྱིས་མ་བསྐུལ་དང་བླངས་སྒོས་བོད་སྐད་གཙང་མ་བཤད་རྒྱུའི་དམ་བཅའ་གཞིར་བཟུང་སྟེ། ལྕགས་སྟག་ལོའི་ལོ་གསར་ཚེས་ ༡ བར་ཟླ་གཉིས་ཙམ་རིང་བསྲེས་སྐད་གཅིག་བཤད་ཚེ་ཧིན་སྒོར་གཅིག་གིས་ཉེས་ཆད་གཅོད་རྒྱུའི་སྒྲིག་འཛུགས་ལག་བསྟར་བྱས་བ་བརྒྱུད་ད་ལྟའི་བར་ཧིན་སྒོར་ ༨༠༠ ཡས་མས་ཙམ་ལོང་བ་འདི་ནི་མེ་ཏོག་ཆུང་རུང་ལྷ་རྫས་ཞེས་པའི་དཔེ་བཞིན་སྐད་ཡིག་ཚགས་པར་ལ་ཞལ་འདེབས་སུ་འབུལ་རྒྱུ་དང༌། མ་འོངས་པར་ངེད་ཅག་གིས་ལོ་གསར་བའི་ནང་དུ་མུ་མཐུད་དེ་བོད་སྐད་གཙང་མ་བཤད་རྒྱུར་ཁས་ལེན་དང་དམ་བཅའ་བྱས་ཡོད་ལ། དེ་བཞིན་བོད་ཀྱི་རིག་གཞུང་དང་འབྲེལ་བའི་ཕ་སྐད་གཙང་མ་ནི་མི་རིགས་ཤིག་གི་སྲོག་རྩ་ཡིན་པས་ང་ཚོ་བོད་མི་རེ་རེས་རྐང་འགན་འཁུར་དགོས་པའི་དུས་ལ་བབ་ཡོད་པ་མ་ཟད། ལྕགས་སྟག་གི་དུས་ཚིགས་གསར་བ་འདི་ནས་འགོ་བཟུང་སྟེ་བོད་སྐད་གཙང་མ་བཤད་རྒྱུའི་གོམ་སྟབས་གསར་བའི་སྤོབས་པ་ཞིག་སྔར་ལས་གོང་འཕེལ་གཏོང་རྒྱུའི་འབོད་སྐུལ་ཞུ་རྒྱུ་དང། ངེད་ཅག་གི་ལས་དོན་འདིར་རྒྱབ་སྐྱོར་བླ་མེད་མཚོན་ཕྱིར་དང་བླང་གིས་ལས་འདིར་ཞུགས་མཁན་ཏིང་འཛིན་སྐྱིད་དང༌། རྨེ་བ་པདྨ་འཚོ། འཇམ་དབྱངས་སྦྱིན་པ་བཅས་ཡོད་ལ་ད་དུང་འདི་ལྟར་ལས་འགུལ་འདིར་ཞུགས་མཁན་ཡོད་ཚེ་ངེད་རྐང་འཛིན་པ་རྣམས་ཀྱིས་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།།
ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཉམས་ཞིབ་པ་རྭ་རྒྱ་འཕྲིན་ལས་ཀྱིས་མཁོ་སྤྲོད་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།