དྷ་རམ་ས་ལར་བོད་པའི་ཁ་ལག་བཟོ་སྟངས་འཛིན་གྲྭ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༢ཚེས་༡༠ཉིན། བཞུགས་སྒར་དྷ་རམ་ས་ལ་བདེ་དོན་ལས་ཁུངས་ཀྱི་འགྲམ་དུ་ཡོད་པའི་དམིགས་བསལ་ཕྱི་གླིང་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ལ། བོད་པའི་ཁ་ལག་རིགས་འདྲ་མིན་བཟོ་སྟངས་སློབ་ཁྲིད་བྱེད་མཁན་བློ་བཟང་ལགས་སུ། ཕྱི་གླིང་ཡུལ་སྐོར་བ་རྣམས་ལ་དམིགས་བསལ་བོད་པའི་ཁ་ལག་ག་རེ་དང་ག་རེ་བཟོ་སྟངས་སློབ་ཁྲིད་བྱེད་བཞིན་ཡོད་པའི་སྐོར་འདི་གའི་གསར་འགོད་པས་བཅར་འདྲི་བྱས་པ་ཞིག་ཡིན།
དྲི་བ། བོད་པའི་ཁ་ལག་བཟོ་སྟངས་ཀྱི་འཛིན་གྲྭ་འདི་ག་དུས་བཙུགས་པ་དང་འདིའི་མིང་འདྲ་ཡོད་པ་རེད་དམ།

དྲིས་ལན། བོད་པའི་ཁ་ལག་བཟོ་སྟངས་འདི་ཐོག་མར་སྤྱི་ལོ་༡༩༩༨ལོར་བཙུགས་པ་རེད། འཛིན་གྲྭ་འདི་བཙུགས་ནས་ད་བར་ཁྱོན་ལོ་༡༡ཙམ་ཕྱིན་འདུག འདིར་སྤོས་ནས་ལོ་༦ཙམ་འགྲོ་སོང༌། སྔོན་མ་ཁ་ལག་བཟོ་སྟངས་ཀྱི་འཛིན་གྲྭ་འདི་དགུ་བཅུ་གསུམ་གྱི་འགྲམ་དུ་ཡོད་པ་རེད། འཛིན་གྲྭ་འདིའི་མིང་ལ་དབྱིན་ཇིའི་ནང་(lhamo’s Kitchen)ལྷ་མོའི་ཐབ་ཚང་ཟེར་གྱི་ཡོད་པ་རེད།
དྲི་བ། བོད་པའི་ཁ་ལག་ནང་ནས་འཛིན་གྲྭ་གཙོ་བོ་ག་རེ་འཁྲིད་བཞིན་ཡོད་པ་རེད།

དྲིས་ལན། འཛིན་གྲྭ་གཙོ་བོ་མོག་མོག་དང༌། བག་ལེག ཐུག་པ། དེ་བཞིན་ཁམས་ཟས་བཟོ་སྟངས་སོགས་སློབ་འཁྲིད་བྱེད་ཀྱི་ཡོད་པ་རེད། དེ་ཚོའི་ནང་ལ་ཡང༌། མོག་མོག་ལ་སྔོ་ཚལ་མོག་མོག་དང་མོག་མོག་མངར་མོ། ཕྱུ་ར་མོག་མོག་སོགས་ཁྱོན་མོག་མོག་སྣ་ཁ་༤ཙམ་ཡོད་པ་རེད་ལ། བག་ལེག་བཟོ་སྟངས་ལ་མི་འདྲ་བ་ཁྱོན་སྣ་ཁ་༦ཙམ་ཡོད་པ་རེད།
དྲི་བ། ཉིན་རེ་འཛིན་གྲྭ་ཐེངས་ག་ཚོད་དང་འཛིན་གྲྭ་ཐེངས་རེ་མི་ག་ཚོད་ཙམ་ཡོང་གི་འདུག

དྲིས་ལན། ཉིན་རེ་འཛིན་གྲྭ་ཐེངས་གཉིས་རེ་ཡོད་པ་རེད། དེ་ཡང་སྔ་དྲོ་ཆུད་ཚོད་༡༠ནས་༡༢བར་དང༌། ཕྱི་དྲོ་ཆུ་ཚོད་༤ནས་༦བར་ཆུ་ཚོད་གཉིས་གཉིས་འཁྲིད་ཀྱི་ཡོད་པ་རེད། འཛིན་གྲྭ་ཁྲིད་དུས་མི་མང་ཉུང་དེ་གཏན་འཁེལ་ཙམ་ཡོད་པ་མ་རེད། དབྱར་ཁ་ཡིན་ན་འཛིན་གྲྭ་ཐེངས་རེ་མི་༡༠ལྷག་ཙམ་དེ་འདྲ་ཡོད་པ་རེད་ལ། དགུན་ཁ་དྷ་རམ་ས་ལ་ཕྱི་རྒྱལ་བ་ཡོང་མཁན་ཉུང་ཉུང་ཡིན་དུས་མི་༢དང་༣དེ་འདྲ་མ་གཏོགས་ཡོད་པ་མ་རེད།
དྲི་བ། འཛིན་གྲྭར་ཡོང་མཁན་མང་ཤོས་ག་པར་ནས་རེད་འདུག ད་དུང་བོད་པ་དང་རྒྱ་གར་བ་དེ་འདྲ་ཁ་ལག་བཟོ་སྟངས་སྦྱང་མཁན་དེ་འདྲ་ཡོང་གི་འདུག་གམ།

དྲིས་ལན། བོད་པའི་ཁ་ལག་བཟོ་སྟངས་སྦྱང་པར་ཡོང་མཁན་མང་ཤོས་དབྱི་སི་རལ་དང་ཨ་རི་བ་དེ་ཚོ་རེད་འདུག མ་ཚད་བོད་པའི་ཁ་ལག་བཟོ་སྟངས་སྦྱོང་མཁན་འཛམ་བུ་གླིང་གང་སར་ནས་ཡོང་གི་འདུག དེ་བཞིན་རྒྱ་གར་དང་བོད་པ་དེ་འདྲ་ཡང་སྦྱང་པར་ཡོང་མཁན་དེ་འདྲ་འདུག དཔེར་ན། དེ་སྔོན་བོད་ཕྲུག་ཁྱིམ་སྡེ་འཛིན་གྲྭ་༨དང་༡༡པའི་སློབ་ཕྲུག་མང་པོ་བོད་པའི་ཁ་ལག་བཟོ་སྟངས་སྦྱང་བར་སླེབས་བྱུང༌། དེ་བཞིན་དྷ་རམ་ས་ལ་གཡས་གཡོན་བོད་པའི་ཟ་ཁང་དང་མགྲོན་ཁང་བདག་པོ་དེ་ཚོ་ཡང་མཚམས་རེ་སྦྱང་བར་ཡོང་གི་འདུག དཔེར་ན། དེ་སྔོན་ཀུན་དགའ་མགྲོན་ཁང་གི་མ་བྱན་ཅིག་ང་ཉིན་གསུམ་ཙམ་སློབ་ཁྲིད་བྱས་པ་ཡིན།
དྲི་བ། འཛིན་གྲྭ་ཐེངས་རེ་འཁྲིད་པར་མི་རེ་གླ་ཆ་ག་ཚོད་ཙམ་ལེན་གྱི་ཡོད་པ་རེད།

དྲིས་ལན། འཛིན་གྲྭ་ཐེངས་རེ་འཁྲིད་པར་ད་ལྟ་ཡིན་ན། མི་རེར་ཧིན་སྒོར་༣༠༠ཙམ་ལེན་གྱི་ཡོད་པ་རེད།
དྲི་བ། འཛིན་གྲྭ་འཁྲིད་སྐབས་དམིགས་བསལ་དཀའ་ངལ་དེ་འདྲ་ཡོད་པ་རེད་དམ།

དྲིས་ལན། དམིགས་བསལ་དཀའ་ངལ་ཟེར་ན་མཚམས་རེ་ཕར་ཚུར་སྐད་མི་གོའི་དཀའ་ངལ་དེ་འདྲ་ཡོད་པ་རེད། དཔེར་ན། དབྱི་སི་རལ་དང་ཉི་ཧོང་གི་མི་དེ་ཚོ་ཡིན་ན་སྐད་གོ་བར་ཧ་ཅང་ཁག་པོ་འདུག མཚམས་རེ་སྐད་མི་གོ་དུས་ལག་པས་བརྡ་སྟོན་ནས་སློབ་ཁྲིད་བྱེད་ཀྱི་ཡོད།
དྲི་བ། གཞན་ཚོགས་པ་སོགས་ཡིན་ན་རྒྱ་གར་གཞུང་ལ་དེབ་སྐྱེལ་དེ་འདྲ་བྱེད་དགོས་ཀྱི་འདུག ཁྱེད་ཀྱིས་ཀྱང་དེ་འདྲ་བྱེད་དགོས་པ་རེད་དམ།

དྲིས་ལན། དེབ་སྐྱེལ་ཟེར་ན་འདྲ་སྔོན་མ་ནས་རྒྱ་གར་ས་གནས་ཉེན་རྟོག་ལས་ཁུང་ནས་ཆོག་མཆན་དེ་འདྲ་ལེན་པ་ཡིན། གལ་སྲིད་ཆོག་མཆན་དེ་འདྲ་མ་ལེན་ན་ཉེན་རྟོག་པའི་རྙོག་དྲ་བཤད་ཀྱི་རེད། འོན་ཀྱང་ཉེན་རྟོག་པའི་ས་ནས་ཆོག་མཆན་དེ་འདྲ་ལེན་ཚར་དུས་ད་ལྟ་སྐད་ཆ་འདྲི་མཁན་སོགས་དེ་འདྲ་གང་ཡང་ཡོད་པ་མ་རེད།
དྲི་བ། ཚོད་དཔག་བྱས་པ་ཡིན་ན་ལོ་རེ་ཁྱོན་མི་ག་ཚོད་ཙམ་བོད་པའི་ཁ་ལག་བཟོ་སྟངས་སྦྱང་པར་ཡོང་གི་ཡོད་པ་རེད།

དྲིས་ལན། ཚོད་དཔག་བྱས་པ་ཡིན་ན། ལོ་རེ་ཁྱོན་མི་གྲངས་༢༠༠༠ཙམ་དེ་འདྲ་ཆགས་ཀྱི་ཡོད་པ་རེད།
དྲི་བ། མཚམས་རེ་བོད་པའི་ཁ་ལག་སྦྱང་བར་མི་སྐད་གྲགས་ཅན་དེ་འདྲ་ཡོང་མཁན་འདུག་གམ།

དྲིས་ལན། ཧཧཧ་འདུག མཚམས་རེ་མི་སྐད་གྲགས་ཅན་དེ་འདྲ་ཡོང་གི་འདུག དཔེར་ན། ཨ་རིའི་དེང་གཞས་རུ་ཁག་Backstreet Boys ཟེར་བའི་ཚོགས་པའི་དེའི་ནང་མི་༣དྷ་རམ་ས་ལ་སླེབས་ནས། བོད་པའི་ཁ་ལག་བཟོ་སྟངས་ཀྱང་སྦྱང་བར་ཡང་སླེབས་སོང༌།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།